༄༅།།བོད་ཀྱི་བཀའ་འགྱུར་བྲིས་མ་དང་པར་མ་དག་གི་འཕེལ་རིམ་ལ་དཔྱད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 06-18




སྐལ་ལྡན་དོན་གྲུབ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་གི2013ལོའི་ཆོས་ལུགས་རིག་པའི་ཞིབ་འཇུག་སློབ་མ།
   [གནད་བཏུས] བོད་དུ་ནང་བའི་བསྟན་པ་དར་བ་ནས་བཟུང་། བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་སུ་བཀའ་འགྱུར་གྱི་པར་མ་མང་དུ་བྱུང་ནའང་། ཇི་ལྟར་བྱུང་བའི་ལོ་རྒྱུས་དང་མ་ཕྱི་གང་ལ་བརྟེན་པ་སོགས་ལ་ཞིབ་ཏུ་དཔྱད་པ་མ་མཐོང་བས། འདིར་མ་ཕྱི་དེ་དག་ཇི་ལྟར་བྱུང་ཚུལ་དང་། མ་ཕྱི་གང་ལ་ཁུངས་བཅོལ་བ་སོགས་ལ་དཔྱད་པ་མདོར་བསྡུས་ཤིག་བཏང་ཡོད།
   [གནད་ཚིག] བཀའ་འགྱུར། པར་གཞི། འཕེལ་རིམ།
   དང་པོ། བསྟན་པ་སྔ་དར་གྱི་མ་ཕྱི།
   ༡.འབྲུག་གི་ལོ(༨༢༤)ལ་ཕོ་བྲང་ལྡན་དཀར་དུ་ཕྱོགས་བསྒྲིགས་གནང་བའི་བཀའ་འགྱུར་བྲིས་མ།
   སྤྱི་ལོ༧༧༩—༨༢༤ལོའི་བར་དུ་བསྒྱུར་བ་རྣམས་ཕྱོགས་བསྒྲིགས་མཛད་པ་ཞིག་གོ ། དཀར་ཆག་ལྡན་དཀར་མའི་དབུར། བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་ནས། འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན། སྒྲ་བསྒྱུར་གྱི་བན་དེ་དཔལ་བརྩེགས་དང་བན་དེ་ཀླུའི་དབང་བོ་ལ་སོགས་པས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་མདོ་སྡེ། གཟུངས་ཆེ་ཕྲ་དང་། མཚན་བརྒྱ་རྩ་བརྒྱད་དང་། བསྟོད་པ་དང་། སྨོན་ལམ་དང་། བཀྲ་ཤིས་དང་། འདུལ་བའི་སྡེ་སྣོད་དང་། མདོ་སྡེའི་ཊཱི་ཀ་དང་། དབུ་མའི་བསྟན་བཅོས་དང་། བསམ་གཏན་གྱི་ཡི་གེ་དང་། རྣམ་པར་ཤེས་པའི་བསྟན་བཅོས་དང་། ཏར་ཀའི་གཞུང་ལ་སོགས་པའི་བོད་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤོ་ལོ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་ཡི་གེར་བྲིས་པ་ཞེས་གསུངས། གོང་གསལ་དེར་ལོ་ཚིགས་བཀོད་མེད་པས་བཙན་པོ་གང་གི་སྐབས་ཡིན་མིན་ལ་བཞེད་པ་མི་མཐུན་པ་དུ་མ་མཆིས། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་ལས། ཁྲི་གཙུག་ལྡེ་བཙན་མངའ་བདག་རལ་པ་ཅན་གྱི་སྐུ་རིང་ལ་རྒྱ་གར་ཉི་འོག་གི་མཁན་པོ་ཨཙརྱ། ཁ་ཆེའི་པཎྜིཏ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་ངྷི་དང་། བརྱ་ཀ་ར་པྲ་བྷ་དེ་དང་། ངྷ་ན་ཤ་ལ་དང་བཞི་སྤྱན་དྲངས་ཏེ་གཏན་ལ་ཕབ་ནས་སྔར་གྱི་བསྒྱུར་བ་རྣམས་ནི་མི་ཉམས་པར་བྱ་བ་དང་། ཕྱིས་འགྱུར་སློབ་པ་རྣམས་ལ་ཕན་པའི་ཡན་ལག་ཏུ། རྟ་ཆེ་ཆུང་དང་། བཀས་བཅད་དང་། དཀར་ཆག་གི་ཡི་གེ་གསུམ་ཡང་མཛད་དོ①ཞེས་ཁྲི་གཙུག་ལྡེ་བཙན་སྐབས་བྱུང་བར་བཤད་པ་དང་། བུ་སྟོན་ཆོས་འབྱུང་ལས། ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་འཆད་སྐབས། འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན། སྒྲ་བསྒྱུར་གྱི་བནྔྷེ་དཔལ་བརྩེགས་དང་། བནྔྷེ་ཀླུའི་དབང་བོ་ལ་སོགས་པས་བོད་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤོ་ལོ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་དཀར་ཆག་ཏུ་བྲིས་སོ②ཞེས་ཁྲི་སྲོང་ལྡེ་བཙན་སྐབས་བྱུང་བར་བཤད་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ། བཙན་པོ་ཁྲི་རལ་བ་ཅན་གྱི་ལོ་རྒྱུས་འཆད་སྐབས། ལོ་པཎ་དེ་རྣམས་དང་ཁྱད་པར་དྲིན་ཅན་གྱི་ལོ་པཎ་གསུམ་ཞེས་གྲགས་པ་ཛི་ན་མི་ཏྲ་དང་། ངྷ་ན་ཤྲི་ལ་དང་། ཞང་ཡེ་ཤེས་སྡེ་གསུམ་གྱིས་སྔར་བསྒྱུར་བ་ཐམས་ཅད་དག་པར་བྱས་ཤིང་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གནའི་བརྡ་གོ་དཀའ་བ་རྣམས་དོར་ནས་ཡུལ་དུས་དང་མཐུན་པའི་གོ་སླ་ཞིང་འདོན་བདེ་བར་བྱས། ཡི་གེ་ཉུང་བའི་ཆེད་དུ་ད་དྲག་རྐྱང་བའི་འ་བརྟེན་སོགས་དོར་ཏེ་གཞུང་ཚད་རྣམས་ཀྱང་བམ་གྲངས་སོགས་ངེས་པར་དཀར་ཆག་ཏུ་བསྣན་ཏེ་སྤྱིར་ཁྲི་སྲོང་གི་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང་། ཕྱིས་མཆིམས་ཕུ་མ་དང་འཕང་ཐང་མ་སྟེ་གསུམ་བྱུང་ལ་དཀོར་མཛོད་དུ་བཀའ་གཙིགས་ཀྱི་ཟླ་ལ་གཅེས་སྤྲས་སུ་འཇོག་གོ③ཞེས་གསུངས། གོང་གསལ་གྱི་ཆོས་འབྱུང་དེ་དག་ལས་བུ་སྟོན་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་ཁྲི་སྲོང་གི་སྐབས་སུ་བྱུང་བར་བཞེད་པ་དང་། ཉང་ཉི་མ་འོད་ཟེར་སོགས་ཀྱིས་མངའ་བདག་ཁྲི་རལ་བ་ཅན་གྱི་སྐུ་རིང་ལ་བྱུང་བར་བཞེད། ཁོ་བོས་ནི་དཀར་ཆག་ལྡན་དཀར་མ་དེ་ཉིད་བུ་སྟོན་དང་དཔའ་བོ་གཙུག་ལག་ཕྲེང་བའི་རྗེས་སུ་འབྲངས་ཏེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་སྟེ་འབྲུག་ལོ་ལ་བྱུང་བར་འདོད།
   ༢.བསམ་ཡས་མཆིམས་ཕུར་ཕྱོགས་བསྒྲིགས་གནང་བའི་བཀའ་འགྱུར་བྲིས་མ།
