༄༅།།གཞུང་ཡིག་ལོ་ཙཱའི་ཁྲོད་འབྱུང་སླ་བའི་འགྱུར་སྐྱོན་འགའ་དང་དེ་དག་གི་སྐྱོན་སེལ་བཤད་པ།

འབའ་སྟོད་ཚེ་དབང་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 06-23


འབའ་སྟོད་ཚེ་དབང་རྡོ་རྗེ།

          [ནང་དོན་གནད་བསྡུས།] ལོ་ཙཱ་བས་གཞུང་ཡིག་སྒྱུར་སྐབས་ཐ་སྙད་ཚད་ལྡན་བཀོལ་རྒྱུར་དོ་སྣང་བྱེད་དགོས་ཤིང་དེའི་བསྟན་དོན་ཇི་བཞིན་མཚོན་པར་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན། མིག་སྔར་མིང་བརྡ་དང་ཚིག་ལས་བྱུང་བའི་འགྱུར་སྐྱོན་ཡོད་པ་དེ་དག་སེལ་ཐབས་སྐོར་ལ་རྩོམ་པ་པོ་རང་གི་ལྟ་ཚུལ་བརྗོད་པ་དང་སྦྲགས་དཔེར་བརྗོད་ཀྱང་བཀོད་ཡོད།
          [བརྡ་ཆད་གཙོ་བོ།] གཞུང་ཡིག  ལོ་ཙཱ། འགྱུར་སྐྱོན། སྐྱོན་སེལ། མིང་བརྡ། ཐད་སྒྱུར། བསྟན་དོན།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H211.59[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002 – 946X(2005)02 - 081- 07
          གཞུང་ཡིག་(公文)ཅེས་པ་ནི་རྒྱལ་ཁབ་ཀྱི་སྡེ་ཁག་དང་ལས་ཁུངས། ཡང་ན་ཁེ་ལས་ལ་སོགས་པས་རྣམ་ཀུན་གྱི་གཞུང་དོན་སྣ་ཚོགས་སྒྲུབ་པའི་བྱ་རིམ་ཁྲོད་བེད་སྤྱོད་བྱེད་ཅིང་རྣམ་པ་དང་བརྒྱུད་རིམ་ངེས་ཅན་ཞིག་ལྡན་པའི་རྒྱུན་སྤྱོད་ཡིག་རིགས་ཤིག་ཡིན། དེས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ལ་སོགས་ཁྱབ་བསྒྲགས་བྱེད་ཅིང་བྱ་བར་མཛུབ་སྟོན་དང་གདེང་འཇོག་མཛད་པ། གཤམ་རིམ་གྱིས་ཕུལ་བའི་སྙན་ཞུ་དང་གྲོས་འཆར་ལ་རུང་མི་རུང་གི་ཆོག་མཆན་འགོད་པ་སོགས་སུ་སྤྱོད་པས་ན། དེར་ཁྱབ་རྒྱ་ཆེ་ཞིང་བཙན་ཤུགས་རང་བཞིན་དང་གཟབ་ནན་རང་བཞིན་ཆེས་ཆེར་ལྡན་པ་ཡིན། གཞུང་ཡིག་གང་ཞིག་ཀྱང་སྒྲོ་སྐུར་དང་རྟོག་བཏགས་ཀྱི་ལྷད་མ་འདྲེས་པར་བརྗོད་བྱ་ངོས་གཙང་ཞིང་དོན་དངོས་དང་མཐུན་དགོས་ལ། རྗོད་བྱེད་ཀྱང་འཁྱོག་བརྗོད་དང་མངོན་བརྗོད་སོགས་ཀྱིས་མ་བཅིངས་པར་རང་བཞིན་བརྗོད་པའི་ཐབས་ལ་བརྟེན་ནས་བབ་ཆགས་ཤིང་སྙིང་བསྡུས་སུ་འགོད་དགོས། དེ་བས་དེ་ཉིད་རང་སྐད་དུ་སྒྱུར་