ཐེ་རོན་ཕུ་ཡིས་ཨ་རིར་རིམས་ནད་བྱུང་རྗེས་ཀྱི་འདེམས་འགྲན་ཐོག་མ་སྤེལ་བ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-23
ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་20ཉིན། ད་ལོའི་ཟླ་3པའི་ཟླ་དཀྱིལ་དུ་སྤྱི་མཐུན་ཏང་གི་ཙུང་ཐུང་འོས་མིར་མིང་བཏོན་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཚེས་20ཉིན་ཨ་རིར་རིམས་ནད་བྱུང་རྗེས་ཀྱི་འདེམས་བསྐོ་འགྲན་བསྡུར་ཐོག་མ་དེ་སྤེལ་བ་རེད།
ཨུ་ཁེ་ལ་ཧོ་མ་མངའ་སྡེའི་ཐར་ས་གྲོང་ཁྱེར་དུ་སྤེལ་བའི་འདུ་ཚོགས་འདི་ལ་མི་ཁྲི་ཕྲག་ཞུགས་ཡོད་པ་དང་། ཐེ་རོན་ཕུ་ཡིས་ ཏོག་གསར་གློ་ཚད་དང་ཉེ་ཆར་ཨ་རི་ཡོངས་ལ་ཁྱབ་པའི་དྲག་ཤུགས་ཁྲིམས་བསྟར་ལ་རྒོལ་བའི་ལས་འགུལ། རིགས་རྒྱུད་མཐོང་ཆུང་ལ་ངོ་རྒོལ། དམག་དཔུང་དེང་རབས་ཅན། དམག་མི་རྒན་པའི་གླ་ཕོགས་ལེགས་བཅོས། ཁྲལ་ཆག་ཡང་དང་ལྟ་སྡོམ་ལྷོད་དུ་གཏོང་རྒྱུ་སོགས་དཔལ་འབྱོར་སྲིད་ཇུས། ཕྱི་འབྲེལ་དང་གནས་སྤོས་ཡུལ་མིའི་སྲིད་ཇུས་སོགས་ཕྱོགས་གང་ཐད་ནས་དུས་ཡུན་ཆུ་ཚོད་1དང་སྐར་མ་40རིང་གི་གཏམ་བཤད་སྤེལ། ཐེ་རོན་ཕུ་ཡིས་གོང་དུ་བརྗོད་པའི་ཕྱོགས་ཁག་གི་གྲུབ་འབྲས་བསྒྲགས་པའི་དུས་མཉམ་དུ། ད་དུང་དམངས་གཙོ་ཏང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ངོས་འཛིན་ནོར་འཁྲུལ་ལ་ཟུར་ཟ་བྱས་པ་དང་། ཁོང་ལ་“ལྡོག་ཕྱོགས་ཀྱི་གསར་འགྱུར་སྤེལ་བའི་”ཨ་རིའི་སྨྱན་སྦྱོར་ལ་ཁ་རྡུང་བཏང་ཡོད།
ཐེངས་འདིའི་འདེམས་བསྐོ་འགྲན་བསྡུར་གྱི་འདུ་ཚོགས་དེ་མ་གཞི་ཟླ་6ཚེས་19ཉིན་སྤེལ་རྒྱུ་བྱས་ཡོད་མོད། འོན་ཀྱང་ཉིན་དེར་ཨ་རིའི་“ཟླ་དྲུག་པའི་དུས་ཆེན་”ནམ་རང་དབང་ཉིན་མོ་ཡང་ན་བཅིངས་འགྲོལ་ཉིན་མོ་སྟེ་ཨ་རིའི་བྲན་གཡོག་ལམ་ལུགས་མཇུག་རྫོགས་པའི་ཉིན་མོ་ལ་ངོས་འཛིན་བྱེད་པས། བྱེད་སྒོ་སྤེལ་རྒྱུའི་གནས་ཚུལ་ཐོན་མ་ཐག་རྩོད་གཞི་བྱུང་སྟབས་ཐེ་རོན་ཕུས་ཉིན་གཅིག་ཕྱིར་འགྱངས་བྱས་པ་རེད།
ཉིན་དེར་འདེམས་བསྐོ་འགྲན་བསྡུར་འདུ་ཚོགས་འཚོག་མ་ཐག ཐེ་རོན་ཕུའི་ཚོགས་པས་འདུ་ཚོགས་གྲ་སྒྲིག་ནང་ཞུགས་མཁན་གྱི་ཚོགས་པའི་ཁོངས་མི་6ལ་ཏོག་གསར་གློ་ཚད་ནད་དུག་བཤེར་འཇལ་བྱས་འབྲས་གདགས་གཤིས་ཡིན་པ་ར་སྤྲོད་བྱས་ཡོད་པ་དང་། ཕོ་བྲང་དཀར་པོས་འདུ་འཛོམས་ཡུལ་དངོས་སུ་ལྟད་མོ་བར་ཁ་རས་མཁོ་འདོན་བྱ་རྒྱུ་ཡིན་མོད། འོན་ཀྱང་ཁ་རས་རྒྱག་མིན་རང་དབང་ཡིན་པར་བཤད། གསར་འགོད་པས་བརྙན་འཕྲིན་ཐད་གཏོང་པར་རིས་ལས་ཐེ་རོན་ཕུའི་རྒྱབ་ཏུ་བསྡད་ཡོད་པའི་ལྟད་མོ་བ་ཕལ་ཆེ་བས་ཁ་རས་བརྒྱབ་མི་འདུག་པ་མཐོང་།
ཉེ་བའི་བདུན་ཕྲག་འགའི་རིང་། ཨོ་ཁེ་ལ་ཧའོ་མ་མངའ་སྡེ་ཚུད་པའི་ཨ་རིའི་མངའ་སྡེ་20ཙམ་གྱི་ཉིན་རེའི་ཆ་སྙོམས་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་མང་དུ་ཕྱིན་ཡོད། ཨ་རིའི་མངའ་སྡེ་སོ་སོས་ཚད་མི་འདྲ་བའི་སྒོ་ནས་དཔལ་འབྱོར་བསྐྱར་སྐུལ་བྱས་པ་དང་བསྟུན། སྤྱི་པའི་འཕྲོད་བསྟེན་རིགས་གཅིག་མཁས་ཅན་གྱིས་ཨ་རིའི་རིམས་ནད་གནས་ཚུལ་རྒྱུན་མཐུད་ངང་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་པ་བསྟན་ཡོད། ཇོང་སི•ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་20ཉིན་གྱི་དགོང་མོ་བར་ཨ་རིར་རིམ་རྩིས་བྱས་ན་ནད་དཔེ་ཁྲི་225ལས་བརྒལ་བ་དང་། རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་ཁྲི་12ལ་ཉེ་བ་ཡོད།
ཨ་རིའི་ཙུང་ཐུང་འདེམས་བསྐོ་ནི་ལོ་བཞི་ལ་ཐེངས་རེར་བྱེད་པ་དང་། 2020ལོའི་ཙུང་ཐུང་འདེམས་བསྐོ་དེ་ཟླ་11ཚེས་3ཉིན་སྤེལ་རྒྱུ་རེད། སྐབས་དེ་དུས་ཐེ་རོན་ཕུ་དང་མིང་འདོན་བྱས་པའི་དམངས་གཙོ་ཏང་གི་ཙུང་ཐུང་འོས་མི་ཨ་རིའི་ཙུང་ཐུང་གཞོན་པ་ཟུར་པ་པའེ་ཏེང་གིས་སྐབས་རྗེས་མའི་ཙུང་ཐུང་འགྲན་བསྡུར་བྱ་རྒྱུ་རེད།