    བཀའ་ཐང་སྡེ་ལྔ་ལས། རྒྱལ་བོ་ཁྲི་ལྡེ་གཙུག་མེས་ཨག་ཚོམ་སྐུ་རིང་ལ། ཕོ་བྲང་སྐུ་མཁར་བསམ་ཡས་མཆིམས་ཕུར་བརྩིགས་ཞེས་གསུངས་པས་ཕོ་བྲང་དེ་ཉིད་ཁྲི་གཙུག་ལྡེ་བཙན་གྱི་སྐུ་རིང་ལ་བཞེངས་པ་ཡིན་པ་རྟོགས་ཐུབ། བུ་སྟོན་ཆོས་འབྱུང་དུ། དཀར་ཆག་གི་མཇུག་བྱང་དུ། དེ་ལྟར་མདོ་སྡེ་དང་། རྒྱུད་སྡེ། དེ་དག་གི་དགོངས་འགྲེལ་རྒྱ་གར་དང་། ཁ་ཆེ་དང་། གསེར་གླིང་དང་། སིངྒ་གླིང་དང་། ཨུ་རྒྱན་དང་། ཟ་ཧོར་དང་། བལ་བོ་དང་། ལི་དང་། རྒྱ་དང་། བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་མཛད་པ་དང་བསྒྱུར་བའི་རྣམ་གྲངས་རྣམས། ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་དཀར་ཆག་དང་། དེའི་རྗེས་ཀྱི་བསམ་ཡས་མཆིམས་ཕུའི་དཀར་ཆག་དང་།དེའི་རྗེས་ཀྱི་འཕང་ཐང་ཀ་མེད་ཀྱི་དཀར་ཆག་དང་། ཕྱིས་སྣར་ཐང་གི་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་དང་། ཀླུ་མེས་ལ་སོགས་པའི་མདོ་རྒྱུད་ཀྱི་རྣམ་དབྱེ་དང་ཁྲིགས་ཀྱི་དཀར་ཆག་ལ་སོགས་གཞིར་བྱས་ནས། དེའི་སྟེང་དུ་ཕྱིས་འགྱུར་བ་དང་། དགོན་པ་སོ་སོའི་དཔེ་ཅི་རིགས་མཐོང་བའི་ནང་ནས་མ་ཆུད་པ་ཇི་སྙེད་དང་། ཚད་མར་གྱུར་པའི་ངག་ལས་ཐོས་པ་རྣམས་བསྣན་ནས་དཀར་ཆག་ཏུ་བྲིས་པའོ④ཞེས་གསུངས་པ་ལྟར་ན། བུ་སྟོན་རིན་པོ་ཆེས་གནའ་བོའི་དཀར་ཆག་གསུམ་དངོས་སུ་གཟིགས་མྱོང་བ་དང་། མཆིམས་ཕུ་མ་ནི་ལྡན་དཀར་མའི་ཕྱིས་སུ་བསྒྲིགས་པ་རྗེས་སུ་དཔོག་པར་ནུས་སོ། །
   ༣.འཕང་ཐང་ཀ་མེད་དུ་ཕྱོགས་བསྒྲིགས་གནང་བའི་བཀའ་འགྱུར་བྲིས་མ།
   སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ། ལོ་ཙཱ་པ་བནྡེ་དཔལ་བརྩེགས་དང་ཆོས་ཀྱི་སྙིང་བོ། དེ་ཝེནྡྲ། དཔལ་གྱི་ལྷུན་པོ་སོགས། སི་ཏུ་པཎ་ཆེན་གྱིས་དཀར་ཆག་ཐོག་མ་འདི་ཡིན་པར་བཀའ་འགྱུར་དཀར་ཆག་ཏུ་བཞེད། དེའི་རྗེས་སུ་འབྲངས་ཏེ། བཙུན་པ་ཚུལ་ཁྲིམས་རིན་ཆེན་དང་དུང་དཀར་རིན་པོ་ཆེས་ཀྱང་དེ་ལྟར་དུ་བཞེད།
   སྤྱི་ལོ༢༠༠༣ལོར་བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་ནས་དཀར་ཆག་དེ་ཉིད་དངོས་སུ་དཔར་སྐྲུན་བྱས་པས། དཀར་ཆག་འཕང་ཐང་མའི་མཇུག་བྱང་དུ། ལོ་པཎ་དེ་རྣམས་ནི་ཤོག་དྲིལ་ཆེན་པོའི་སྨད་ན་སྐུ་གཟུགས་བྲིས་པ་རྣམས་ཀྱི་ཁ་ཡིག་ཡིན། སྐུ་དེ་རྣམས་ལའང་བཙན་པོའི་སྐུ་ལྔ། ཁ་ཡིག་མེད་པའི་སྐུ་གཅིག་མ་གཏོགས་པ་རྣམས་རབ་ཏུ་བྱུང་བའི་སྐུ་གཟུགས་སུ་སྣང་། དཀར་ཆག་འདི་ནི་སྔོན་གྱི་ཤོག་དྲིལ་ཆེན་པོ་ན་འདུག་པ་ཇི་ལྟ་བ་བཞིན་དུ་བྲིས་པས་ཤིན་ཏུ་ཡིད་ཆེས་པ་ལགས་སོ⑤ཞེས་བྱུང་བས་དཔེ་རྙིང་ཤིན་ཏུ་དག་པར་སེམས།
   གཉིས་པ། བསྟན་པ་ཕྱི་དར་གྱི་མ་ཕྱི།
   ༡.སྣར་ཐང་བྲིས་མའི་མ་ཕྱི།
