༄༅།།གཟན་རྩྭ་བཟོ་སྣོན་དང་གསོག་འཇོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 06-18




བརྒྱད་པ། སོག་མའི་སྙལ་གསོག་བྱེད་ཐབས།
 གཅིག བྱེད་སྟངས།
        སོག་མའི་སྙལ་གསོག་ནི་སོག་མའི་ནང་དུ་སྐྱེ་ཕྲའི་གསོན་སྲིན་རིགས་བསྣན་རྗེས་དོང་ནང་དུ་བཞག་ནས་བསྙལ་བ་ཡིན། བསྙལ་བའི་གོ་རིམ་ངེས་ཅན་བརྒྱུད་ནས་སོག་མ་དེ་ལ་སྐྱུར་དྲི་དང་། ཞིམ་མངར་ཆེ་བ། ཆང་དྲི་བཅས་བྲོ་ཞིང་ཕྱུགས་ཟོག་རྣམས་དགའ་བའི་གཟན་ཆས་ལ་འགྱུར་བ་དང་། དེའི་བཟོ་ལུགས་གཤམ་གསལ་ལྟར།
སོག་མ་གཏུབ་པ། གཏུབ་པའི་སོག་མའི་རིང་ཚད་ལ་ལི་སྨི5ནས8བར་ཡོད་དགོས།
        སླར་གསོན་སྲིན་རིགས། བསྙལ་ལངས་སླར་གསོན་སྲིན3(ཁུག་མ1)བླངས་ཏེ་ཧའོ་ཧྲིན200ཡི1%གི་བྱེ་མ་ཀ་ར་དཀར་པོའི་ཁྲོད་ནས་ཞུ་རུ་འཇུག་པ་དང་། དུས་ཚོད1ནས2ཙམ་ལ་བཞག་སྟེ་སྲིན་རིགས་བསྐྱར་གསོན་བྱེད་དུ་འཇུག་ལ། བསྐྱར་གསོན་བྱུང་རྗེས་ཀྱི་སྲིན་སྨན་ངེས་པར་དུ་ཉིན་དེར་བཀོལ་ནས་ཚར་དགོས་པ་དང་། ཕྱི་ཉིན་བཀོལ་མི་རུང་།
        སྲིན་གཤེར་སྡེབ་སྦྱོར། 1%གི་བསྡུར་ཚད་ལྟར་ཆུའི་བཟའ་ཚྭ་བླུག་སྟེ1%གི་བཟའ་ཚྭའི་གཤེར་ཁུ་སྡེབ་སྦྱོར་བྱེད་པ་དང་། སོག་མའི་སྙལ་གསོག་གི་རྒྱུ་ཆ་མི་འདྲ་བ་ལས་སྡེབ་སྦྱོར་བྱས་པའི་སྲིན་གཤེར་ལའང་ཁྱད་པར་ཅུང་ཙམ་ཡོད། ཞིབ་ཕྲའི་སྡེབ་སྦྱོར་བསྡུར་ཚད་ནི། བསྐྱར་གསོན་བྱུང་བའི་སྲིན་སྨན་གཅིག་གི་ནང་སྤྱི་རྒྱ1200ནས་སྤྱི་རྒྱ1400བར་གྱི1%གི་བཟའ་ཚྭ་ཆུ་ནང་དུ་བླུག་སྟེ་སྙོམས་སྦྱོར་བྱས་ན། སོག་མ་སྤྱི་རྒྱ1000ཡས་མས་སྙལ་གསོག་བྱེད་ཐུབ་པ་དང་། གཟན་ཆས་ཆུའི་འདུས་ཚད་ནི60%ནས70%ཡིན། གལ་སྲིད་མ་རྨོས་ལོ་ཏོག་སྤྱི་རྒྱ1000ཡི་སོག་མ་སྙལ་གསོག་བྱས་ན། འདྲེས་སྦྱོར་སྲིན་སྨན་གཅིག་གི་ནང་དུ1%ཡི་བཟའ་ཚྭའི་ཆུ་སྤྱི་རྒྱ800ནས་སྤྱི་རྒྱ1000བསྲེས་ན་ཆོག