རོང་བྲག་རྫོང་ཁོངས་ཀྱི་གཞུང་ལམ་217ཆུ་ལོག་གིས་བཅད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-23



སྦྲ་ཆེན་ནས་རོང་བྲག་བར་གྱི་གཞུང་ལམ་ལ་བཀག་འགོག་ཐེབས་པ།



     དྲག་ཆར་བསྟུད་མར་བབས་རྐྱེན། རོང་བྲག་རྫོང་ཁོངས་ཀྱི་ཆུ་བོ་ཁག་དྲག་ཏུ་རྒྱས་འདུག  ཟླ་6ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་15ལ། ཞིང་ཆེན་རིམ་པའི་གཞུང་ལམ་217རྒྱུད་ཀྱི་རོང་བྲག་རྫོང་ཀྲང་ཀུའུ་གྲོང་རྡལ་གྱི་K666+275-475དང་K667+275-575ལམ་ངོས་གཉིས་སུ་རྒྱལ་མོ་རྔུལ་ཆུ་བསྐྱར་དུ་རྒྱས་ནས་ཆུ་ལམ་ངོས་སུ་བླུགས་ཡོད་པ་དང་། སྦྲ་ཆེན་ནས་རོང་བྲག་བར་གྱི་གཞུང་ལམ་འགག་ནས་རླངས་འཁོར་བགྲོད་ཐུབ་མི་འདུག  ཆུ་ཚོད་8དང་སྐར་མ་20ཡི་ཐོག  ས་གནས་དེ་གའི་འགྲིམ་འགྲུལ་སྡེ་ཚན་གྱིས་འགྲིམ་འགྲུལ་བཀག་སྡོམ་གྱི་བྱ་ཐབས་སྤྱད་དེ། ལས་ཀའི་ཐོག་སྤྱོད་པའི་རླངས་འཁོར་ཕུད། རོང་བྲག་ཏུ་སྐྱོད་པའི་རླངས་འཁོར་ཚང་མ“དར་མདོ—བ་སྨད—རོང་བྲག”གི་ལམ་ཐིག་བརྒྱུད་ནས་བསྐོར་དགོས་པ་བྱས། གནས་སྐབས་སུ་ཤར་གཏོང་ཐུབ་པའི་དུས་ཚོད་སྔོན་དཔག་བྱེད་དཀའ།
     ཉིན་གུང་གི་ཆུ་ཚོད་13ལ། གསར་འགོད་པ་ཡུལ་དངོས་སུ་སྐྱོད་སྐབས། ཆུ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་གཞུང་ལམ་དུམ་བུ་ཞིག་གི་ས་བབ་དམའ་བས། ཆུ་ལོག་ཐད་ཀར་ལམ་དུ་འཕྱུར་ནས་འགྲམ་རྒྱུད་ཀྱི་རྒྱལ་མོ་རྔུལ་ཆུ་དང་གཞི་གཅིག་ཏུ་འབྲེལ་ཡོད་པ་མཐོང་བྱུང་། འཁོར་ལོ་གཏོང་བའི་སྐབས་སུ། ཆུ་ལོག་འཁོར་ལོ་ཕྱེད་ཀའི་མཐོ་ཚད་ལས་བརྒལ་ལ། ཆུས་བསྣུབས་པའི་ལམ་དུམ་གྱི་ཆུ་གནས་མཐོ་ཤོས་སུ་ཆུའི་ཟབ་ཚད་ལི་སྨི་40ཙམ་ཟིན་ཡོད། ཆུ་ཚོད་15བར། སྔར་བཞིན་ཆུ་རླབས་འཕྱུར་བཞིན་ཡོད་པས་ཆུ་གནས་མུ་མཐུད་མཐོ་རུ་འགྲོ་བཞིན་ཡོད། 
     རོང་བྲག་གཞུང་ལམ་ཡན་ལག་ཅུས་ཀྱི་ཅུས་ཀྲང་ཁྲེན་ལེའང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུར་ནུབ་པའི་གཞུང་ལམ་དུམ་བུ་གཉིས་ཀྱི་རིང་ཚད་ལ་སྨི་500ཙམ་ཡོད། སྔ་དྲོར་ཡུལ་དངོས་ཀྱི་ལྟ་ཞིབ་ཚད་ལེན་མི་སྣས་ཆུ་ལོག་ལམ་ངོས་སུ་འཕྱུར་བ་ཤེས་རྟོགས་བྱུང་བས། ཡན་ལག་ཅུས་ཀྱིས་འཕྲལ་དུ་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་མི་མངོན་པའི་རྐྱེན་ངན་ཐོན་ཡུལ་དུ་ཉེན་ཟོན་ས་ཐིག་བཟོས་པ་ཡིན། རྗེས་མཐུད་ལྟ་ཞིབ་བྱས་པ་བརྒྱུད་རྒྱུག་ཆུ་ཇེ་ཆེ་ཡིན་པ་ཤེས་རྟོགས་བྱུང་བས། འགྲོ་ལམ་འགོག་རྒྱུའི་ཐག་གཅོད་བྱས་པ་དང་འབྲེལ། ཆེད་མི་བཀོད་སྒྲིག་བྱས་ནས་རེས་མོས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པ་ཡིན། དེ་དང་མཉམ་དུ་འདོན་འཇུག་འཕྲུལ་འཁོར་མངགས་ནས་ལམ་འགྲོ་མང་ཚོགས་ཕར་སྐྱེལ་ཚུར་ལེན་བྱས་ལ། སྔ་དྲོ་ཙམ་ལ་མི་བརྒྱ་ལྷག་གནས་སྤོ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 
     གསར་འགོད་པས་ད་དུང་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་20ཉིན་གྱི་ཆུ་ཚོད་8པ་ནས་ཚེས་21ཉིན་གྱི་ཆུ་ཚོད་8པ་བར། དཀར་མཛེས་ཁུལ་གྱི་རྫོང་ཁག་གཅིག་ཏུ་དྲག་ཆར་བབས་པ་རེད། ཚེས་21ཉིན་གྱི་ཆུ་ཚོད་8པར། རྒྱལ་མོ་རྔུལ་ཆུའི་རོང་བྲག་ས་ཚིགས་དང་ལྕགས་ཟམ་ཁའི་ས་ཚིགས་ཁག་སོ་སོར་འགན་ལེན་ཆུ་གནས་ལས་སྨི་0.60དང་སྨི་0.02བརྒལ་བ་དང་། རྒྱལ་མོ་རྔུལ་ཆུའི་ཆུ་ལག་བཙན་ལྷ་ཆུ་བོའི་བཙན་ལྷ་ས་ཚིགས་སུ་འགན་ལེན་ཆུ་གནས་ལས་སྨི་0.66བརྒལ་བ་རེད། བཙན་ལྷ་ཆུ་བོའི་ཐའེ་ཕིང་ཆའོ་ས་ཚིགས་སུ་ཉེན་ཟོན་ཆུ་གནས་ལས་སྨི་0.35བརྒལ་བ་དང་། རྒྱལ་མོ་རྔུལ་ཆུའི་ཆུ་ལག་སོ་མང་ཆུ་འབར་ཁམས་ས་ཚིགས་སུ་ཉེན་ཟོན་ཆུ་གནས་ལས་སྨི་0.24བརྒལ་ཡོད་པ་རེད། གནམ་གཤིས་སྔོན་བསྒྲགས་བྱས་པ་ལྟར་ན། ཉེ་ཆར་ཁྲོན་ནུབ་མཐོ་སྒང་དུ་སྔར་བཞིན་ཆར་ཆེན་པོ་འབབ་རྒྱུ་ཡིན་ལ། འབྲུབ་འགོག་གི་གནས་ཚུལ་ཛ་དྲག་པོ་ཡོད་ཅིང་། ཚེས་21ཉིན་གྱི་ཉིན་གུང་ཆུ་ཚོད་14ཡི་ཐོག་སི་ཁྲོན་གྱིས་འབྲུབ་དུས་སུ་སླེབས་རྗེས་IVརིམ་པའི་འབྲུབ་འགོག་འཕྲལ་སྡོམ་དང་ལེན་བྱེད་ཐོག་མ་བྱས་པ་རེད། 
     ད་ལྟ་རོང་བྲག་རྫོང་གི་འགྲིམ་འགྲུལ་དང་། ཆུ་དོན། སྤྱི་བདེ། གནམ་གཤིས། འཕྲལ་སྡོམ་སོགས་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་མིག་སྔའི་ཆར་ཆུ་འབབ་ཚུལ་དང་དེ་བཞིན་འགྱུར་ལྡོག་འགྲོ་ཚུལ་ལ་གཞིགས་ནས་འགན་འཁྲིའི་ལས་བགོས་གཞིར་བཟུང་། ཆུ་ཚོད་24རིང་ལས་རེས་བྱས་ནས་འབྲུབ་འགོག་ཉེན་སེལ་ནང་ཞུགས་པ་དང་འབྲེལ་འབྲུབ་འགོག་འགན་ལེན་གྱི་བདེ་འཇགས་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1