དུས་ཀྱང་གོང་གི་ཁྱད་ཆོས་དེ་དག་མི་ཉམས་པར་བྱས་ཏེ་སྒྱུར་བྱེད་སྐད་དུ་ཇི་བཞིན་མཚོན་པ་བྱེད་དགོས་ཏེ། ཚིག་དོན་གཉིས་ཀྱི་ཆ་ལ་འགྱུར་སྐྱོན་ཕྲ་མོ་ཙམ་ཡང་འཇུག་མི་རུང་ཞིང་། མིང་བརྡའི་གོ་བ་མི་གསལ་བ་དང་བསྟན་དོན་ཇི་བཞིན་མ་ཐོན་པ། དགོས་མེད་ཀྱི་ཚིག་ལྷག་དང་བསྐྱར་ཟློས་མང་བ། ཡང་ན་བརྗོད་བྱ་གང་འདོད་དུ་འདོར་བའམ་ཁ་གསབ་བྱེད་པ་བཅས་ནི་དེའི་འགྱུར་སྐྱོན་ཆེ་ཤོས་སུ་མཐོང་བས། འདིར་གཞུང་ཡིག་སྒྱུར་དུས་འབྱུང་སླ་བའི་འགྱུར་སྐྱོན་འགའ་ཁོལ་དུ་ཕྱུང་ནས་དེ་དག་གི་འབྱུང་རྐྱེན་དང་སྐྱོན་སེལ་སྐོར་ནས་རགས་ཙམ་གླེང་ན།
          དང་པོ། མིང་བརྡ་ལས་འབྱུང་བའི་འགྱུར་སྐྱོན་དང་དེ་དག་གི་སྐྱོན་སེལ་བཤད་པ།
          དེ་ཡང་། ཡི་གེའི་ཁོངས་ནས་མིང་བྱུང་ཞིང་། ། མིང་གི་ཁོངས་ནས་ཚིག་བྱུང་སྟེ། ། ཞེས་པ་བཞིན་རྗོད་བྱེད་ངག་གི་རིག་བྱེད་གང་ཞིག་ཀྱང་མིང་བརྡ་མང་པོའི་ཚོགས་པ་བརྡ་སྤྲོད་ཀྱི་ལུགས་དང་སྐད་ཆའི་སྦྱོར་སྟངས་ལྟར་ཚིག་གི་ཕྲེང་བར་སྤེལ་བ་ཡིན་ལ། མིང་བརྡ་མང་པོ་ཡང་དག་དང་ཚད་ལྡན་དུ་བསྒྱུར་རྒྱུ་ནི་གཞུང་ཡིག་གང་ཉིད་ཀྱི་བསྟན་དོན་བདེ་བླག་ངང་མཚོན་པར་བྱེད་པའི་རྩ་བའི་གནད་འགག་ཅིག་ཡིན་པར་མ་ཟད། མི་རིགས་ཀྱི་སྐད་ཡིག་གང་ཉིད་དུས་རབས་དང་བསྟུན་ནས་མདུན་དུ་བསྐྱོད་པར་གསོན་ཤུགས་གསར་པ་བསྐྱེད་ཅིང་བོད་ཁམས་བྱིངས་སུ་སྤྱི་སྐད་བསྐྲུན་པའི་སྔོན་འགྲོའི་མཐུན་རྐྱེན་གལ་ཆེན་ཞིག་ཀྱང་ལགས། དེ་ཡང་གཞུང་ཡིག་ཁྲོད་སྤྱད་པའི་མིང་བརྡ་སོ་སོར་རང་རང་ལ་སྐབས་ཐོབ་ཀྱི་བསྟན་བྱ་ཐུན་མོང་མ་ཡིན་པ་རེ་མཆིས་ཤིང་། གཅིག་ཚབ་གཅིག་གིས་མི་རུང་བ་ལྟ་བུའི་གཏན་ཚིགས་ཀྱི་རང་བཞིན་ཆེས་ཆེར་ལྡན་པ་ཡིན། དེ་བས་དེ་དག་རང་སྐད་དུ་སྒྱུར་དུས་ཀྱང་འོབ་ཚོད་དང་སྤྱིར་སྙེགས་སུ་རུང་བའི་མིང་གིས་མི་བསྒྱུར་བར་མིང་བརྡ་སོ་སོའི་སྐབས་བབ་ཀྱི་བསྟན་དོན་དང་སྔ་ཕྱིའི་འབྲེལ་བ་ལ་ལེགས་པར་བརྟག་ཅིང་དཔྱད་དེ་གར་སྙེགས་པ་བཞིན་བསྒྱུར་དགོས་ལ། རྩ་བའི་བསྟན་དོན་འདྲ་ཡང་འཇུག་ཚུལ་དང་སྤྱོད་རྒྱ་བཅས་ལ་ཁྱད་པར་ཕྲ་མོ་ཙམ་མཆིས་ཀྱང་ཕན་ཚུན་གྱི་དབྱེ་བ་ཕྱེས་ནས་སྦྱོར་དགོས། གཤམ་དུ་བྱེ་བྲག་གི་ཚན་པ་འགར་ཕྱེས་ནས་བརྗོད་ན།