   སྤྱི་ལོ༡༡༥༣ལོར་ཤ་ར་བའི་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་པས་བཏབ་པའི་སྣར་ཐང་གི་མཁས་པ་ཆེན་པོ་བླ་མ་སྐྱོ་སྟོན་གྱི་དུས་སུ། བཅོམ་ལྡན་རིགས་རལ་སྣར་ཐང་དུ་ཕེབས། དེ་དུས། སྣར་ཐང་གི་ཐེམ་པ་ལ་ཞབས་བཞག་པ་དབུ་ལ་ཉི་མ་ཤར་བ། སྣར་ཐང་གི་ཚོགས་དུང་འབུད་པ་རྣམས་དུས་མཚུངས་སུ་བྱུང་བས། རྟེན་འབྲེལ་བཟང་བར་གོ སྐྱོ་སྟོན་པས་བཅོམ་ལྡན་རིགས་རལ་ལ། ཁྱེད་ཀྱི་མཛེ་ནད་འདི་ལ་སྟུགས་པོ་མི་དགོས། ཁྱེད་རང་རྣམ་ངེས་ཀྱི་གཞུང་དེ་གྲོག་སུལ་ཕ་གིར་སྐྱོངས་དང་གསུངས་པས། སྣར་ཐང་གི་ཕྱིའི་གྲོག་ཕུག་ཅིག་ཏུ་རྣམ་ངེས་ཚར་སྟོང་བཤད། དེས་མཛེ་ཡུལ་བུད། དེ་ནས་སྣར་ཐང་གི་ཆོས་གྲྭར་བཞུགས། མི་གཡོ་བའི་བསྙེན་པ་དུང་ཕྱུར་བཅུ་གསུམ་དུ་བསྐྱལ་བས་ཤེས་རབ་ཀྱི་ནམ་ལངས། སློབ་མ་མཁས་པ་མང་དུ་བྱུང་བས། དེ་ལས་མཁས་པ་ཆེན་པོ་འཇམ་པའི་དབྱངས་ཀྱིས་ཆོས་བར་འདྲེ་རྫུ་བྱས་ནས་སློབ་དཔོན་ལ་བསྡིགས་བསྐུར་བས། ཤིན་ཏུ་བཀའ་བཀྱོན་ནས་དྲུང་དུ་འདུག་དབང་མ་བྱུང་བས་ས་སྐྱར་བཞུགས། ཧོར་གྱིས་གདན་དྲངས་ནས་རྒྱལ་པོས་མཆོད་གནས་མཛད། གསེར་ཡིག་པ་རྣམས་ལ་འབུལ་བ་ཅི་ཐེངས་བྱས་ཀྱང་མཉེས་པ་ཙམ་ཡང་མ་བྱུང་། མཐར་སྣག་ཚ་སྒམ་ཆུང་གང་བསྐུར་བས་ཤིན་ཏུ་མཉེས།
   ༢.ཚལ་བ་བཀའ་འགྱུར།
   སྤྱི་ལོ༡༣༢༣ལོ་ནས་ཚལ་བ་ཀུན་དགའ་རྡོ་རྗེས་བོད་ཀྱི་སྲིད་དབང་བཟུང་ཞིང་། དེའི་རིང་སྣར་ཐང་གི་བཀའ་འགྱུར་ལ་མ་ཕྱི་གཙོ་བོར་བྱས་ཏེ་གསེར་དངུལ་འདྲེས་མའི་བཀའ་འགྱུར་ཆ་ཚང་བཞེངས་སྐབས་བུ་སྟོན་རིན་པོ་ཆེ་ཞུས་ཆེན་པར་གདན་དྲངས། ཚལ་གུང་ཐང་དུ་བཞུགས་སུ་གསོལ། དཀར་ཆག་དེབ་ཐེར་དཀར་བོ་གྲགས་པའང་ཚལ་བ་ཀུན་དགའ་རྡོ་རྗེས་མཛད་པར་གྲགས།
   ༣.འཕྱོངས་རྒྱས་བཀའ་འགྱུར།
   ཕྱིས་སུ་ཚལ་བ་བཀའ་འགྱུར་འདི་ལ། གཞོན་ནུ་ཤཱཀྱ་རྒྱལ་མཚན་དང་འགོས་ལོ་གཞོན་ནུ་དཔལ། (༡༣༩༢-༡༤༨༢) ཞྭ་དམར་བཞི་བ་སྤྱན་སྔ་ཆོས་ཀྱི་གྲགས་པ།(༡༤༥༣-༡༥༢༤) ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ།(༡༤༥༤-༡༥༠༦) ཀརྨ་མི་བསྐྱོད་རྡོ་རྗེ(༡༥༠༧-༡༥༥༤)སོགས་མཁས་པ་མང་པོས་ཞུས་དག་དང་། མཆན་བུ་བཏབ་པ་ལྷོ་ཁ་འཕྱོངས་རྒྱས་ཕྱིང་དབར་སྟག་རྩེའི་ཕོ་བྲང་དུ་བཞུགས་སུ་གསོལ།
   ༤.ལི་ཐང་བཀའ་འགྱུར་པར་མ།
   བོད་ཡུལ་དུ་བཀའ་འགྱུར་ཆ་ཚང་པར་དུ་བསྐྲུན་པའི་ཐོག་མ་ནི། ཞྭ་དམར་སྐུ་ཕྲེང་དྲུག་པ་ཆོས་ཀྱི་དབང་ཕྱུག་ཙ་རི་མཚོ་དཀར་དུ་བཞུགས་སྐབས། འཇང་བསོད་ནམས་རབ་བརྟན་གྱིས་བཀའ་འགྱུར་ཆ་ཚང་པར་སྐྲུན་གནང་རྒྱུའི་ཕྱི་མོར་ཚལ་བ་བཀའ་འགྱུར་གཡར་པོ་ཞུས་ཏེ། སྤྱི་ལོ༡༦༠༨ལོ་ནས་དབུ་ཚུགས་ཏེ༡༦༢༡ལོར་པོད་བརྒྱ་དང་བརྒྱད་མཇུག་ཡོངས་སུ་གྲིལ། སོག་པོ་གུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་གྱི་སྲས་བགྲེས་པ་ཚེ་རིང་ཡེལ་དུ་ཆིའི་སྲས་མཁའ་འགྲོ་བློ་བཟང་བསྟན་སྐྱོང་ཞེས་པ་དེས་བོད་སོག་དམག་དཔུང་སྣེ་འཁྲིད་ཀྱིས་འཇང་ས་ཐམ་རྒྱལ་པོའི་སྟེང་དུ་དམག་དྲངས། བཀའ་འགྱུར་གྱི་པར་ཤིང་གདན་དྲངས་ནས་ལི་ཐང་དགོན་ཆེན་ཐུབ་ཆེན་བྱམས་པ་གླིང་དུ་བཞུགས་སུ་གསོལ་བའི་ཆ་ནས་ལི་ཐང་མཚལ་པར་དུ་གྲགས། ཆ་ཅུང་ཟད་མ་ཚང་བ་ཞིག་རྒྱ་གར་ཨོ་རི་ས་བོད་མིའི་གཞིས་སྒར་དུ་བཞུགས།
   ༥.གཡུང་ལོའི་བཀའ་འགྱུར་པར་མ།
   གོང་མ་གཡུང་ལོས་ཁྲི་ལོ་བརྒྱད་པ་སྟེ། སྤྱི་ལོ ༡༤༡༠ལོར་ནན་ཅིན་དུ་བོད་འགྱུར་བཀའ་འགྱུར་ཆ་ཚང་ཞིག་པར་དུ་བཞེངས་པ་དེ་ནི། བོད་འགྱུར་བཀའ་འགྱུར་ཆ་ཚང་པར་དུ་བཞེངས་པའི་ཐོག་མའོ། །འདི་ནི་ཚལ་བ་བྲིས་མ་ལ་བརྟེན་ནས་བྱུང་བ་ཞིག་གོ།
   ༦.དབན་ལིས་བཀའ་འགྱུར་པར་མ།
   གོང་མ་ཏ་མིང་དབན་ལིས་ཀྱིས་སྤྱི་ལོ༡༦༠༥ལོར་པེ་ཅིན་དུ་གཡུང་ལོས་བཀའ་འགྱུར་པར་མ་དེ་ལ་ཞུ་དག་ཅུང་ཟད་བྱས་ཏེ་བཀའ་འགྱུར་ཆ་ཚང་ཞིག་པར་དུ་བསྐྲུན། དེའི་ཕྱིས་སུ་སྤྱི་ལོ༡༦༨༠ལོར་འབེར་ལིན་བྲིས་མ་ཞེས་པ་དང་། པེ་ཅིན་པར་མ་ཞེས་པ་སྤྱི་ལོ༡༦༨༤ནས་༡༦༩༢བར་བྱུང་བ་དང་། དེའི་ཕྱིས་སུ་སྤྱི་ལོ༡༧༠༠ལོར་བྱུང་བའི་པེ་ཅིན་པར་མ། སྤྱི་ལོ༡༧༢༠ལོར་བྱུང་བའི་པེ་ཅིན་པར་མ། སྤྱི་ལོ༡༧༣༧ལོར་བྱུང་བའི་པེ་ཅིན་པར་མ། སྤྱི་ལོ༡༧༦༥ལོར་བྱུང་བའི་པེ་ཅིན་པར་མ་བཅས་པར་མ་ཁག་བརྒྱད་ལྷག་བྱུང་འདུག
   ༧.རྒྱལ་རྩེ་ཐེམ་སྤངས་མ།
   སྤྱི་ལོ༡༤༣༡ལོར་རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་པས་སྣར་ཐང་གི་བཀའ་འགྱུར་མ་དཔེར་གནང་སྟེ། བཀའ་འགྱུར་གསེར་བྲིས་ཆ་ཚང་ཞིག་བཞེངས་པ་དེ་ལ་རྒྱལ་རྩེ་ཐེམ་སྤངས་མ་ཞུ། དཀར་ཆག་ལོ་ཆེན་ཐུགས་རྗེ་དཔལ་གྱིས་མཛད།
   ༨.ཅོ་ནེ་བཀའ་འགྱུར་པར་མ།
   ཅོ་ནེའི་དཔོན་པོ་དམག་ཟོར་མགོན་པོས་སྦྱིན་བདག་མཛད་དེ། སྤྱི་ལོ༡༧༢༡ལོ་ནས་དབུ་ཚུགས་ཏེ། ༡༧༣༡ལོར་པོད་བརྒྱ་དང་དགུ་མཇུག་ཡོངས་སུ་རྫོགས་པར་བཞེངས། དཀར་ཆག་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད། ༡༩༢༩ལོར་ཅོ་ནེའི་ཉེ་འཁྲིས་ཀྱི་རྒྱ་ཁ་ཆེ་དང་བོད་རིགས་འཁྲུག་སྐབས། རྒྱ་ཁ་ཆེས་མེར་བསྲེགས། མ་ཕྱི་ཞིག་སྟབས་ལེགས་པ་ཞིག་ལ་ཨ་རི་ནས་རྙེད།
   ༩.སྣར་ཐང་བཀའ་འགྱུར་པར་མ།
