སྙིང་མོ་རྒྱལ།
[གནད་བཏུས] རྩོམ་འདིར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་པོ་གློག་ཕྲེང་དྲ་བ་ཅན་ཞེས་པ་དེར་གནའ་དེང་ཟུང་འབྲེལ་གྱི་སྒོ་ནས་དེའི་སྒྱུ་རྩལ་ཁྱད་ཆོས་ལ་དཔྱད་པ་ཅུང་ཟད་བཏང་ཡོད་ལ། ཞོར་དུ་བསྟོད་རྩོམ་དེའི་ཁྲོད་དུ་བྱུང་བའི་གབ་སྦས་ཅན་གྱི་ཚིག་རེ་གཉིས་ཀྱི་དོན་ལ་ཡང་ཅུང་ཟད་དཔྱད་ཡོད།[གནད་ཚིག] ལྷ་མོ་དབྱངས་ཅན་མ། རྗེ་ཙོང་ཁ་པ། བསྟོད་རྩོམ། སྙན་ངག
སྤྱིར་ན་རྗེ་རིན་པོ་ཆེའི་བཀའ་རྩོམ་ཐོར་བུ་རུ་ཁྱོན་བསྡོམས་བརྩམས་ཆོས་ཁག་བརྒྱ་དང་སུམ་ཅུ་ལྷག་ཡོད་ལ། དེ་དག་གི་ཁྲོད་དུ་སྙན་ངག་གི་བརྩམས་ཆོས་བརྒྱ་དང་ཉི་ཤུ་ལྷག་ཡོད། དེར་བསྟོད་པ་དང་། སྨོན་ལམ། འཕྲིན་ཡིག བརྒལ་རྟག ཞུ་ཡིག ཞལ་གདམས་ཀྱི་སྐོར་མང་དུ་ཡོད་ན་ཡང་། གཙོ་ཆེ་ཤོས་ནི་ལྷ་དང་བླ་མ། ཡི་དམ་ཆོས་སྐྱོང་། མི་དབང་རྒྱལ་པོ་སོགས་ལ་བསྟོད་པའི་སྐོར་ཡིན་པས། བསྟོད་རྩོམ་ནི་རྗེ་རིན་པོ་ཆེའི་སྙན་ངག་གི་བརྗོད་བྱ་གཙོ་གྲས་ཡིན། བསྟོད་པའི་སྐབས་སུའང་རང་གི་བླ་མ་བཀའ་དྲིན་ཅན་དང་ལྷག་པའི་ལྷ། ཡི་དམ་ཆོས་སྐྱོང་ནུས་མཐུ་ཅན་དག་གི་མཚན་དཔེ་བཟང་པོའི་ཡོན་ཏན་སོགས་ཕྱིའི་སྐུའི་རྣམ་པའི་མཛེས་པ་ཕུན་སུམ་ཚོགས་པ་དང་། ནང་ཐུགས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མཐའ་ཡས་གཏིང་དཔག་དཀའ་བ། ད་དུང་བསྟན་དང་འགྲོ་བའི་དོན་ལ་འཕྲིན་ལས་རྒྱ་ཆེར་སྤེལ་བའི་ཚུལ་ལ་ལྷག་བསམ་དག་པའི་ངང་ནས་བསྟོད་པ་བྱས་ཤིང་། ཞོར་དུ་རང་ཉིད་ལ་ཤེས་བྱའི་བློ་ཁ་རྒྱས་པའི་དངོས་གྲུབ་ཞུ་བ་སོགས་ཀྱིས་གྲུབ་པ་ཡིན། དཔེར་ན། འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་དང་།རྗེ་བཙུན་བྱམས་པ་མགོན་པོར་བསྟོད་པ། ལྷ་མོ་དབྱངས་ཅན་མའི་བསྟོད་པ། མར་གད་ཁུ་བ་འཁྱིལ་འདྲའི་མཚོ་འགྲམ་དུ། ། སོགས་ནི་གོང་གི་བསྟོད་ཚུལ་དེ་ལས་མ་འདས་སོ། །
དང་པོ། ཁ་དོག་གིས་བྲིས་པའི་ཡིད་ཁམས་ཀྱི་རི་མོ།
མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་ས་ཁུལ་དང་ཚོ་ཁག་མི་གཅིག་པ། སེམས་ཁམས་ཆགས་སྟངས་དང་འདུ་ཤེས་འཛིན་སྟངས་མི་གཅིག་པ། རིག་གནས་དང་ལོ་རྒྱུས་རྒྱབ་ལྗོངས་མི་གཅིག་པ་ལ་བརྟེན་ནས་མཛེས་དཔྱོད་ཀྱི་ལྟ་བ་ཡང་མི་གཅིག་པ་ཆགས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་མི་རིགས་སོ་སོས་ཁ་དོག་ལ་བཟུང་བའི་མཛེས་འཛིན་གྱི་སེམས་ཁམས་དང་། དེའི་མཚོན་དོན་ཡང་མི་གཅིག་པ་རེད། དཔེར་ན། རྒྱ་མི་རིགས་ཀྱིས་དམར་པོ་བཀྲ་ཤིས་པའི་མཚོན་དོན་དུ་བཞག་ནས་སྐྱིད་ཀྱི་ཉི་མ་དམར་པོ་འཆར་ལྟ་བུ་དང་། རྒྱ་གར་དང་བོད་མི་རིགས་ཀྱིས་དཀར་པོ་མཆོག་ཏུ་འཛིན་པས་ལྷག་བསམ་གངས་རི་དཀར་པོ་ལྟ་བུ། ཨ་རི་པ་སྔོན་པོར་དགའ་ཞིང་དེས་རང་དབང་མཚོན་པ། ཧྭ་ས་ཁི་མི་རིགས་ལྗང་ཁུར་མོས་ཤིང་དེའི་ཁོ་ཚོའི་དབྱི་སི་ལན་གྱི་ཆོས་ལུགས་མཚོན་པ་ལྟ་བུ་རེད། འདི་ལྟར་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་ལྟ་ཚུལ་ཐ་དད་པའི་དབང་གིས་ཁ་དོག་ནི་འཚོ་བའི་ཁྱབ་ཁོངས་དང་། ཆོས་ལུགས་ཀྱི་ཁྱབ་ཁོངས། སྒྱུ་རྩལ་གྱི་ཁྱབ་ཁོངས་སོགས་སུ་ཡང་མཚོན་དོན་ཁ་ཁ་སོ་སོ་ཡིན། དཔེར་ན། ནང་བསྟན་ཆོས་ལུགས་ཀྱི་གཞུང་ན་སངས་རྒྱས་དང་བྱང་སེམས་མང་པོར་ཡང་དེ་མཚོན་ཐུབ་པའི་ཁ་དོག་རེ་རེ་ཡོད་པ་ནི་སྒྲོལ་མ་དཀར་མོ་དང་ལྗང་ཁུ། འཇམ་དབྱངས་དཀར་དམར་སེར་གསུམ་སོགས་མང་བ་ལྟ་བུ། འདི་ལྟ་བུའི་མཐོང་སྣེ་ཞིག་གི་ངོས་ནས། རྗེ་རིན་པོ་ཆེས་མཛད་པའི་དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན་ཞེས་པ་འདིར་ཐེངས་གཅིག་བལྟས་ན། ཐོག་མར་བསྟོད་པ་འདི་ཤོ་ལོ་ཀ་བཞིས་གྲུབ་པའི་སྙན་ངག་ཐུང་ངུ་ཞིག་ཡིན་ན་ཡང་། དེར་ཁ་དོག་གི་ཚོགས་མང་པོ་ཞིག་ཚོན་དུ་བསྡེབས་པ་ལྟར་བྲིས་ཡོད་དེ།“ཆུ་འཛིན་དཀར་པོ”“མཁའ་ཡི་མཛེས་བྱེད”“པདྨའི་བཞིན”“མཐོན་མཐིང་རལ་བ”“འོད་དཀར་ཅན”“སྟོན་ཟླ་རྒྱས་པ”བཅས་ཚིག་ཟུར་དུ་ཐོན་དང་མ་ཐོན་གྱི་ཁ་དོག་བརྗོད་པའི་ཚིག་ཐེངས་དྲུག་