ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་ཁེ་ལས་འབྲིང་ཆུང་300ཙམ་གྱིས་ལག་གདང་སྦྲེལ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-22



 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཀྲུང་གོའི་ཁེ་ལས་འབྲིང་ཆུང་157དང་། ཡོ་རོབ་དབུས་ཤར་རྒྱལ་ཁབ་17གྱི་ཁེ་ལས་འབྲིང་ཆུང་དང་སྒྲིག་གཞི་135“སྤྲིན་ཚོམ”ཐོག་མཉམ་འཛོམས་བྱས་ཏེ་དྲ་ཐོག་གི་རྣམ་པ་བརྒྱུད་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་བྱས་པ་དང་འབྲེལ། འདོད་འདུན་ཡོད་པའི་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཕྱོགས་གཉིས་པོས་རིམས་ནད་ཀྱི་ཤུགས་རྐྱེན་སེལ་རྒྱུར་སྐུལ་འདེད་བཏང་སྟེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གོམ་སྟབས་མགྱོགས་སུ་བཏང་ཐོག་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་ཐབས་བྱས་པ་རེད།
     དེ་ཉིན་འཚོགས་པའི་ཀྲུང་གོ——ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བརྙན་ལམ་ཆ་འཕྲིན་སྤེལ་རེས་དང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག“ཆ་འཕྲིན་སྤེལ་རེས་ཤར་གཏོང་དང་ཁེ་ལས་མཉམ་ལས་ལ་སྐུལ་སྤེལ་གཏོང་དགོས”ཞེས་བརྗོད་དོན་གཙོ་བོར་བྱས་ནས་པེ་ཅིང་ཚོགས་ར་གཙོ་བོ་དང་ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་ཡན་ལག་ཚོགས་རར་བཀོད་སྒྲིག་བྱས་ཡོད། ཚོགས་ཞུགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས“ཐོན་ལས་དང་བཟོ་ལས་བཟོ་སྐྲུན”དང་། “ཚོང་དོན་མ་འཇོག་དང་ཞིང་ལས” “ཡུལ་སྐོར་དང་མི་ཆོས་རིག་གནས་སྤེལ་རེས” “སྨན་བཅོས་འཕྲོད་བསྟེན”བཅས་ནང་དོན་ཆེན་པོ་བཞིར་དམིགས་ནས་ངོ་འཕྲད་གྲོས་མོལ་བྱས་པར་ཁྱོན་མཉམ་ལས་དྲན་ཐོ་29བཞག་པ་དང་མཉམ་ལས་འདོད་འདུན་19གྲུབ་པ་རེད། ཀྲུང་གོ——ཡོ་རོབ་དབུས་ཤར་གྱི་ཁེ་ལས་འབྲིང་ཆུང་གི་མཉམ་ལས་དྲ་ཐོག་ཞབས་ཞུའི་ལས་སྟེགས་ཀྱང་ཚོགས་འདུའི་ཐོག་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
     ཀྲུང་གོ——ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དྲུང་ཆེ་ཁྲུའི་འཐུས་མིས་ས་གནས་ས་ཐོག་ཏུ་ཤིས་ཚིག་སྒྲོན་སྐབས། རྒྱལ་ཁབ་ཁག་གི་རིམས་ནད་ཀྱི་དུས་བབ་ལེགས་སུ་འགྲོ་བ་དང་སྦྲགས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཚང་མར་ཡང་དཔལ་འབྱོར་སླར་གསོ་དང་དམངས་འཚོ་འགན་ལེན་གྱི་འགྲན་སློང་གསར་པ་འཕྲད་ཡོད། ཁེ་ལས་འབྲིང་ཆུང་ནི་རྒྱལ་ཁབ་ཁག་གི་དཔལ་འབྱོར་གསོན་ཤུགས་རྒྱུན་འཁྱོངས་བྱེད་པའི་འབྱུང་ཁུངས་གཙོ་བོ་ཡིན་ལ། ལས་ཞུགས་བསྡུ་ལེན་བྱེད་པའི“གཙོ་ཤུགས་དམག”ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཆ་འཕྲིན་སྤེལ་རེས་བྱས་ཏེ། ཕྱོགས་གཉིས་པོའི་ཁེ་ལས་འབྲིང་ཆུང་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་མཉམ་ལས་ཀྱི་ལས་སྟེགས་དེ་བས་མང་བ་བཏོད་དེ། རྒྱལ་ཁབ་ཁག་གི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་ཐེབས་པའི་རིམས་ནད་ཀྱི་ཤུགས་རྐྱེན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
     ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཀྱི་ཚོགས་ཞུགས་འཐུས་མིའི་གྲས་ཤིག་ཡིན་པའི་ཁ་རེ་ཤེ་ཡའི་དཔལ་འབྱོར་པུའི་རྒྱལ་དོན་དྲུང་ཡིག་མ་ལི་ཨའོ·ཨན་ཏུང་ཉི་ཆིས་བརྙན་ལམ་ཤིས་ཚིག་སྒྲོན་སྐབས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་གི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་མ་ལག་ལ་ཤུགས་རྐྱེན་ངན་པ་ཐེབས་པས། མིག་སྔར་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་དཔལ་འབྱོར་སླར་གསོ་བྱ་རྒྱུར་དོ་སྣང་བྱེད་དགོས་ལུགས་བརྗོད་པ་རེད།
     ཚང་ཀྲོའུ་གྲོང་ཁྱེར་དུ་གནས་པའི“ཀྲུང་གོ——ཡོ་རོབ་དབུས་ཤར་གྱི་ཁེ་ལས་འབྲིང་ཆུང་མཉམ་ལས་ཁུལ”དེ་2018ལོར་འཁོར་རྒྱུག་བྱེད་འགོ་བཙུགས་ཚུན། ཕྱོགས་གཉིས་པོའི་ཁྱབ་ཁོངས་མང་པོའི་མཉམ་ལས་རྒྱ་ཁྱབ་ངང་བྱེད་པའི་ལས་སྟེགས་སུ་འཕེལ་རྒྱས་ཕྱིན་ཡོད། ཚང་ཀྲོའུ་གྲོང་ཁྱེར་གྱི་ཧྲི་ཀྲང་མེ་ཧྲི་ཐུང་གིས་ཚོགས་འདུའི་ཐོག་ཚང་ཀྲོའུ་ཡིས་དེ་གོ་སྐབས་སུ་བྱས་ནས་འབྲེལ་མཐུད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། མ་འཇོག་ཁོར་ཡུག་ལེགས་སུ་གཏོང་བ། མཉམ་ལས་རྣམ་གྲངས་སྐྲུན་མགྱོགས་སུ་གཏོང་བ། སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
     ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ——ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དྲུང་ཡིག་ཁྲུའུ་དང་ཀྲུང་གོ——ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གི་མཉམ་ལས་མཐུན་སྦྱོར་ལམ་སྲོལ(ཁ་རེ་ཤེ་ཡས་སྣེ་ཁྲིད་པ)གྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་བཟོ་འཕྲིན་པུའི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སྐུལ་འདེད་ལྟེ་གནས་དང་། ཚང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀྲུང་གོ——ཡོ་རོབ་དབུས་ཤར(ཚང་ཀྲོའུ)གྱི་ཁེ་ལས་འབྲིང་ཆུང་མཉམ་ལས་ཁུལ་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་ཁུར་བ་ཞིག་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1