          1. བོད་རང་ལ་སྔ་མོ་ནས་ཡོད་པའི་འོས་འཚམ་གྱི་མིང་བརྡ་སྤྱོད་དགོས་པ།
          དེ་ཡང་བོད་མི་རིགས་ལ་ཡུན་རིང་ཞིང་འོད་སྟོང་འབར་བའི་ཤེས་རིག་གི་ལོ་རྒྱུས་ལྡན་པར་མ་ཟད། ནང་བསྟན་གྱིས་གཙོས་པའི་རིག་པའི་གཞུང་ལུགས་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་རྒྱ་དཀར་ནག་སོགས་ནས་བསྒྱུར་བ་དང་། གཞན་ཡང་སྒྲ་དང་བཟོ། ཚད་མ། གསོ་བ་རིག་པ་ལ་སོགས་པའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ལྡན་པས། དེ་དག་གི་ཁྲོད་དུ་མིང་བརྡ་ཡང་ཧ་ཅང་གྱ་ནོམ་པ་ཞིག་བཞུགས་ལ། དངོས་པོ་རྣམས་ལ་མིང་སྦྱོར་ཚུལ་གྱི་རིག་པ་སོགས་ཀྱང་མངོན་བརྗོད་ཀྱི་གཞུང་ན་མང་དུ་གསུངས་ཡོད། གཞན་ཡང་གསར་བྱུང་གི་བྱ་དངོས་མང་པོ་ཞིག་ལ་དམངས་ཁྲོད་དུ་ཐ་སྙད་དོན་ལ་འབྱོར་ཞིང་རྣ་བར་སྙན་པ་སྦྱར་དང་སྦྱོར་བཞིན་ཡོད་པ་ལགས་ན། ང་ཚོས་ཀྱང་མིང་བརྡའི་གཏེར་ཁ་དེ་དག་གང་ལེགས་སུ་བེད་སྤྱད་དེ་གང་ལ་གང་འཚམ་དུ་སྦྱོར་བ་ལས་སླར་ཡང་མིང་གསར་པ་ཞིག་ཏུ་བསྒྱུར་དགོས་པའི་ངེས་པ་མེད་སྙམ། དཔེར་ན་འདིར་གསལ་བཤད་ཀྱི་དཔེ་འགའ་དྲངས་ན།  “按摩”
བསྐུ་མཉེ་”ཞེས་དང་། “零食” ལ་“ཁྱེའུ་སུས”། “煎饼”ལ་“རྣོག་ཟན།” “香 水”ལ་དྲི་ཆབ་ཅེས་པ་ལྟ་བུ་དོན་ལ་འབྱོར་ཞིང་ངག་ལ་ལེན་བདེ་བའི་ཐ་སྙད་མང་པོ་བོད་ལ་སྔ་མོ་ནས་བྱུང་ཡོད་བཞིན་དུ་དེ་དག་མི་སྦྱོར་བར་རིམ་པ་བཞིན་“འཕུར་མཉེད་”ཅེས་དང་“ཁ་ཏོག་རྩག་རྩིག” “བག་བསྲེགས་སྲབ་པོ་”། “དྲི་ཞིམ་བྱུག་ཆུ་”ཞེས་མིང་མིན་ཚིག་མིན་ཅན་དུ་བསྒྱུར་བ་ནི་སྙིང་པོ་གང་ཡང་མེད་པའི་ལས་ལྷག་ཁོ་ནའོ།
          2.ཚིག་གདོང་ཇི་བཞིན་བསྒྱུར་བའི་འགྱུར་སྐྱོན་དང་དེའི་སྐྱོན་སེལ།
