༄༅།།དབལ་ཤུལ་རང་བྱུང་གི་སྙན་རྩོམ་བདམས་བཀོད།

དབལ་ཤུལ་རང་བྱུང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-19



དབལ་ཤུལ་རང་བྱུང་།

        དབལ་ཤུལ་རང་བྱུང་ནི་ཕ་ཡུལ་སི་ཁྲོན་གསེར་རྟ་ནས་ཡིན་ལ། 2007ལོར་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་གླིང་ནས་སློབ་མཐར་ཕྱིན། 2003ལོར་སྙན་དེབ《དུང་ཞེན་དཀར་པོ།》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས། སྔ་རྗེས་སུ་ལྷ་སའི་གངས་ལྗོངས་རིག་གནས། སྦྲང་ཆར། གངས་དཀར་རི་བོ། མཚོ་སྔོན་ཁྲིམས་ལུགས་ཚགས་པར། མཚོ་སྔོན་པོའི་སྒྱུ་རྩལ། ཁ་བཏགས་དཀར་པོ། གངས་ལྗོངས་ཉི་གཞོན། ཁམས་པའི་བོད་ཡིག་ཚགས་པར་སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་གང་མང་སྟེང་སྙན་ངག་དང་ལྷུག་རྩོམ་བཅུ་ཕྲག་ཁ་ཤས་སྤེལ། 2015ལོར་གངས་དཀར་རི་བོའི་ཕུལ་བྱུང་བརྩམས་ཆོས་བྱ་དགའ་ཐོབ།


འཛམ་གླིང་གི་མི་རྗེ་གླིང་གེ་སར།

མི་འཇིགས་གདོང་ལྔའི་སྟོབས་ཀྱིས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོ་རུ། །
རྔམ་གྱིས་འགྱིང་བའི་རིགས་བཟང་ལྷ་ཡི་སྤྲུལ་བ་སེང་ཆེན་མི་ཡི་རྗེ། །
ཞུམ་མེད་དཔའ་བོའི་ངར་སྐད་བསྒྲགས་ནས་ཕྱོགས་བཞིའི་དགྲ་བཞི་ཆམ་ལ་ཕབ། །
སྙན་པའི་གྲགས་པ་སྲིད་གསུམ་ཁྱོན་ན་འབྲུག་སྟོང་ལྡིར་བའི་སྒྲ་དང་འདྲེས། །
གནམ་གྱི་ཀ་བ་གངས་ཀྱི་རྩེ་ནས་ལྷ་བསང་དཀར་པོ་དགོང་ལ་བཏང་། །
མ་རུང་དགྲ་བོའི་སྙིང་ཤ་འདར་ནས་སྡུག་སྐད་འབྱིན་པ་ཐེངས་གཅིག་མིན། །
རྟ་བདུན་འོད་ཀྱིས་གླེང་ཆེན་ཁེབས་འདྲའི་སྐུ་རྗེ་ཝེར་མ་དཀར་པོ་ཁོང་། །
དུས་མཐའི་རྒུད་པ་རྩ་ནས་གཞོམ་ཕྱིར་བདུད་འདུལ་དྲག་པོའི་སྐུ་རུ་བཞེངས། །
རྐྱང་རྒོད་འཕུར་ཤེས་འཕྲུལ་གྱི་གཤོག་པ་གློག་ཞགས་གཡོ་བའི་ངོ་མཚར་གྱིས། །
མཐའ་ཡས་རྒྱལ་ཁམས་སྐད་ཅིག་འགྲིམས་པས་སྲིད་པ་གསུམ་ལ་ལྟད་མོར་གྲགས། །
