ཟླ་6ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན”གྱི་འགོ་ཚུགས་མཛད་སྒོ་དེ་ཡུན་ནན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཚོགས་པ་རེད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ། ཞིབ་འཇུག་པ་ཧྥེང་ཀྲི་དང་། བདེ་ཆེན་ཁུལ་ཨུད་ཀྱི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མེའོ་ཡིའུ་ཧྥ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། བདེ་ཆེན་ཁུལ་ཨུད་དྲིལ་བསྒྲགས་པུའུ་དང་། བདེ་ཆེན་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། བདེ་ཆེན་ཁུལ་ནང་བསྟན་མཐུན་ཚོགས། ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་། བདེ་ཆེན་ཁུལ་བོད་རིག་པ་ཞིབ་འཇུག་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་བདེ་ཆེན་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས“ཚད་གཞི་བཞི”ཁ་དན་ཚིག་གནས་ཀྱི་བསམ་བློ་སློབ་གསོའི་རེས་སྐོར་གསོ་སྦྱོང་ནང་ཞུགས་མཁན་གསོ་སྦྱོང་འཛིན་གྲྭའི་སློབ་མ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
ཧྥེང་ཀྲིས་ཤིས་ཚིག་སྒྲོན་སྐབས། བདེ་ཆེན་ཁུལ་གྱི“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན”གྱི་འགྲེམས་སྟོན་དཔྱད་གཞི་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གིས་མཁོ་འདོན་བྱས་པ་ཡིན་ལ། བདེ་ཆེན་ཁུལ་གྱིས“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན”འགྲེམས་པ་བརྒྱུད། ལྟ་སྐོར་བས་དེ་བས་ཆ་ཚང་བ་དང་། འབུར་དུ་ཐོན་པ། བདེན་པ་བདེན་ཐུབ་བཅས་ཀྱི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ཤེས་རྟོགས་ཐུབ་པ་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུའི་ཡིད་ཆེས་ཡོད། སླད་ཕྱིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གིས་ད་དུང་བདེ་ཆེན་ཁུལ་གྱིས“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན”དང་དེ་བཞིན་ཕུལ་བྱུང་གི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་སྤེལ་རྒྱུར་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཞིབ་འཇུག་དང་རིག་གནས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་བདེ་ཆེན་བོད་རིགས་ས་ཁུལ་གྱི་གཞི་རིམ་དུ་མུ་མཐུད་སྣུར་སྲིང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
མེའོ་ཡིའུ་ཧྥ་ཡིས་གཏམ་བཤད་སྤེལ་སྐབས། འགྲེམས་ཁང་གི་བྱེད་ནུས་དང་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཆེད་དོན་འགྲེམས་སྟོན་དེ་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རིག་གནས་དྲིལ་བསྒྲགས་བྱེད་པ་དང་། བདེ་ཆེན་བོད་རིགས་ས་ཁུལ་གྱི་ལོ་རྒྱུས་ངོ་སྤྲོད་བྱེད་པ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་དགེ་འདུན་པ་གསོ་སྐྱོང་བྱེད་པའི་སློབ་ཁང་གལ་ཆེན་དུ་འགྱུར་བ་བྱེད་དགོས། ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་གཙོ་བོར་འཛིན་ནས། དྲིལ་བསྒྲགས་བྱེད་རྒྱ་ཆེ་རུ་དང་སྣུར་སྲིང་བྱ་རྒྱུར་སྣང་ཆེན་བྱས་ཏེ《ཆོས་ལུགས་ལས་དོན་སྲོལ་ཡིག》དང《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》སོགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་སྔར་བས་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བའི་བསམ་བློའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། ལས་ཀའི་རྨང་གཞི་བཅས་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་བདེ་ཆེན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བརྗོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “བདེ་ཆེན་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན”གྱི་གཏན་འཇགས་འགྲེམས་ཁང་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བཙུགས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཇུས་འགོད་བྱེད་སྟངས་ལ་དཔེ་བལྟས་ཡོད། ཁྱོན་སྡེ་ཚན་བཞི་ལ་དབྱེ་ནས། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བྱུང་བ་དང་། རིམ་འགྱུར། ལོ་རྒྱུས་ཀྱི་ངེས་སྲོལ། ད་ལྟའི་གནས་ཚུལ་བཅས་ཕྱོགས་བཞི་ནས་འགྲེམས་སྟོན་བྱས་པ་དང་། གཤམ་དུ་འགྲེམ་ཁང་གཉིས་བཙུགས་ཡོད་པ་སྟེ། འགྲེམས་ཁང་དང་པོས་སྤྲུལ་སྐུའི་ཡང་སྲིད་ཀྱི་ལོ་རྒྱུས་དེ་ཁུངས་སྣེར་བྱས་པ་དང་། འགྲེམས་ཁང་གཉིས་པས་གཙོ་བོ་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་གཉིས་ཀྱི་ཡང་སྲིད་ངོ་སྤྲོད་བྱས་ཡོད།