ལ་བྱུང་ཡོད་ཅིང་།“མཁའ་ཡི་མཛེས་བྱེད”དང“མཐོན་མཐིང་རལ་བ”གཉིས་ཕུད་པའི་གཞན་ཚང་མ་ཁ་དོག་དཀར་པོ་བརྗོད་པ་དག་རེད། དེ་བས་སྙན་ངག་འདིའི་འཇུག་ངོགས་ལྟ་བུ་ཡང“དཀར་པོ”ཡི་ཡིད་བརྙན་རེད། སྤྱིར་ན་དཀར་པོས་བོད་ཀྱི་རིག་གནས་ཁྲོད་དུ་གཅིག་ནས་དྭངས་གཙང་དང་དྲི་མ་མེད་པ། ལྷག་བསམ་དང་དད་འདུན་མཚོན་པ་དང་། གཉིས་ནས་མཛེས་ཤིང་ཡིད་དུ་འོང་བ། ཞི་ཞིང་འཇགས་པའི་སེམས་འདུན་མཚོན་པས། འདིར་སྙན་ངག་ཐུང་ངུ་ཞིག་ལ“དཀར་པོ”ཡི་ཡིད་བརྙན་ཐེངས་བཞི་ལ་བྱུང་བ་འདིས་ཀྱང་དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲི་མ་མེད་པ་མཚོན་པར་བྱས་ཡོད། ཡང་གཅིག་བཤད་ན་སྙན་ངག་ཏུ“དཀར་པོ”ཡི་ཡིད་བརྙན་ཐེངས་བཞི་ལ་བྱུང་བ་འདི་བསྐྱར་བ་དང་ཟློས་པའི་སྐྱོན་དུ་མི་འགྲོ་བར། གངས་རིའི་ཞིང་དང་འོ་མའི་མཚོ་ལྟ་བུའི་དཀར་ཞིང་གཙང་ལ་ཞི་ཞིང་འཇགས་པའི་སྙན་ངག་གི་ཁམས་ཤིག་ལྷུན་གྱིས་གྲུབ་པའི་ལྷུ་ཚིགས་ལྟ་བུའི་ནུས་པ་ཡོད། དེ་བས་ཐོག་མར“ཆུ་འཛིན་དཀར་པོ”“པདྨའི་བཞིན”“འོད་དཀར་ཅན”“སྟོན་ཟླ་རྒྱས་པ”སོགས“དཀར་པོ”ཡི་ཡིད་བརྙན་གྱིས་ སྙན་ངག་འདིའི་སྤྱིའི་བར་སྟོང་གི་ཁམས་ལ་དཀར་ཞིང་གཙང་བའི་ཚོན་རྩི་བྱུགས་ཡོད།
དེ་ནས“མཁའ་ཡི་མཛེས་བྱེད”ཀྱི་ཁ་དོག་སྣ་ལྔ་བཀོལ་ནས་སྔོན་མར“དཀར་པོ”བྱུགས་པའི་གཞི་རྩའི་ཚོན་གྱི་སྟེང་དུ་སླར་ཡང་འཇའ་རིས་འཐེན་ནས་ཡིད་ཁམས་ཀྱི་ཟུར་བརྒྱན་པ་དང་། དེ་ནས“མཐོན་མཐིང་རལ་བ”ཡི་མཐོན་མཐིང་གི་མདོག་གིས་སྔར་གྱི་མཛེས་པའི་ཉམས་ཀྱི་སྟེང་དུ་ཕྲ་རྒྱན་བཏབ་ཡོད་པས། སྙན་ངག་གི་ཁམས་ལ་ཡི་གར་འོང་བའི་བཀྲག་མདངས་བསྣན་པ་རེད། དེ་བས་ང་ཚོས་སྙན་ངག་འདི་རས་ཀྱི་ངོས་ལ་ཚོས་ཁ་རྒྱག་པ་ལྟ་བུ་ཡིན་པར་བྱས་ནས་རོལ་མྱོང་བྱས་ན། དེ་རུ་ཐོག་མར་དཀར་ཞིང་གཙང་བའི་རས་གཞི་ཆེན་པོ་ཞིག་གི་མཐའ་རུ་ཁ་དོག་སྣ་ཚོགས་ཀྱིས་འཇའ་ཐིག་འཐེན་པ་དང་། དེའི་ངོས་གང་རུང་དུ་ཚོས་ཁ་ཅུང་ཟད་ལྷོད་པའི་མཐོན་མཐིང་གི་མདོག་གིས་ཟུར་བརྒྱན་