དམྱལ་བའི་སེམས་ཅན་གྲངས་ཀྱིས་མི་ལོངས་གཅིག་ཀྱང་མ་ལུས་བདེ་ལ་བཀོད། །
འགྲན་མེད་སྐྱེས་བུས་ལྷར་བཅས་འགྲོ་ལ་ངོ་མཚར་དགའ་སྟོན་ཅི་ཡང་འགྱེད། །
རྫུལ་འཕྲུལ་རླུང་གི་རྩལ་གྱིས་མི་ཟིན་སྐད་ཅིག་གློག་འགྱུ་རྒོད་པོ་ཡིས། །
ཁམས་གསུམ་བདེ་ལ་འགོད་པར་དཔའ་བ་རྒྱལ་ཀུན་གཅིག་བསྡུས་སྒྱུ་འཕྲུལ་གར། །
ལྷ་ཀླུ་གཉན་གྱི་ཁ་ལོ་བསྒྱུར་ཏེ་མི་མཐུན་སྡེ་ཚོགས་རྡུལ་དུ་བརླགས། །
བྱིན་རླབས་ཉི་ཟླའི་གཟི་འོད་འབར་བ་སྐལ་ལྡན་གདུལ་བྱའི་དཔྱིད་དུ་བརྗིད། །
འཚོ་བའི་ཟབ་ས།
སྒལ་ཚིགས་ཞེ་དགུས་བཏེགས་པའི་རྡོག་ཁྲེས་དེར། །
རྐང་པའི་རུས་པ་གུག་པའི་ལྗིད་ཚད་ཅིག །
ཕྲག་པའི་ཤ་རུ་ཟུག་པའི་འཁུར་ཐག་དེར། །
ན་ཟུག་སྙིང་ལ་ཟིན་པའི་ངར་དུག་ཅིག །
སེམས་པ་གཅོང་ལ་སྦྱར་བའི་ཁྱི་སྐད་དེར། །
གྲོང་མཐའི་འཚོ་བ་གླེང་བའི་སྨྲེང་སྐྱོ་རེ། །
རྡོ་བའི་གདན་ལ་ཉལ་བའི་ཚོར་བ་རེར། །
རྨི་ལམ་རྒྱང་དུ་ཡལ་བའི་འཇིགས་སྣང་རེ། །
གངས་ལམ་འཕྲེད་དུ་གཅོད་པའི་རྡོག་སྒྲ་དེས། །
ཡུལ་འཁྱམ་ཨ་སྐྱོ་ཆད་པོའི་རྨི་ལམ་བསྒུལ། །
ལོ་རྒྱུས་ཐང་ལ་ལྷུང་བའི་སིལ་སྒྲ་དེས། །
དབེན་གནས་ཏིང་འཛིན་སྒོམ་པའི་དམིགས་པ་དཀྲིགས། །
གང་གི་མུན་པ་ཟ་བའི་ང་རོ་ཡིས། །
ང་ཡིས་ཉི་འོད་འཐུང་ལ་དངན་པ་སྟེར། །
ཁོར་ཡུག་རླུང་གིས་སྒུལ་བའི་ནམ་ཟླ་དེས། །
རྣམ་ཤེས་ཚང་ལ་ཉལ་བའི་སེམས་ཚོར་བྱིན། །
ཐག་རིང་གནས་མལ་དྲན་པའི་གདུང་བ་ལ། །
ས་མཐའི་ཁེར་རྐྱང་སྐྱོར་བའི་མིག་ཆུ་མང་། །
འཚོ་བའི་ཕྱི་ནང་གསལ་བའི་སྣང་ཁམས་ལ། །
འདུན་པ་བསྟར་ལ་བསྒྲིགས་པའི་རེ་སྒུག་མང་། །
སྙན་ངག་གི་སེམས་འགྱུ།
ལྷ་ཚོགས་དགྱེས་པའི་ཐུགས་བརྩེའི་ཀློང་ནས། །
རྟེན་འབྲེལ་བྱིན་རླབས་ཆར་དུ་བསྙིལ་སོང་། །
བརྒྱ་སྦྱིན་ཆེན་པོའི་གཙུག་གི་རྒྱན་དུ། །
མཚོ་འབྱུང་ནོར་བུའི་འོད་དཀར་འགྱེད་སོང་། །
ཟླ་བའི་མ་མའི་མཁུར་ཚོས་ངོས་ལ། །