          དེ་ཡང་མི་རིགས་སོ་སོའི་བརྡ་གོམས་སྲོལ་གྱི་སྦྱོར་སྟངས་དང་། བསམ་པའི་འཆར་སོ། ཁ་དོག་ལ་འཛིན་པའི་བསམ་བློའི་འདུ་ཤེས། སྐད་ཆའི་སྦྱོར་ཚུལ་དང་རིག་གནས་ཀྱི་བསྟན་དོན་ལ་སོགས་མི་འདྲ་བའི་དབང་གིས། མིང་བརྡ་གསར་པ་རྣམས་བསྒྱུར་བའམ་ཡང་ན་མིང་གསར་དུ་སྦྱོར་དུས་མ་ཡིག་གང་གི་ཚིག་གདོང་ཇི་བཞིན་ཐད་སྒྱུར་བྱས་ན་སྐབས་ལ་ལར་གོ་ལོག་ཏུ་འགྲོ་བ་དང་། ཡང་ན་རང་སྐད་ཀྱི་བརྗོད་སྟངས་དང་མི་མཐུན་པ་ལ་སོགས་པའི་གནད་དོན་འབྱུང་སྲིད། དཔེར་ན། “半文盲” ལྟ་བུ་ཚིག་ངོས་ཇི་བཞིན་ཐད་ཀར་བསྒྱུར་ན་“ཡིག་རྨོངས་ཕྱེད་ཀ་”ཞེས་སུ་འགྱུར་བས་དེ་ལྟར་ན་“ཡིག་རྨོངས་པ་མང་པོའི་ཁྲོད་ཀྱི་མི་ཕྱེད་ཀ་ཙམ་”ཞེས་སུ་འགྱུར་བས་དེའི་བསྟན་དོན་ཇི་བཞིན་མ་ཐོན་ལ་བོད་རང་གི་སྐད་ཆའི་སྦྱོར་སྟངས་སོགས་དང་ཡང་མི་མཐུན། སྐབས་འདིར་དེའི་ནང་དོན་དངོས་ལ་གཞིགས་ན་ཡི་གེ་ཤེས་པ་ཙམ་ལ་གོ་བས་“ཡི་གེར་མ་རྨོངས་ཙམ་”ཞེས་སུ་བསྒྱུར་དགོས་པ་ལྟ་བུ་དང་། ཡང་“扫黄”ཞེས་པ་ཐད་ཀར་“སེར་པོ་གཙང་སེལ་”ཞེས་སུ་བསྒྱུར་ན་མི་རིགས་གཉིས་ཀའི་ཁ་དོག་གི་རིག་གནས་བསྟན་དོན་མི་འདྲ་བས་ཕྱིན་ཅི་ལོག་ཏུ་སོང་སྲིད། “སེར་པོ་”ནི་ཕྱི་གླིང་བའི་རིག་གནས་ཁྲོད་དུ་“མི་གཙང་བ་”དང་“ཐ་ཤལ་”གྱི་དོན་ལ་འཇུག་པ་དང་། བོད་ལ་མཚོན་ན་བླ་མེད་དང་མཆོག་གྱུར་ཅིག་་ཏུ་མངོན་པས་ཐད་སྒྱུར་བྱས་ན་མི་རུང་། དེ་བས་དེའི་བསྟན་དོན་ངོ་མར་གཞིགས་ནས་“འཆལ་པོ་གཙང་སེལ་”ཞེས་དང་བསྡུས་ན་“འཆལ་སེལ་”ཞེས་སུ་བསྒྱུར་ན་འགྲིག་སྙམ། དེ་བཞིན་དུ་“红利”“红人”“红心” “红货”བཅས་ལ་རིམ་པ་བཞིན། “ཁེ་དམར་”ཞེས་དང་། “མི་དམར”། “བློ་སེམས་དམར་པོ”། “ཚོང་རྫས་དམར་པོ་”ཞེས་སོགས་སུ་བརྗོད་ན་མི་རིགས་གཉིས་ཀའི་ཁ་དོག་ལས་མངོན་པའི་རིག་གནས་ཀྱི་བསྟན་དོན་མི་འདྲ་བས་གོ་ལོག་ཏུ་སོང་ཡོད། དེ་བས་“ཁེ་བཟང”་། “གཅེས་པའི་མི”། “བློ་སེམས་དཀར་པོ”། “ནོམ་པ་རྩ་ཆེན་” ཞེས་དོན་སྒྱུར་བྱས་ན་ད་གཟོད་ཡང་དག་པ་ཡིན་ནོ།
འདི་དང་འདི་ལྟ་བུའི་གནས་སྐབས་སུ་ང་ཚོས་སྒྲ་སྦྱོར་བམ་གཉིས་སོགས་ལས་བསྟན་པའི་དོན་སྒྱུར་དང་ཐད་སྒྱུར། ཡང་ན་རང་སོར་འཇོག་པ་བཅས་སྔར་བྱུང་གི་བསླབ་བྱའམ་ཉམས་མྱོང་མཐའ་དག་ལག་ལེན་དུ་དངོས་སུ་བསྟར་བ་དང་། གཞན་བོད་རང་གི་མངོན་བརྗོད་ལས་འདྲ་འབྲེལ་དང་། བྱེད་ལས། རྒྱུ་འབྲས་ལ་སོགས་པའི་སྒོ་ནས་མིང་འདོགས་པའི་རིག་པ་དེ་དག་བེད་སྤྱད་དེ་མིང་གསར་དུ་སྦྱོར་དགོས། དཔེར་ན་“香蕉”ལ་ལྷ་སར་“ངང་ལག”ཅེས་བརྗོད་པ་ནི་འདྲ་བ་རྒྱུ་མཚན་བྱས་ནས་མིང་བཏགས་པ་ཡིན་མོད་དེ་ཙམ་གྱིས་ད་དུང་གསལ་ཆ་མི་ཐོན་པས་རབ་ཡིན་ན་“སིལ་ཏོག་ངང་ལག་”ཅེས་མིང་གཅིག་བླ་ཐབས་སུ་བསྣན་ན་ད་གཟོད་ཡང་དག་པ་དང་། ཡང་“摩托车”ལྟ་བུ་ལ་ཡུལ་འགའ་ཤས་སུ་“སྦག་སྦག་འཁོར་ལོ་”ཞེས་པའི་མིང་ཞིག་སྦྱར་འདུག་པ་དེའི་སྒྲའི་ཆ་ནས་བཏགས་པ་ཡིན་ན། “拖拉机”ལ་དེ་ལས་ཀྱང་འཇིགས་སུ་རུང་བའི་སྒྲ་ལྡན་པས་མིང་ཇི་ལྟར་གདགས། དེ་བས་དེའི་བྱེད་ནུས་ལ་གཞིགས་ཏེ་ས་“འཕྲུལ་རྟ་”ཞེས་སུ་བསྒྱུར་ན་ལེགས་ཏེ། བོད་ལ་“རྟ་”དང་“ཤིང་རྟ་”། “ལྕགས་རྟ་”་སོགས་ཀྱི་ཐ་སྙད་སྦྱར་ཆོག་ན། མི་དང་དངོས་ཟོག་སྐྱེལ་འདྲེན་གྱི་ནུས་པ་ཐོན་པའི་འཕྲུལ་ཆས་དེར་“འཕྲུལ་རྟ་”་རུ་བརྗོད་ན་ཅིས་མི་རུང་ངོ་།
          གཤམ་དུ་བྱེ་བྲག་གི་དཔེ་འགའ་བཀོད་ནས་གསལ་བཤད་ཙམ་བྱས་ན།
          (1)用人类创造的知识成果丰富自已的 头脑。
          མིའི་རིགས་ཀྱིས་བསྐྲུན་པའི་ཤེས་བྱའི་འབྲས་བུས་རང་ཉིད་ཀྱི་ཀླད་པ་ཇེ་ཕྱུག་ཏུ་གཏོང་བ། ཞེས་བསྒྱུར་བ་ལྟ་བུར་མཚོན་ན། མ་ཡིག་གི་ཚིག་གདོང་ཇི་བཞིན་བསྒྱུར་བའི་སྐྱོན་བྱུང་འདུག་ལ། ལྷག་དོན་“丰富”ཞེས་པའི་མིང་བརྡ་དེ་“ཇེ་ཕྱུག་ཏུ་གཏོང་བ་”ཞེས་ཐད་སྒྱུར་བྱས་པས་བོད་རང་གི་སྐད་ཆའི་སྦྱོར་ལུགས་སོགས་དང་མི་མཐུན་ལ་དེའི་བསྟན་བྱ་ཇི་བཞིན་ཐོན་མེད། དེ་བས་སྐབས་འདིར་མ་ཡིག་གང་གི་བསྟན་བྱ་དངོས་ལ་གཞིགས་ནས་དོན་སྒྱུར་གྱི་ཐབས་ལམ་སྤྱོད་དགོས་ཏེ། མིའི་རིགས་ཀྱི་ཤེས་བྱ་མང་པོས་རང་ཉིད་ལ་དཔའ་བཏབ་པ། ཞེས་དང་། ཤེས་བྱའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་པ། ཞེས་སུ་སྒྱུར་དགོས་པ་ལྟ་བུ་དང་།
          (2)在这个崇高的事业中,文艺发展的天 地十分广阔。
          རླབས་ཆེན་གྱི་བྱ་གཞག་འདིའི་ཁྲོད་དུ་རིག་རྩལ་འཕེལ་རྒྱས་ཀྱི་གནམ་ས་ཧ་ཅང་རྒྱ་ཆེན་པོ་ཞིག་ཡོད། ཅེས་བསྒྱུར་བ་ལྟ་བུར་མཚོན་ན་“天地”ཞེས་པ་“གནམ་ས་”ཞེས་ཚིག་ངོས་ཀྱི་ནང་དོན་ཇི་བཞིན་བསྒྱུར་བ་བོད་རང་གི་སྐད་ལ་མི་འབྱོར་བས། འདིར་“རིག་རྩལ་སྤེལ་ཡུལ་”ཞེས་དོན་སྒྱུར་བྱས་ན་ད་གཟོད་དེའི་བསྟན་དོན་ཇི་བཞིན་མཚོན་པར་བྱས་ཡོད།