   རྒྱལ་བ་ཚངས་དབྱངས་རྒྱ་མཚོས་དབུས་ཕྱོགས་སུ་བཀའ་འགྱུར་ཆ་ཚང་ཞིག་གསར་བཞེངས་དགོས་པའི་བཀའ་ཁྱབ་མཛད་དེ། ལོ་བདུན་ཙམ་རིང་རྒྱུན་བསྐྱངས་ཀྱང་མ་གྲུབ་པར་འཕྲོ་ཅན་དུ་ལུས། དེ་རྗེས་ལྷ་བཟང་ཧན་དང་། སྟག་རྩེ་ལྷ་རྒྱལ་རབ་བརྟན། དའི་ཆིང་པཱ་ཐུར་བསོད་ནམས་རྒྱལ་པོ་སོགས་ཀྱིས་ཀྱང་མཐའ་མ་འཁྱོལ་བར་ལུས། ཕོ་ལྷ་བས་སྤྱི་ལོ༡༧༣༠ལོར་འཕྲོ་མཐུད་པའི་ལས་མགོ་ཚུགས་ཏེ། ༡༧༣༡ལོར་ལེགས་འགྲུབ་བྱུང་སྟེ། པཎ་ཆེན་བློ་བཟང་ཡེ་ཤེས་ལ་པར་ཤིང་ཕུལ་ནས་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་པས་དེ་ལྟར་དུ་གྲགས་སོ། །
   ༡༠.སྡེ་དགེའི་བཀའ་འགྱུར་པར་མ།
   སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་མཛད་དེ། སྤྱི་ལོ༡༧༢༩ལོར་མགོ་ཚུགས། ༡༧༣༣ལོར་པོད་བརྒྱ་དང་གསུམ་མཇུག་ཡོངས་སུ་རྫོགས་པར་བཞེངས་ཏེ་སྡེ་དགེ་དགོན་ཆེན་ལྷུན་གྲུབ་སྟེང་གི་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་སུ་གསོལ། པར་ཤིང་ད་ལྟ་བསོད་ནམས་ཀྱི་ཞིང་དུ་བཞུགས།
   ༡༡.རྭ་རྒྱ་བཀའ་འགྱུར་པར་མ།
   ཤིང་བཟའ་སྐུ་ཕྲེང་དང་པོ་བློ་བཟང་དར་རྒྱས་ཀྱིས་སྦྱིན་བདག་མཛད་དེ། སྤྱི་ལོ༡༨༡༤ལོ་ནས་༡༨༢༠བར་མཇུག་རྫོགས་པར་བགྱིས། དཀར་ཆག་ནི་པཎ་ཆེན་བསྟན་པའི་ཉི་མས་མཛད། དབུ་ལྷ་འགའ་ཞིག་ས་ལུགས་སུ་ཡོད་པ་དགེ་ལུགས་སུ་བསྒྱུར་བ་དང་། ལྟུང་བཤགས་ལྷ་སོ་ལྔའི་བཞེངས་ལུགས་ཀྱང་རྗེ་ཙོང་ཁ་བའི་ཞལ་གཟིགས་ལྟར་བྲིས་ཡོད་པ་ལྟར་རོ། ། ལ་ལས་དགེ་ལུགས་བཀའ་འགྱུར་ཞེས་ཀྱང་ཟེར་བར་གྲགས།
   ༡༢.སོག་ཡུལ་ཁུ་རེ་བཀའ་འགྱུར་པར་མ།
   ཏཱ་ཁུ་རེ་རི་བོ་དགེ་རྒྱས་དགའ་ལྡན་བཤད་སྒྲུབ་གླིང་དུ། བཀའ་འགྱུར་པར་སྐྲུན་བརྩམས་ཀྱང་མཇུག་མ་རྫོགས་པར་ལུས། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བརྒྱད་པ་ངག་དབང་བློ་བཟང་ཆོས་ཀྱི་ཉི་མ་དང་ཨེརྟི་ནི་ཆེ་ཚང་ནོ་ཡོན་དོན་གྲུབ་ལྷ་མོ་རྣམ་གཉིས་ནས་པར་གཞི་ལེགས་པར་བསྒྲིགས་པའི་བཀའ་གནང་བ་ལྟར། ༡༩༠༨ལོ་ནས༡༩༡༠ལོར་པོད་བརྒྱ་དང་ལྔ་མཇུག་ལེགས་པར་གྲུབ།
   ༡༣.ཞོལ་བཀའ་འགྱུར་པར་མ།
   འབྲི་གུང་སྒོ་ལྕོག་རིན་པོ་ཆེ་ངེས་དོན་བསྟན་འཛིན་ཆོས་ཀྱི་དབང་བོ་ནས་སྣར་ཐང་གསུང་པར་བགྲེས་སྐྱོན་ཆེ་ཞིང་། ལི་ཐང་དང་སྡེ་དགེའི་པར་མ་ས་ཁད་རིང་བའི་རྐྱེན་གྱིས་བླུ་བ་ལ་འགལ་རྐྱེན་མང་དུ་འཕྲད་པས། དབུས་ཕྱོགས་སུ་བཀའ་འགྱུར་པར་ཤིང་དགོས་གལ་ཆེ་བར་དགོངས་ཏེ། རྒྱལ་བ་ཐུབ་བསྟན་རྒྱ་མཚོར་འགྲོ་གྲོན་རྒྱ་ཆེན་འབུལ་བ་དང་གསོལ་འདེབས་ཞུས་པ་ཞལ་བཞེས་གནང་། ༡༩༢༠ནས་དབུ་ཚུགས་ཏེ། པར་མ་མང་པོ་ཞིབ་བསྡུར་གྱིས་ཕལ་ཆེར་མཇུག་གྲུབ་སྐབས། སྤྱི་ལོ༡༩༣༣ལོར་རྒྱལ་དབང་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ། རྭ་སྒྲེང་སྐུ་ཕྲེང་ལྔ་བ་ཐུབ་བསྟན་འཇམ་དཔལ་དང་། སྲིད་བློན་གླང་མདུན་གུང་ཀུན་དགའ་དབང་ཕྱུག་རྣམ་གཉིས་ཀྱིས་མཇུག་གཙང་མ་བསྒྲིལ་ཏེ། ༡༩༣༤ལོར་དཀར་ཆག་བརྩིས་པའི་པོད་བརྒྱ་ཐམ་པ་པོ་ཏ་ལའི་འདབས་རོལ་ཞོལ་པར་ཁང་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་དུ་བཞུགས་སུ་གསོལ།
   ༡༤.ཝ་ར་རི་ཁྲོད་བཀའ་འགྱུར་པར་མ།
   དེའི་རྗེས་སུ་ངོར་བ་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་བོའི་ཞལ་སློབ་ཝ་ར་དམ་ཆོས་བསྟན་པ་དཔལ་བཟང་བོ་ནས་བཀའ་འགྱུར་མདའ་ཚད་མ་པོད་ཆེན་དེ་དུམ་བུ་གཉིས་སུ་བགོས་ཏེ། དཔེ་ཐུང་པོད་གྲངས་ཉིས་བརྒྱ་དྲུག་གསར་དུ་བཞེངས་ནས་ཝ་ར་རི་ཁྲོད་དུ་བཞུགས་སུ་གསོལ་བའོ། །
   ༡༥.ཆབ་མདོའི་བཀའ་འགྱུར་པར་མ།
   ༡༩༥༠ལོར་ཆབ་མདོ་ཡབ་ཚང་བློ་བཟང་དཀོན་མཆོག་དང་། སྡེ་དགེའི་སྲས་མོ་བདེ་ཆེན་སྒྲོལ་མ་གཉིས་ནས་སྦྱིན་བདག་བྱས་ནས། ལྷ་ས་པར་མ་ལ་ཕྱི་མོ་བྱས་པ་པོད་བརྒྱ་དང་གཅིག་ཡོངས་རྫོགས་ཆབ་མདོ་དགོན་ཆེན་བྱམས་པ་གླིང་དུ་བཞུགས་སུ་གསོལ་བས་དེ་ལྟར་གྲགས། འདིའི་ཕྱི་མོ་ནི་ལྷ་སའི་ཞོལ་པར་མ་ཡིན་པར་གྲགས།
   ༡༦.བཀའ་འགྱུར་སྐྱ་པོད་ཆེན་པོ་ལྗགས་ཞུས་མ།
   པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར་དུ། བསྟན་པའི་རྒྱུན་ལ་དགོངས་ཏེ་བཀའ་འགྱུར་རིན་པོ་ཆེ་དག་ངེས་ཤིག་བཞེངས་པར་བཞེད་ནས་ཞ་ལུ་ནས་ཆོས་རྗེ་བུ་སྟོན་རིན་པོ་ཆེས་ཞུས་དག་མཛད་པའི་བཀའ་འགྱུར་གདན་དྲངས། གཞན་ཡང་བཀའ་འགྱུར་གྱི་དཔེ་ཁུངས་མ་མང་པོ་བསགས་ཏེ། རྗེ་འདི་ཉིད་ཀྱི་སྤྱན་ལམ་དུ་ཕབ་པའི་ཞུས་དག་ལེགས་པར་མཛད་ནས་གངས་རིའི་ལྗོངས་ཀྱི་ཡིག་མཁན་མཁས་པར་གྲགས་པ་རྣམས་བསྡུས་ཏེ་བཀའ་འགྱུར་གསར་བཞེངས་མཛད་པ་དེ་ལ་ནི། བཀའ་འགྱུར་སྐྱ་པོད་ཆེན་པོ་ལྗགས་ཞུས་མར་གྲགས་ཤིང་། ཡང་གསེར་འབའ་ཞིག་གིས་བྲིས་པའི་བཀའ་འགྱུར་ཞིག་ཀྱང་གསར་སྐྲུན་མཛད་དེ། བཀའ་འགྱུར་གཉིས་ཀ་དེ་དུས་བཀྲ་ཤིས་ལྷུན་པོར་བཞུགས།