ཚངས་སྲས་བུ་མོའི་ཕྱག་གིས་བྱིལ་སོང་། །
སྐྱེ་དགུའི་དྭངས་བ་ངང་གིས་འདྲེན་པའི། །
དྲི་ཟའི་རྒྱུད་མངས་སུ་ཡིས་དཀྲོལ་སོང་། །
ཆུ་འཛིན་བུ་མོའི་ལང་ལོང་མངལ་ནས། །
མུ་ཏིག་བདུད་རྩིའི་དོག་པ་འཐོར་སོང་། །
ཆུ་སྐྱེས་གསར་པ་འཛུམ་པའི་ངོས་ལ། །
ར་ཡིག་གཉིས་པས་འོ་ཞིམ་སྦྱར་སོང་། །
ཀ་ལི་ཨ་ལིའི་སྡེབ་འཕྲེང་བསྒྲིགས་ནས། །
ས་ཆེན་སྙིང་ལ་སྨོན་པ་བསླངས་སོང་། །
སྙན་པའི་ཚིག་གི་མེ་ཏོག་ཕུལ་ཏེ། །
ས་མཐོའི་རྨི་ལམ་འཇའ་རུ་བཀུག་སོང་། །
འབྲོག་པའི་བུ་མོ།
ལྷས་ར་གྲུ་བཞིའི་ནང་ན། །
གཡང་ཟོག་མ་བརྒྱ་བུ་བརྒྱ། །
བཞོན་མ་བཞོ་ཟེའུ་བརྒྱ་འཛོམས། །
འབྲོག་ཡུལ་འདི་ཡི་སྐྱིད་རེད། །
ཐུལ་དཀར་འབྲི་མོ་བཞོ་བའི། །
བུ་མོ་མེ་ཏོག་འདྲ་བོ། །
འཛུམ་ཀོང་བུམ་པའི་ནང་ནས། །
འོ་མའི་ཐིགས་པ་འགྲིལ་ཡོང་། །
བུ་མོའི་བཞོ་དབྱངས་སྙན་མོ། །
མཁའ་མཐའི་རླུང་ལ་འདྲེས་སོང་། །
མིག་ཟུང་གཟི་ཁྲ་འདྲ་བོ། །
སྡེ་ཆེན་རོགས་ལ་ཤོར་སོང་། །
གཡུ་བྱུར་རྒྱན་ཆས་སྤུད་པའི། །
གཤིས་འཇམ་འབྲོག་པའི་བུ་མོ། །
སྦྲ་ནག་ཆོན་ཐག་སྣེ་ན། །

དུངས་བའི་འཛུམ་ཆུང་ངོམ་ཡོད། །


བསམ་གཏན།
མིག་བཙུམས་ནས་འདང་རེ་བརྒྱབ་ན།
འཇིག་རྟེན་ནི་ལག་མཐིལ་གྱི་རི་མོ་ཙམ་རེད།
འཇག་མའི་ཤུགས་གླུ་ལ་ཉན་ན།
དེ་ནི་གནས་འགྲོ་མ་ཞིག་གི་སྐྱོ་གླུ་ཡིན་པ་རྟོགས།
ཐོ་རངས་ཁར་འཕུར་བའི་རྒོད་པོ་དེ།
ཤམ་བྷ་ལའི་མགྲོན་པོ་ཐོག་མ་སྟེ།
གདོད་མའི་རྨི་ལམ་གྱི་ཁ་དོག་ཁྱེར་ནས།
མི་ཚོགས་ཀྱི་སྡིག་སྒྲིབ་སྦྱོང་བར་ཆས།
ང་རང་གཅིག་པུར་ནགས་ཚལ་གྱི་བས་མཐར་སོང་ནས།
རི་དྭགས་རྨས་མ་ཞིག་ལ་སེམས་གསོ་བྱས།
སྐབས་འདི།ཏག་ཏག་ཉི་འོད་ཚ་བའི་ཉིན་ཞིག་སྟེ།
ཤང་ཤང་འབབ་པའི་ཆུ་མོའི་གྲམ་པ་ན།
སྙིང་རྗེ་བའི་གཟུགས་རིས་ཤིག་ག་ལེར་འགུལ་བའང་མཐོང་ཡོང་།
མཛའ་མཐུན།
སེམས་པའི་མཚོ་ལ་བབས་པའི། །
ཡིད་མཐུན་ངང་པའི་བུ་མོ། །