          (3)法国仍然主张伊拉克问题应在联合 国框架内得以解决。
          ཧྥ་རན་སིས་ད་དུང་དབྱི་རག་གི་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞི་ནང་ཐག་གཅོད་བྱེད་དགོས་པར་འདོད། ཅེས་“框架”ནི་“སྒྲོམ་གཞི་”ཞེས་ཚིག་གདོང་ཇི་བཞིན་ཐད་སྒྱུར་བྱས་པས་བོད་ཀྱི་སྐད་ཆའི་སྦྱོར་སྟངས་སོགས་དང་མི་མཐུན། དེ་བས་དེའི་སྐབས་བབ་ཀྱི་བསྟན་དོན་ལ་གཞིགས་ནས་“མངའ་འོག་”ཅེས་དོན་སྒྱུར་བྱས་ན་ད་གཟོད་ཡང་དག་ཏུ་སོང་ཡོད་པ་ལྟ་བུས་མཚོན་ནོ།
          (4)同疾病作斗争,与不卫生习惯作斗争, 是社会主义物质文明和精神文明的重要内容。
          ན་ཚ་དང་འཐབ་རྩོད་བྱེད་པ་དང་། གཙང་སྦྲར་མི་དགའ་བའི་གོམས་སྲོལ་དང་འཐབ་རྩོད་བྱེད་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་ནང་དོན་གཙོ་བོ་ཡིན། ཅེས་“ 斗争” ནི་“འཐབ་རྩོད་”དུ་ཐད་སྒྱུར་བྱས་པས་འགྱུར་སྐྱོན་དུ་སོང་ཡོད། དེ་བས་སྐབས་འདི་ལྟ་བུ་ལ་དེའི་བསྟན་དོན་དངོས་ལ་གཞིགས་ནས་དོན་སྒྱུར་བྱེད་དགོས་ཏེ།
          ན་ཚ་འགོག་བཅོས་དང་གཙང་སྦྲར་མི་དགའ་བའི་སྲོལ་ངན་ལེགས་བཅོས་བྱེད་པ་ཞེས་བསྒྱུར་ན་ད་གཟོད་དེའི་ནང་དོན་ངོ་མ་ཇི་བཞིན་ཐོན་པར་བྱས་ཡོད་པ་ལྟ་བུའོ།
          3. བསྟན་དོན་ཇི་བཞིན་མ་ཐོན་པའི་འགྱུར་སྐྱོན་དང་དེའི་སྐྱོན་སེལ།
          དེ་ཡང་གཞུང་ཡིག་ཁྲོད་བཀོལ་བའི་མིང་བརྡ་རྣམས་ལ་སྐབས་བབ་ཀྱི་བསྟན་དོན་ངེས་ཅན་རེ་ལྡན་པར་མ་ཟད། གཞུང་ཡིག་འགོད་མཁན་གང་གི་བསམ་པའི་ལངས་ཕྱོགས་དང་ཚིག་གི་ལྕི་ཡང་སོགས་ཀྱང་མི་འདྲ་བར་ཐ་དད་དུ་གནས་པས་ན། དེ་ཉིད་རང་སྐད་དུ་སྒྱུར་དུས་ཀྱང་སྐབས་བབ་ཀྱི་བསྟན་དོན་གང་ཉིད་མ་ནོར་བར་བྱས་ཏེ་རང་སྐད་དུ་རྒྱུགས་ཆེ་བའི་ཚད་ལྡན་གྱི་མིང་བརྡར་སྒྱུར་དགོས། གལ་ཏེ་རང་སྐད་ཁྲོད་དུ་དེ་ལྟ་བུའི་མིང་བརྡ་མེད་པར་ཐ་སྙད་གསར་པར་སྒྱུར་དུས་གང་ལའང་གོ་རུང་བའི་ཐེ་ཚོམ་ཅན་དུ་མི་བསྒྱུར་བར་དེའི་བསྟན་དོན་ངོ་མ་ཇི་བཞིན་སྒྱུར་དགོས། དཔེར་ན།