   མདོར་ན། ཕྱིས་ཀྱི་བཀའ་འགྱུར་གྱི་མ་ཕྱི་མཐའ་དག་གི་ཕྱི་མོར་གྱུར་པ་ནི། སྣར་ཐང་བྲིས་མ་ཡི་འཕྲིན་ལས་ལས་བྱུང་བ་ཡིན་ཞིང་། དེ་ལ་བརྟེན་ནས་ཐེམ་སྤངས་མ་དང་། ཚལ་བ་བྲིས་མ་གཉིས་སུ་གྱེས། ཕྱིས་སུ་ཐེམ་སྤངས་མ་ཁུངས་སུ་བཅོལ་ནས། ཤེལ་དཀར་རྫོང་གི་བྲིས་མ་དང་། སོག་ཡུལ་ཁུ་རེ་ཆེན་མོའི་བྲིས་མ། ད་དུང་ལ་དྭགས་སྟོག་ཕོ་བྲང་གི་བྲིས་མ། ཉི་ཧོང་གི་ཐོ་ཡོ་འབུན་ཀོའི་བྲིས་མ་རྣམས་བྱུང་། ཤེལ་དཀར་རྫོང་གི་བྲིས་མ་ལ་བརྟེན་ནས་སྣར་ཐང་པར་མ་དང། ལོན་དོན་བྲིས་མ། སྣར་ཐང་པར་མ་དང་སྡེ་དགེ་པར་མར་བརྟེན་ནས་ལྷ་ས་ཞོལ་པར་མ་བྱུང་ངོ་། །རྩ་བའི་ཡན་ལག་གཉིས་སུ་གྱེས་པའི་ཚལ་བ་བྲིས་མ་ལ་བརྟེན་ནས། འཕྱིང་བ་སྟག་རྩེ་བྲིས་མ་དང་། ཡུང་ལོ་པར་མ་གཉིས་སུ་གྱེས། འཕྱིང་བ་སྟག་རྩེ་བྲིས་མ་ལ་བརྟེན་ནས་ལི་ཐང་པར་མ་བྱུང་། དེ་ལ་བརྟེན་ནས་ཅོ་ནེ་པར་མ། སྡེ་དགེ་པར་མ་གཉིས་སུ་གྱེས། སྡེ་དགེ་པར་མ་ནི་རྩ་བའི་ཆ་ནས་ལི་ཐང་པར་མ་ལ་བརྟེན་ནའང་། ཐེམ་སྤངས་མའང་གཞིར་བཅོལ་བར་གསུངས། སྡེ་དགེ་པར་མ་ལ་ཕྱི་མོ་བྱས་ཏེ། ཆབ་མདོ་ཝ་ར་པར་མ་དང་། རྭ་རྒྱ་པར་མ། སོག་ཡུལ་ཁུ་རེ་ཆེན་མོའི་པར་མའི་འཕྲིན་ལས་རྒྱུན་བྱུང་བར་མངོན་ནོ། །

①ཉང་ཉི་མ་འོད་ཟེར། ཆོས་འབྱུང་སྙིང་བོ་མེ་ཏོག་སྦྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་། 2011ལོ། P389. 385
②བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 1988ལོ། P187
③ དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། P219
④བུ་སྟོན་རིན་པོ་ཆེ། བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1988ལོ། P314
⑤བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་གཉིས། མི་རིགས་དཔེ་སྐྲུན་ཁང་། 2003ལོ། P67   

དཔྱད་གཞིའི་ཡིག་ཆ།

[1] ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་སྙིང་བོ་མེ་ཏོག་སྦྲང་རྩིའི་བཅུད》 བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་། ༢༠༡༢ལོ།
[2] བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང》 ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། ༡༩༨༨ལོ།
[3] དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོ།
[4] བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། 《དཀར་ཆག་འཕང་ཐང་མ》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོ།
[5] བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། 《སྒྲ་སྦྱོར་བམ་གཉིས》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོ།
[6] དུང་དཀར་བློ་བཟང་འཕྲིན་ལས། 《བོད་ཀྱི་དཀར་ཆག་རིག་པ》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1