མཚོ་མཐའ་བསྐོར་ནས་མ་འགྲོ། །
མཚོའི་མོའི་ཁྲུས་ལ་ཞུགས་རོགས། །
གསེར་གྱི་གཤོག་ཟུང་འཇམ་པོས། །
བྱིལ་བྱིལ་ལན་གསུམ་མཛོད་དང་། །
མཚོ་མོའི་གཏིང་གི་ནོར་བུ། །
ཁྱོད་ལས་གཞན་ལ་མི་དབང་། །
བྱང་མཐའི་གྲང་རླུང་བསམ་ན། །
མཚོ་མོ་བཞུར་འགྲོ་བསམ་བྱུང་། །
ངང་ཆུང་གསེར་ལོ་དྲན་ནས། །
མ་སོང་ལྟེམ་མེར་འཁྱིལ་ཡོད། །
དབྱར་ལ་ཆར་ཆུ་མོད་དུས། །
ངང་མོ་རྩེད་རོགས་སྐྱིད་པ། །
དགུན་ལ་ཁ་བ་བབས་ན། །
གསེར་གཤོག་འཇམ་པོ་དྲན་ཡོང་། །
ངང་མོ་སྙིང་ལ་རྗེ་བོ། །
མཚོ་མོའི་གཏན་གྲོགས་ཉན་འགྲོ། །
མཛའ་མཐུན་སྐུད་པ་དམ་པོར། །
བླ་མས་ཚེ་མདུན་བརྒྱབས་ཡོད། །
ང་དང་ལྕང་གླིང་འཇོལ་མོ།
ལྷ་སའི་ལྕང་མའི་གསེབ་ན། །
མཚོ་མོ་གཡས་ལ་འཁྱིལ་ཡོད། །
ངང་ཆུང་ཉིས་འགྲོས་ཤིག་གི།
སེམས་པ་ཆུ་ལ་འདྲེས་སོང་། །
རྒྱ་བཟའི་གཟིམ་ཤག་ནང་ན། །
བྱུར་དམར་མུ་ཏིག་ཆ་གཅིག།
གསེར་སྐུད་བསྟར་ལ་བརྒྱུས་ནས། །
བྱམས་པའི་མགུལ་ལ་བརྒྱན་ཡོད། །
བར་སྐོར་འཚང་ཀའི་ཁྲོད་ན། །
བརྩེ་བའི་ཕྱིར་མིག་ཤོར་ཡོད། །
དུངས་བའི་སྙིང་གི་དུམ་བུ། །
སྐྱིད་ཆུའི་འགྲམ་ན་ལུས་ཡོད། །
ལྕང་གླིང་འཇོལ་མོའི་དབྱངས་རྟ། །
འཁྱམ་པོའི་སྙིང་ལ་སིམ་སོང་། །
ཉིན་མཚན་འགྲོ་འདུག་བར་ནས། །
སྙིང་མཐུན་དྲན་ཐེངས་མང་སོང་། །
འཁྱམས་པོའི་སེམས་ཚོར།
གོ་ལའི་སྒལ་གཞུང་ནས་འཇིག་རྟེན་འགྲིམ་པའི། །
རྣམ་ཤེས་ཁེར་རྐྱང་གི་འགྲུལ་བཞུད་ཐེངས་གཅིག །
གནམ་སའི་བར་མཚམས་ཀྱི་སོ་བ་འདྲ་བར། །
རྣམ་རྟོག་རྒོད་པོ་ཡི་འཕྲོ་འདུ་ཕྲ་མོ། །
ཧི་མཱ་ལ་ཡ་ཡི་སུལ་དུ་བཀྲམས་ཡོད། །
ཉི་ཤུའི་མཚན་སྨག་གི་རྐུན་མ་སྙིང་ནག །
བཅོ་ལྔའི་ཟླ་འོད་ཀྱི་ཆོས་པ་སེམས་དཀར། །
གང་ཡང་མ་ཡིན་པའི་གང་ཟག་དེ་ལ། །
སུ་དང་གང་གིས་ཀྱང་ཅི་བཤད་མེད་རུང་། །
ཨ་མ་གཅིག་པུ་ཡིས་སྙིང་གཏམ་བཤད་སྲིད། །
མདོ་དབུས་ལྕགས་ལམ་གྱི་རྨུ་ཐག་རིང་མོ། །
ཉིན་མཚན་བར་མེད་ཀྱི་འགྲུལ་བཞུད་སུན་མོ། །