          (1)凡经我省原生物资源主管部门批准建立对外国人开放的狩猎场,应有组织地接待国外猎者。
          རང་ཞིང་གི་རི་སྐྱེས་སྲོག་ཆགས་ཐོན་ཁོངས་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་བཀོད་ནས་བཙུགས་པའི་ཕྱི་གླིང་བར་སྒོ་ཕྱེས་པའི་རི་དྭགས་རྔོན་ས་ཡིན་ན། རྩ་འཛུགས་ཡོད་པའི་སྒོ་ནས་ཕྱི་རྒྱལ་གྱི་རི་དྭགས་པར་སྣེ་ལེན་བྱེད་དགོས། ཞེས་པ་ལྟ་བུར་མཚོན་ན་“猎者” ཞེས་པ་ནི་ཕྱི་གླིང་བ་རང་རྒྱལ་དུ་ཡུལ་སྐོར་རམ་སྤྲོ་གསེང་དུ་འོང་ནས་རི་དྭགས་རྔོན་ཏེ་ཡིད་ཀྱི་བདེ་བ་སྐྱེད་པར་དམིགས་པ་མ་གཏོགས། ཆེད་དུ་རི་དྭགས་རྔོན་པ་ལ་བརྟེན་ནས་འཚོ་བ་རོལ་བའི་མི་ལ་གོ་བ་མ་ཡིན་པས་“རི་དྭགས་པ་”འམ་ས་རྔོན་པ་”ཞེས་པར་བསྒྱུར་ན་མི་རུང་། དེ་བས་“རི་དྭགས་རྔོན་མཁན་”ཞེས་སུ་བསྒྱུར་ན་ད་གཟོད་དེའི་བསྟན་དོན་གང་ཉིད་ཡང་དག་པར་མཚོན་པར་བྱས་ཡོད་པ་ལྟ་བུ་དང་།
          (2)对制售假劣药品的违法犯罪分子,必须坚决打击,要依法追究其刑事责任。
          སྨན་རྫས་རྫུན་མ་བཟོ་འཚོང་བྱེད་པའི་ཁྲིམས་འགལ་གྱི་ནག་ཉེས་པར་ངེས་པར་དུ་བློ་ཐག་རྦད་ཆོད་ཀྱིས་རྡུང་རྡེག་བྱེད་དགོས་ལ། ཁྲིམས་ལྟར་འོས་འགན་ཁུར་དགོས། འདིར་“追究刑事责任”ནི་“འགན་ཁུར་དགོས་”ཞེས་སུ་བསྒྱུར་བ་ནི་དེའི་གོ་དོན་གྱི་ཕྱོགས་ཙམ་དུ་སོང་འདུག   རྒྱལ་ཁྲིམས་ཐད་ཀྱི་གཞུང་ཡིག་སྒྱུར་དུས་ཐ་སྙད་ཚད་ལྡན་བཀོལ་ནས་དེའི་བསྟན་དོན་ཇི་བཞིན་མཚོན་པར་བྱེད་པ་ཧ་ཅང་གལ་ཆེ་སྟེ། མིང་བརྡ་མི་འདྲ་བ་སྦྱར་བས་དེས་མཚོན་པའི་ཁྲིམས་བཅད་ཀྱི་ལྕི་ཡང་ཤིན་ཏུ་མི་འདྲ་བར་འབྱུང་བས། མིང་བརྡ་ཡང་དག་དང་ཚད་ལྡན་དུ་བསྒྱུར་རྒྱུ་ནི་གཞུང་ཡིག་ལོ་ཙཱ་ལ་ངེས་པར་དུ་ལྡན་དགོས་པའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་སྣང་ངོ་།
          