པའི་ཐང་ཀ་ཞིག་ཡིད་ལ་འཆར་འོང་བ་ནི། སྙན་ངག་འདིའི་ཁ་དོག་སྒྱུ་རྩལ་གྱི་ཐུན་མིན་ཁྱད་ཆོས་རེད། དེ་ལྟར་དུ་ཁ་དོག་གི་ཡིད་བརྙན་གྱི་བཀོད་སྒྲིག་ལེགས་པོ་ཞིག་ལ་བརྟེན་ནས་སྙན་ངག་འདིའི་ཡིད་ཁམས་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད་པ་རེད། གཞན་ཡང་གོང་ནས་བརྗོད་པ་བཞིན“དཀར་པོ”ཡིས་དྭངས་གཙང་དང་ལྷད་མེད་པ་མཚོན་ལ། མཐོན་མཐིང་གིས་ལང་ཚོའི་མཛེས་པའི་ཆ་ཤས་ཤིག་མཚོན་ན། དེས་ན“མཁའ་ཡི་མཛེས་བྱེད”(འདིར་བརྗོད་པའི་འཇའ་ཚོན་གྱིས་ངེས་པར་དུ་ཁ་དོག་སྣ་ལྔ་མཚོན་དགོས་དོན་མེད་པར་སྙམ། བོད་ཀྱི་སྐད་དུ་ཁ་དོག་མི་གཅིག་པ་མང་དུ་འདུས་པའི་ཚེ་དེར་འཇའ་ཚོན་དུ་བརྗོད་དེ། མེ་ཏོག་གི་འཇའ་ཚོན་ཟེར་དུས་སྣ་མི་གཅིག་པའི་མེ་ཏོག་མང་དུ་ཡོད་པར་གོ)ཀྱིས་བསྟོད་པ་འདིར་ཅི་ཞིག་མཚོན་པ་ཡིན་ནམ་ཞེ་ན། རྣམ་པ་གཅིག་ཏུ་ན། དེས་རང་བཞིན་གྱི་མཛེས་པ་ཙམ་མཚོན་པ་མ་ཡིན་པར། ངག་རིག་གི་ལྷ་མོ་དབྱངས་ཅན་མ་ནི། སངས་རྒྱས་བྱང་སེམས་མང་པོའི་ངོ་བོ་གཅིག་བསྡུས་ཀྱི་ཆ་ཡིན་པར་ཁ་དོག་གི་ལམ་ནས་མཚོན་ཡོད་ཀྱང་སྲིད་དེ། རྗེའི་རྣམ་ཐར་ཆེན་མོ་རུ། “ཤར་ཕྱོགས་ཀྱི་སངས་རྒྱས་བྱང་སེམས་རྣམས་སྐུ་མདོག་དཀར་པོ་རྣམ་སྣང་གི་རྣམ་པར་བྱོན་པ་གཟིགས། དེ་བཞིན་དུ་ལྷོ་ཕྱོགས་པ་རྣམས་རིན་འབྱུང་སེར་པོ། ནུབ་ཕྱོགས་པ་རྣམས་འོད་དཔག་མེད་དམར་པོ། བྱང་ཕྱོགས་པ་རྣམས་དོན་གྲུབ་ལྗང་ཁུ། དབུས་ཕྱོགས་པ་རྣམས་མི་བསྐྱོད་པ་སྔོན་པོའི་རྣམ་པར་བྱོན་ནས། ནམ་མཁའི་ཁམས་ཐམས་ཅད་བར་མཚམས་མེད་པར་གང་སྟེ་བཞུགས་པ་གཟིགས”①ཤིང་ཉམས་སྣང་ལ་བྱུང་མྱོང་བར་གསུངས་ཡོད་པ་ལ་བརྟགས་ན། རྗེ་ཙོང་ཁ་པས་ལྷ་མོ་དབྱངས་ཅན་མ་ནི་ཕྱོགས་ལྔའི་བྱང་སེམས་རྣམས་ཀྱི་ངོ་བོ་གཅིག་ཏུ་བསྡུས་པ་ལྟ་བུར་བསྟོད་པ་བྱས་ཡོད་ཀྱང་སྲིད་པས། གང་ལྟར་ཀློག་པ་པོའི་དབང་པོོ་རབ་འབྲིང་གི་བབ་དང་བསྟུན་ནས་དཔྱད་ན་དེ་བཞིན་དུ་གོ་རྒྱུ་ཞིག་ཡོད་པར་འདོད་དོ། །