མེ་འཁོར་སྒེའུ་ཁུང་གི་ཤེལ་ངོས་བརྒྱུད་ནས། །
ཐག་རིང་བྱང་ཐང་གི་རྐྱང་འབྲོང་མཇལ་དུས། །
གདོད་མའི་མཐོ་སྒང་གི་འཚོ་བ་དྲན་ཡོང་། །
གནས་ཡུལ་ངེས་མེད་ཀྱི་ཨ་མདོའི་འཁྱམས་པོ། །
འགྲོ་འདུག་བྲེལ་མེད་ཀྱི་མི་ཡུལ་ལྗོངས་རྒྱུ། །
ཡུམ་བུ་བླ་སྒང་གི་རྩེ་ནས་བསྐོར་ཏེ། །
ལྷ་ལྡན་གཙུག་ལག་གི་ནང་དུ་མཇལ་ཚེ། །
མེས་པོ་གོང་མ་ཚོའི་བཀའ་དྲིན་དྲན་ཡོང་། །
གནའ་བོའི་བློ་གྲོས་ཀྱི་འོ་མཚོའི་ཀློང་ནས། །
ལེགས་འཁྲུངས་བཙན་པོ་ཡི་མཛད་རྗེས་རེ་རེ། །
ཐོས་ན་ངོ་མཚར་གྱི་གཏམ་རྒྱུད་སྙན་མོ། །
མཇལ་ན་དད་ཞེན་གྱི་བ་སྤུ་སློང་བ། །
ལྷོ་གླིང་ཡང་རྩེ་ཡི་གཅེས་པའི་སྙིང་ནོར། །
ཁྱོད་ལྷག་ཏུ་དྲན།
དེ་རིང་།མཁའ་ངོས་ཀྱི་སྤྲིན་པ་ལེབ་མོ་དག་ལས།
ཉི་ཐིག་གི་ཟིལ་བ་ཤོར་ནས་ས་ཆེན་ལ་དྲོད་མེ་སྟག་ཙམ་རེ་སྦྱིན་སོང་།
གདོད་མིའི་མི་ཚོགས་ནི་སྔར་ལྟར་གྲང་ངར་གྱིས་འདར་བཞིན་འདུག
སྐབས་འདི་ལ།ངས་ཁྱོད་རང་ལྷག་ཏུ་དྲན།
ཁྱོད་ཀྱི་སྐྲ་ལོ་རིང་པོ་དེ་རླུང་གིས་བསྐྱོད་བཞིན།
པོ་ཏ་ལའི་སྐོར་ལམ་ན་ང་སྒུག་ནས་ཨེ་ཡོད་བསམ།
ཡང་ཁྱོད་ཀྱིས་གླུ་ཆུང་སྙན་མོ་ཞིག་ལེན་བཞིན།
བཙན་པོའི་ནང་མའི་གར་སྟེགས་སུ་ང་ལ་འཁྲེང་ནས་ཨེ་ཡོད་བསམ།
དྲན་པའི་བར་སྟོང་འདི་དག་ལ།
ངས་ཁྱོད་ཀྱི་རྒྱབ་གཟུགས་ལ་རི་མོ་འབྲི་འགོ་བརྩམས།
རི་མོ་ནི་སྐྱིད་ཆུའི་རླབས་རིས་དང་གཉིས་སུ་མེད་ལ།
སྙན་ངག་གི་རུས་རྐང་ཟབ་ས་དེར་མཐོ་ལ་དམའ་བའི་ངང་འཛུལ་འགྲོ།
དགུན་ཁའི་ནམ་ཟླ་འདི་ཁེར་རྐྱང་དུ་རོལ་ན་ཧ་ཅང་གྲང་ཡང་།
ཁྱོད་ཀྱི་གཏམ་རྒྱུད་ལ་ཉན་དུས་སེམས་ལ་དྲོད་ཁོལ་ཞིག་འཁྱིལ་ཡོང་།
ཡར་ཀླུང་གཙང་པོའི་བཞུར་རྒྱུན་ནི་རྫོགས་མཐའ་བྲལ་བ་ཇི་བཞིན།
ངས་ཁྱོད་དྲན་པ་ནི་དེ་ལྟར་རྫོགས་མཐའ་བྲལ་བ་ཞིག་རེད།
དེ་རིང་ཡང་།ངས་ཁྱོད་ལྷག་ཏུ་དྲན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1