ལག་པས་སོག་མ་བཙིར་ན། གལ་སྲིད་ཆུ་ཐིགས་འབྱུང་ཚེ་ཆུའི་འདུས་ཚད་ནི80%ཡན་ཡིན། གལ་སྲིད་ཆུ་ཐིགས་མི་འབྱུང་བ་དང་ལག་པ་ལྷོད་རྗེས་ལག་མཐིལ་དུ་ཆུ་ཡོད་ན་ཆུའི་འདུས་ཚད་ནི་ཧ་ལམ60%ཡིན། གལ་ཏེ་ལག་པའི་ངོས་སུ་གཤེར་གཟུགས་ལྡན(འོད་ལྡོག་འཕྲོ)ན། དེའི་ཚད་ནི50%ནས55%བར་ཡིན། ལག་མཐིལ་རློན་པར་གྱུར་ན། དེའི་ཚད་ནི40%ནས45%ཡིན། ལག་མཐིལ་ལ་བརླན་མེད་ན། དེའི་ཚད་ནི་40%མན་ཡིན། སྙལ་གསོག་གཟན་ཆས་ཀྱི་ཆུའི་འདུས་ཚད་ནི60%ནས65%ཡིན་ན་ཆེས་འཚམ་པར་སྣང་།
        དོང་བཟོ་བ། ཐོག་མར་དོང་མཐིལ་དུ་མཐུག་ཚད་ལ་ལི་སྨི30ཅན་གྱི་སོག་མ་བཏིངས་ཏེ་བཅག་བཅག་བཟང་བོ་བྱས་རྗེས། ཕྱོགས་གཅིག་ཏུ་རྒྱུ་ཆ་འདིང་པ་དང་། ཕྱོགས་གཞན་ཞིག་ནས་སྲིན་གཤེར་གཏོར་དགོས། དེ་མིན་བཅག་བཅག་བྱེད་བཞིན་རིམ་པ་གཅིག་ནས་འདིང་ཞོར་དང་རིམ་པ་གཅིག་ནས་སྲིན་གཤེར་གཏོར་བ་དང་། བཅག་བཅག་བྱས་ཏེ་རྒྱུ་ཆ་དེ་དོང་ཁར་ལི་སྨི40བུད་རྗེས་ད་གཟོད་དོང་ཁ་གཅོད་དགོས། དེ་སྒྲིག་པའི་གོ་རིམ་ཁྲོད་ནས་ངེས་པར་དུ་གཟན་ཆས་ཀྱི་ཆུའི་འདུས་ཚད་ཚད་ལྡན་ཡིན་མིན་དང་ཕྱོགས་སོ་སོར་སྙོམས་སྦྱོར་བྱས་ཡོད་མེད། སྒོས་སུ་རིམ་པ་དང་རིམ་པའི་བར་གྱི་གཤེར་གཟུགས་སྦྲེལ་མཐུད་ལ་དོ་སྣང་བྱེད་དགོས། བར་དུ་སྐམ་པོའི་རིམ་པ་ཡོད་དུ་འཇུག་མི་ནུས་པ་དང་། རྒྱུ་ཆའི་ཁྲོད0.5%ཡི་མ་རྨོས་ལོ་ཏོག་གི་ཕྱེ་དང་ཕུག་མ་བསྣན་ན་ཕན་འབྲས་ལྷག་ཏུ་ཆེ། བྱེད་ཐབས་ནི་སོག་མ་རིམ་གཅིག་བཏིངས་རྗེས་ཕྱེ་རིམ་པ་གཅིག་དང་། དེ་ནས་སྲིན་སྨན་རིམ་པ་ཞིག་གཏོར་བ་ཡིན།
    དོང་ཁ་གཅོད་པ། དོང་ཁར་མཐོ་ཚད་ལ་ལི་སྨི40བུད་ཚེ། དེ་ཡོངས་སུ་བཅག་བཅག་བྱས་རྗེས་རིམ་པ་མཐོ་ཤོས་སུ་སྨི་གྲུ་བཞི་མ་རེ་རེར་བཟའ་ཚྭ་ཁེ250རེ་གཏོར་བ་དང་། དེ་ནས་འགྱིག་ཐུམ་འདིང་དགོས། འགྱིག་ཐུམ་གྱི་སྟེང་དུ་ད་དུང་ལི་སྨི20ཡི་སོག་མ་མཐུག་པོ་དང་། ལི་སྨི50ཡི་ས་གཏོར་དགོས། ཁ་བཅད་རྗེས་གལ་སྲིད་མར་རྡིབ་ན་མྱུར་དུ་ས་བསྣན་ཏེ་མཉམ་པོར་བྱེད་དགོས་ལ། དོང་གི་མཐའ་སྐོར་དུ་ཆུ་རྐ་སློག་དགོས།
        དོང་ཁ་འབྱེད་པ། དོང་ཁ་བཅད་ནས་ཉིན30ནས40འགོར་རྗེས་ཁ་ཕྱེ་སྟེ་བཀོལ་སྤྱོད་བྱས་ཆོག སྒོར་དབྱིབས་དོང་ནས་ཉིན་རེར་རྒྱུ་ཆ་རིམ་པ་རེ་ལེན་པ་དང་། གྲུ་བཞི་ནར་མོའི་དོང་ཡིན་ན་སྣེ་གཅིག་ནས་ཁ་འབྱེད་པ་དང་། སྟེང་འོག་ནས་རིམ་བཞིན་ལེན་དགོས། རྒྱུ་ཆ་ལེན་ཐེངས་རེར་འགྱིག་ཐུམ་གྱིས་ཁ་དམ་པོར་གཅོད་དགོས། བསྙལ་གསོག་བཟང་བའི་མ་རྨོས་ལོ་ཏོག་གི་སོག་མ་དང་། འབྲུ་རིགས་ཀྱི་སོག་མ་གསེར་མདོག་ཏུ་འགྱུར་བ་དང་། མ་རྨོས་ལོ་ཏོག་སྔོ་བའི་མདོག་སྐྱུ་རུ་ར་ལྟར་ལྗང་ཁུ་རུ་འགྱུར། ཆང་ངམ་ཡང་ན་སིལ་ཏོག་གི་དྲི་ལྡན་པ་དང་། ལག་པས་རག་ན་སོབ་སོབ་ཏུ་འདུག་ཅིང་འཇམ་མཉེན་དང་བརླན་གཤེར་ལྡན་པ་ཡིན།
        ཕྱུགས་ཟོག་ལ་གཟན་ཆས་སྟེར་བ། བསྙལ་བའི་ལོ་ཏོག་གི་སོག་མ་ནི་ཕྱུགས་ཟོག་ལ་སྟེར་བ་གཙོར་བཟུང་སྟེ་ཁྱིམ་གསོས་ཕྱུགས་ཟོག་གི་གཟན་ཆས་གཙོ་བོར་བྱེད་པ་དང་། མ་ཟད་གཟན་ཆས་གཞན་དང་བསྲེས་སྦྱོར་བྱེད་ཆོག ཁྱིམ་གྱི་ཕྱུགས་ཟོག་གིས་གཟན་ཆས་འདི་སྤྱོད་པ་ལ་གོམས་པར་གོ་རིམ་ངེས་ཅན་ཞིག་ལྡན་པས་རིམ་བཞིན་འཕྲོད་པར་འཇུག་པ་དང་། རིམ་བཞིན་གཟན་ཆས་སྟེར་ཚད་མང་དུ་བཏང་ཆོག
  གཉིས། བཟང་ཆ་དང་ཞན་ཆ།
        སྒྲིག་བཟོ་སྟབས་བདེ་ཡིན་ཞིང་། སོག་མའི་བྲོ་མངར་རང་བཞིན་དང་འཚོ་བཅུད་རིན་ཐང་མཐོར་འདེགས་བྱེད་ཐུབ། དེ་གཟན་ཆས་དཀྱུས་མ་བྱེད་པ་ལས་སྐམ་རྩྭ་དང་སྔོ་གཟན་སོགས་སྤུས་ལེགས་གཟན་ཆས་ཀྱི་ཚབ་བྱེད་མི་ཐུབ་པ་དང་། ལྷག་ཏུ་གཟན་ཆས་ལེགས་པོའི་ཚབ་བྱེད་མི་ཐུབ།
གསུམ། དོ་སྣང་བྱེད་ཡུལ།
        བསྐྱར་གསོན་པའི་སྲིན་རིགས་ཉིན་དེར་བཀོལ་ནས་ཚར་དགོས་ཤིང་ཉིན་རྗེས་མར་སྤྱོད་མི་ནུས། ཁ་བཅད་རྗེས་རྒྱུན་ཏུ་ལྟ་ཞིབ་བྱེད་དགོས་ལ། ཆར་ཆུ་དང་ཙི་གུ་སོགས་ཀྱི་གནོད་འཚེ་ལ་སྔོན་འགོག་བྱེད་དགོས།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1