གཉིས་པ། སྣང་བརྙན་གྱིས་བཞེངས་པའི་གསོན་ཉམས།
སྤྱིར་རྩོམ་རིག་ལ་དབྱེ་ན་དངོས་པོ་སྤྱི་མཚན་བརྗོད་པའི་གཏན་ཚིགས་རིག་པའི(逻辑思维)རྩོམ་རིག་དང་དངོས་པོའི་རང་མཚན་བརྗོད་པའི་སྣང་བརྙན་བསམ་གཞིག(形象思维)གི་རྩོམ་རིག་གཉིས་ཡོད་པ་ལས། སྒྱུ་རྩལ་རྩོམ་རིག་ནི་སྣང་བརྙན་བསམ་གཞིག་ཅན་གྱི་རིགས་ལ་གཏོགས་པས། སྣང་བརྙན་ནི་སྒྱུ་རྩོམ་གྱི་སྲོག་ཤིང་ལྟ་བུ་ཡིན། དེ་བས་དོར་ཞི་གདོང་དྲུག་སྙེམས་བློས།“དབང་པོོའི་ཡུལ་དང་དབང་ཡུལ་ལས་འདས་པའི། ། བརྗོད་བྱའི་དོན་གྱི་སྣང་བརྙན་མངོན་སུམ་བཞིན། ། བློ་ཡི་མེ་ལོང་ངོས་ལ་གསལ་ལྷང་ངེར། ། འགོད་པའི་རྩོམ་སྟངས་རྩོམ་རིག་ཀུན་གྱི་སྲོག །”②ཅེས་སྣང་བརྙན་ནི་རྩོམ་རིག་གི་སྲོག་ལྟར་གལ་ཆེན་ཡིན་པའི་ཚུལ་བརྗོད་ཡོད་པས། རྩོམ་ཡིག་ལེགས་པོ་ཞིག་ཡིན་ན་སྣང་བརྙན་ནི་ངེས་པར་དུ་འགོད་དགོས།
དེ་བས་ང་ཚོས་བསྟོད་པ་ཆུ་འཛིན་དཀར་པོའི་སྣང་བརྙན་གྱི་ཐད་ལ་བལྟས་ན། སྙན་ངག་འདི་ཀློག་སྐབས་ལྷ་མོ་དབྱངས་ཅན་མ་ནི་ལྷ་མོ་ཞིག་ཡིན་པའི་འདུ་ཤེས་དོར་ནས། སྤྱིར་བཏང་གི་སྙན་ངག་ཅིག་ཀློག་པའི་མོས་པ་བཟུང་ནས་བཀླག་ཚེ། འདིའི་ཁྲོད་ནས་ང་ཚོས“མི་ཡི་བུ་མོའི་དབུས་ན་འཇོ་སྒེག་མཁན”ཞིག་མངོན་སུམ་དུ་མིག་གིས་མཐོང་ཡོང་སྟེ། དཔེར་ན། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག ། མཐོན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན། ། རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། ། ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། ། རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག ། མིག་གིས་ལྟ་བའི་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག ། ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། ། ཅེས་པ་ལྟ་བུ་ལས། བུ་མོ་དེའི་གདོང་ནི་མེ་ཏོག་པདྨ་ལྟར་དཀར་ཞིང་དྭངས་ལ། མིག་ཟུང་ནི་དཀྱུས་ཕྲ་ཞིང་རིང་བ། རི་དྭགས་ཀྱི་མིག་ལྟར་མཛེས་པར་མ་ཟད། བུང་བའི་འཕུར་ལྡིང་ལྟར་ཀེམ་ཀེམ་དུ་གཡོ་བས་དུང་བའི་ཟུར་མིག་སྟོན་པའི་ཉམས་ལྡན་པ། སྐྲ་ལོ་གནག་ཅིང་སྣུམ་པ་ལ་དངུལ་དཀར་གྱི་ཕྲ་རྒྱན་བཏབ་པ། ལང་ཚོ་དར་ལ་བབ་ཅིང་འགྲོ་འདུག་སྤྱོད་གསུམ་ལ་གར་གྱི་སྒེག་ཉམས་ཀྱིས་ཕྱུག་པ། རང་བཞིན་གྱིས་བརྩེ་བའི་གཤིས་ཀ་དང་ལྡན་པས། ཕར་བལྟས་ཚོད་ཀྱི་ལྟ་བའི་ཆོག་ཤེས་འཛིན་མི་ཐུབ་པར་མ་ཟད། ལྷག་པར་མཛངས་པའི་རྟགས་སུ་ཤེས་བྱའི་གནས་ཀུན་ལ་བྱང་ཆུབ་ཅིང་གླུ་ལེན་གྱི་སྐད་ངག་ཤིན་ཏུ་སྙན་པས། སྐྱེས་པའི་ཡིད་སེམས་སྐད་ཅིག་ཉིད་ལ་བརྐུ་བར་བྱེད་པའི་སྨན་མཆོག་ཅིག་མིག་སོགས་དབང་པོོ་ལྔ་ལ་མངོན་སུམ་མྱོང་རྒྱུ་ཡོད་པ་ཞིག་རེད། དེ་བས་ང་ཚོ་ལྷ་མོ་མཐོང་མྱོང་མེད་པའི་ཕལ་བའི་མིས་སྙན་ངག་འདི་ཀློག་དུས་མ་བསྒོམས་ཀྱང་མིག་ལ་སྣང་ཡོང་བ་ནི། ད་སྐབས་བརྙན་འཕྲིན་དང་དཔེ་དེབ་རྣམས་སུ་ཡོད་པའི་འཛམ་གླིང་མཛེས་མའི་ཕུད་དང་མཆོག་ཏུ་བསྔགས་པའི“ཡིད་འཕྲོག་ལྷ་མོ”དེ་དག་གོ །
གསུམ་པ། ཚིག་སྦྱོར་གྱིས་དཀྲོལ་བའི་སྒྲ་དབྱངས།
བསྟོད་པ་འདི་ནི་བཀླགས་ན་ངག་ནས་དཀྲོལ་དགོས་པ་ཞིག་མ་ཡིན་པར་ཁྲོལ་འོང་བ་ཞིག་ཡིན་པས། ཁ་ལ་བདེ་ཞིང་ཚིག་གི་སྡེབ་རྣམས་ལྷོད་ཅིང་འགྱུར་དང་ལྡན་པ་ནི་ཅུང་ཟད་ཙམ་མ་ཡིན་པར་གཞན་ལས་ཁྱད་ཆོས་བླ་ལྷག་ཏུ་ལྡན་པ་ཞིག་ཡིན་པས། ཡི་གེའི་ལྕི་ཡང་གི་སྡེབ་སྦྱོར་ལྟར་བརྩམས་ཡོད་པ་ནི་གདོན་མི་ཟ། དེ་ཡང་ཡིན་ངེས་ཏེ་རྣམ་ཐར་ལས།“འོལ་ཁ་ལ་སོགས་པར་བོ་དོང་པ་སྒྲ་པ་ནམ་བཟང་ལ་ཀ་ལཱ་པ་དང་། ཙནྡྲ་པ་སོགས་གསན་ནས་མཁས་པར་མཁྱེན་ཀྱང་དངོས་སུ་ཞལ་གྱིས་མ་བཞེས་སོ། ། དེ་ཡང་དེ་ཉིད་ལ་མེ་ལོང་མ་ལ་སོགས་པ་སྙན་ངག་གི་གཞུང་རྣམས་གསན་ནས་ཐུགས་སྦྱོང་མཛད་པས་ཤིན་ཏུ་མཁས་པར་གྱུར་ནས། དེ་དུས་དབྱངས་ཅན་མ་ལ་བསྟོད་པ། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག ། ཅེས་སོགས་མཛད་པས་རྒྱན་གྱི་ཉམས་འཆར་ཞེས་གྲགས་སོ། །”③ཞེས་གསུངས་ཡོད་པ་ལས། བསྟོད་མཆོག་འདི་ནི་རྗེ་རིན་པོ་ཆེས་སྒྲ་རིག་པ་དང་སྙན་ངག་གི་གཞུང་ལ་སྦྱངས་པ་མཛད་ནས་ཡུན་རིང་མ་ལོན་པ་ཞིག་ཏུ་བརྩམས་པ་ཡིན་པས། དེར་སྒྲའི་ཡི་གེ་ལྕི་ཡང་གི་སྡེབ་དང་སྙན་ངག་ལས་ཐ་སྙད་ཀྱི་མཛེས་པའི་སྡེབ་སྦྱོར་ལྟར་བརྩམས་ཡོད་པ་ནི་རིགས་པས་སྒྲུབ་ཐུབ། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ཕྲན་ལྟ་བུའི་བློ་དམན་རྣམས་ལ་སྒྲ་རིག་པར་ཐོས་བསམ་མེད་པས། དེའི་མཛེས་པ་ལ་གཞུང་ལུགས་དང་ལྡན་པར་རོལ་མྱོང་བྱ་མི་ཐུབ།
གཞན་ཡང་། བསྟོད་རྩོམ་འདིར་སྤྱིར་ཤོ་ལོ་ཀ་བཞིས་གྲུབ་ཡོད་ན་ཡང་། དེར་སྙན་ངག་མེ་ལོང་མའི་གཞུང་དུ་བསྟན་པའི་རྒྱན་མི་འདྲ་བ་གསུམ་བཀོལ་ཡོད་དེ། ཤོ་ལོ་ཀ་དང་པོར་དཔེ་རྒྱན་གྱི་ནང་གསེས་དང་པོ་ཆོས་དཔེ་བཀོལ་ནས། དབྱངས་ཅན་ལྷ་མོའི་སྤྱིའི་མཛེས་སྡུག་ཡིད་འོང་གི་ཆ་ལ་བསྟོད་པ་བྱས་ཡོད་པ་ནི། ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན། ། མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། ། དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། ། རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། ། ཤོ་ལོ་ཀ་གཉིས་པར་རང་བཞིན་བརྗོད་པའི་རྒྱན་ལས་རྫས་རང་བཞིན་བརྗོད་པའི་རྒྱན་བཀོལ་ནས། བྱེ་བྲག་གིས་དབྱངས་ཅན་ལྷ་མོའི་བཞིན་རས་སོགས་ལ་བསྟོད་པ་བྱས་ཡོད་པ་ནི། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག ། མཐོན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན། ། རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། །ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། ། ཅེས་ཤོ་ལོ་ཀ་གསུམ་པར་སྒྲ་རྒྱན་ལས་མཐའ་ཐོག་སྦྱར་བའི་སྒྲ་རྒྱན་བཀོལ་ནས། དེ་ལྟ་བུའི་ལྷ་མོ་ཞིག་ལ་ངག་གི་དངོས་གྲུབ་སྩོལ་བར་སྐུལ་བ། རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག ། མིག་གིས་ལྟ་བའི་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག ། ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། ། ཤོ་ལོ་ཀ་བཞི་པར་སླར་ཡང་ཆོས་དཔེ་བཀོལ་ནས། ལྷ་མོ་གང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་ཡས་པ་ལ་བསྟོད་པ་བྱས་ཡོད་པ་ནི། སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། ། ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན། །ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བ། ། དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད། ། ཅེས་པ་ལྟར་ཡིན་མོད། རྒྱན་འདི་དག་གི་བཀོལ་སྟངས་ནི། གཅིག་ནས་སྐད་ཆའི་ཁྱད་ཆོས་དང་མཐུན་པ། གཉིས་ནས་ཚིག་གི་སྡེབ་འགྲིག་པ། གསུམ་ནས་རྒྱན་གྱི་མཚན་ཉིད་དང་ཤིན་ཏུ་འཚམ་པས། དོན་ཕུན་སུམ་ཚོགས་པའི་སྙན་ངག་ཡིན་པར་མ་ཟད། སྙན་ངག་གི་དཔེར་བརྗོད་ཕུལ་དུ་བྱུང་བ་ཞིག་ཀྱང་རེད།
མདོར་ན་བསྟོད་རྩོམ་འདིའི་ཚིག་གི་སྒྱུ་རྩལ་ཁྱད་ཆོས་ནི་ཀློག་བདེ་བ་དང་ཚིག་སྙན་པ། ལྷོད་པ། ཡངས་པ། དྭངས་པ་ཙམ་ཁོ་ནའི་སྟེང་མེད་པར། གཅིག་ནས་ཐ་སྙད་དང་ཡི་གེའི་ལྕི་ཡང་གི་སྡེབ་འགྲིག་པ། གཉིས་ནས་ཚིག་རྒྱན་གྱི་སྤུད་ལེགས་པ། གསུམ་ནས་བརྗོད་དོན་གསལ་བར་བྱེད་པར་གོ་སླ་བའི་ཁྱད་ཆོས་ལྡན་པས་བོད་གངས་ཅན་གྱི་སྙན་ངག་གི་གཙུག་རྒྱན་ལྟ་བུ་ཡིན།
མཇུག་བསྡུ་བ།
མང་མང་གིས་རྗེ་རིན་པོ་ཆེའི་སྙན་ངག་ནི་དོན་སྤྱི་ཡིན་དྲགས་པས། སྒྱུ་རྩལ་རྩོམ་རིག་གི་ཁྱད་ཆོས་འཛོམས་མེད་པས་ན། འཛམ་གླིང་རྩོམ་རིག་གི་ངོས་ནས་བལྟས་ན། རིན་ཐང་ཆུང་བར་བཤད་པ་ནི་མ་ཤེས་པའི་རྨོངས་ཚོད་ཀྱི་གཏམ་ཡིན་ཏེ། ཁོང་གིས་མཛད་པའི་སྙན་ངག་ཕལ་ཆེ་བར་རང་མཚན་གྱི་སྣང་བརྙན་མེད་པ་མིན་ལ། ལྷག་པར་དུ་སོ་སྐྱེ་གང་ཟག་གི་དབང་པོའི་ཡུལ་ལས་འདས་པའི་སྤྱི་མཚན་གྱི་བྱ་དངོས་མང་པོ་བྱེ་བྲག་རང་མཚན་གྱི་རི་མོའི་སྣང་བརྙན་དུ་ཕབ་ཡོད་པ་ནི། ང་ཚོས་མིག་མཐོང་ལག་ཟིན་རེད། །