༄༅།།ཐག་པ་འདི་ཡིས་ཁྱོད་ཀྱི་སྲོག་སྐྱོབ་ཐུབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-18



        སྦག་སྦག་དང་གློག་སྒུལ་རྐང་འཁོར་ཞོན་མཁན་དང་གཏོང་མཁན། རླངས་འཁོར་གཏོང་མཁན་དང་དེའི་ནང་སྡོད་མཁན་བཅས་ཀྱི་བདེ་འཇགས་འགོག་སྲུང་གི་ཆུ་ཚད་མཐོ་རུ་བཏང་སྟེ། འགྲིམ་འགྲུལ་ལས་འཛོལ་གྱི་མི་སྣ་ཤི་ཚད་ཉུང་དུ་ནུས་ལྡན་གཏོང་ཆེད། ཉེ་ཆར། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་སུ“བདེ་འཇགས་ཞྭ་མོ་གཅིག་དང་ཉེན་ཐག་གཅིག་”གི་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་སྤེལ་རྒྱུ་སྒྲིག་འཛུགས་བྱས་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ས་གནས་ཁག་ལ་དྲིལ་བསྒྲགས་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཀྱི་བདེ་འཇགས་ཞྭ་མོ་གྱོན་པ་དང་ཉེན་ཐག་འཆིང་བའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་། ལས་རིགས་གཙོ་གཉེར་སྡེ་ཚན་དང་ལས་རིགས་མཐུན་ཚོགས་དང་མཉམ་དུ་“གློག་སྒུལ་རྐང་འཁོར་ཉོས་ན་བདེ་འཇགས་ཞྭ་མོ་སྟེར་བ”དང“འགན་བཅོལ་ཉོས་ན་བདེ་འཇགས་ཞྭ་མོ་སྟེར་བའི”བྱེད་སྟངས་ཁྱབ་གདལ་གཏོང་རྒྱུ་མ་ཟད། ད་དུང་མྱུར་སྐྱེལ་དང་། མངག་སྐྱེལ།
        བདལ་གཏོང་རླངས་འཁོར་སོགས་གཙོ་གནད་ལས་རིགས་ཀྱིས་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་སྒྲིག་འཛུགས་ཀྱང་བྱས་ཏེ། ཀུན་ལ་བདེ་འཇགས་ཞྭ་མོ་དང་ཉེན་ཐག་ཡོད་པ་མ་ཟད་བེད་སྤྱོད་ཀྱང་ཡག་པོ་བྱེད་དུ་འཇུག་རྒྱུའི་བླང་བྱ་བཏོན་པ་དང་། བྱ་སྤྱོད་སྤེལ་རིང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་ལྟར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། སྦག་སྦག་དང་གློག་སྒུལ་རྐང་འཁོར་ལ་ཞོན་མཁན་གྱིས་བདེ་འཇགས་ཞྭ་མོ་གྱོན་མེད་པ་དང་རླངས་འཁོར་གཏོང་མཁན་དང་དེའི་ནང་སྡོད་མཁན་གྱིས་ཉེན་ཐག་བཅིངས་མེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཡོ་བསྲང་བྱས་ནས། བདེ་འཇགས་ལྡན་པའི་གོམས་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྦག་སྦག་དང་གློག་སྒུལ་རྐང་འཁོར། རླངས་འཁོར་ཆུང་གྲས་བཅས་ནི་འགྲིམ་འགྲུལ་ལས་འཛོལ་སྐབས་འདས་གྲོངས་ཐོན་མང་ཤོས་ཀྱི་འཁོར་རིགས་ཡིན་ལ། སྦག་སྦག་དང་གློག་སྒུལ་རྐང་འཁོར་གྱི་ཤི་རྐྱེན་ལས་80%ཙམ་ནི་ཀླད་ཁྱིམ་ལ་བརྡབ་སྐྱོན་ཤོར་ནས་ཤི་བ་ཡིན་པ་དང་། རླངས་འཁོར་ལས་འཛོལ་ཁྲོད་ཉེན་ཐག་མ་བཅིངས་བའི་རྐྱེན་གྱིས་ཤི་རྨས་བྱུང་ཚད་ཧ་ཅང་མང་པོ་ཡོད་པ་རེད། འབྲེལ་ཡོད་ཞིབ་འཇུག་ལས་མངོན་པར་གཞིགས་ན། བདེ་འཇགས་ཞྭ་མོ་ཡག་པོ་གྱོན་པ་དང་ཉེན་ཐག་ཡག་པོ་བཅིངས་ན་འགྲིམ་འགྲུལ་ལས་འཛོལ་གྱི་ཤི་ཚད་60%ནས་70%ཡི་བར་ཉུང་དུ་བཏང་ནས། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་ལྡན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1