འདིར་ཟུར་དུ་བརྗོད་དགོས་པ་ཞིག་ལ། གཞུང་ཡིག་གི་སྐབས་འདིར་ཡང་ཡིད་ཀྱི་འགྱུར་བ་མི་འདྲ་བའི་མིང་བརྡ་མང་དུ་འབྱུང་ལ་དེ་དག་ལ་སྐབས་བབ་ཀྱི་ཡིད་འགྱུར་ལྟར་ཡང་དག་ཏུ་མཚོན་པར་བྱེད་དགོས། འདིར་བརྗོད་པའི་“འགྱུར་བ་” ཞེས་པ་ནི་རང་གི་ལྟ་བ་དང་ལངས་ཕྱོགས་སོགས་མི་འདྲ་བའི་དབང་གིས་བརྗོད་དོན་ལ་ལར་བཟུང་བའི་ཆགས་སྡང་གི་རྣམ་འགྱུར་དང་བསྟོད་སྨད་ཀྱི་འདུ་ཤེས་བཅས་མི་འདྲ་བར་འབྱུང་བ་དེ་ལ་བྱ། དེ་ཡང་མིང་བརྡ་ལ་ལ་ཞིག་ཚིག་གི་ཁོར་ཡུག་མི་འདྲ་བར་བསྟན་དོན་དང་ཁྱབ་རྒྱ་སོགས་ཀྱང་ཐ་དད་དུ་འབྱུང་ལ། རྩ་བའི་བསྟན་དོན་འདྲ་ཡང་ཚིག་གི་ལྕི་ཡང་དང་བརྩེ་དུང་གི་འགྱུར་བ་སོགས་མི་འདྲ་བ་ཡིན། འདིར་དེ་ལྟ་བུའི་མིང་བརྡ་སྒྱུར་བ་ལ་དག་ཡིག་མཁས་པའི་འབྱུང་གནས་ལས། གཞན་ཡང་བསྟོད་པའི་ཚིག་དང་། སྨད་པའི་ཚིག ངོ་མཚར་བའི་ཚིག སྐྱོ་བར་འགྱུར་བའི་ཚིག འཇིགས་པའི་ཚིག་ལྟ་བུ་རྣམས་ལ་ནི།  ཧོར་སྐད་དུ་ཀུན་ལ་གྲགས་པ་ནུས་པ་ཆེ་ཞིང་ཡིད་འཁུལ་བཏུབ་པ་སྐབས་སུ་བབ་པའི་ཚིག་གིས་སྒྱུར་བར་བྱའོ། ཞེས་གསུངས་པ་བཞིན་སྒྱུར་བྱེད་སྐད་དུ་ཡང་དེའི་ཡིད་འགྱུར་དང་ཀུན་ནས་མཐུན་པའི་མིང་བརྡ་རུ་བསྒྱུར་དགོས། དཔེར་ན། དེ་སྔོན་ཚགས་པར་ལས་བརྡ་འཕྲིན་ཞིག་གི་ཁ་བྱང་ལ། 变了!祁连山的草原ཞེས་འབྱུང་བ་བོད་སྐད་དུ་“གྱུརད་ཏོ། ཆི་ལན་རི་འདབས་ཀྱི་རྩྭ་ཐང་།”ཞེས་བསྒྱུར་བ་ལྟ་བུར་མཚོན་ན། མ་ཡིག་གི་བསྟན་དོན་མཚོན་པར་བྱས་ཡོད་ཀྱང་བོད་རང་གི་སྐད་ཆའི་སྦྱོར་སྟངས་དང་བརྡ་སྤྲོད་ཀྱི་ལུགས་སོགས་དང་མི་མཐུན་པར་མ་ཟད། མ་ཡིག་ཁྲོད་མངོན་པའི་རྩོམ་པ་པོ་གང་གི་ངོ་མཚར་བའམ་སྤྲོ་སྣང་གི་ཡིད་འགྱུར་དེ་ཇི་བཞིན་ཐོན་མེད་པས་འགྱུར་སྐྱོན་དུ་སོང་། དེ་བས་“ཀྱེ་མ་འགྱུར་སོང་། ཆི་ལན་རི་འདབས་ཀྱི་རྩྭ་ཐང་འགྱུར་སོང་།”ཞེས་སམ་ཡང་ན་“ཀྱེ་མ། ཆི་ལན་རི་འདབས་ཀྱི་རྩྭ་ཐང་ལ་འགྱུར་ལྡོག་བྱུང་སོང་།” ཞེས་ཡིད་ཀྱི་འགྱུར་བ་གང་ཉིད་མ་ཉམས་པར་བྱས་ཏེ་ལེགས་པར་མཚོན་པར་བྱས་པ་ལྟ་བུའོ། ཡང་མིང་བརྡ་ལ་ལ་ཞིག་ཚིག་གི་ཁོར་ཡུག་མི་འདྲ་བར་བསྟོད་སྨད་ཀྱི་འདུ་ཤེས་དང་ཆགས་སྡང་གི་རྣམ་འགྱུར་སོགས་ཀྱང་མི་འདྲ་བས་རང་སྐད་དུ་སྒྱུར་དུས་ཀྱང་ཡིད་འགྱུར་གྱི་ཁྱད་པར་བཏོད་ནས་སྐབས་བབ་ཀྱི་བསྟོད་སྨད་འདུ་ཤེས་ལྟར་སོ་སོར་སྒྱུར་དགོས། འདིར་དཔེ་འགའ་དྲངས་ནས་གསལ་བཤད་ཙམ་བྱས་ན།
          (1)中共关于加强铁路工作的决定下达以 后,对各行各业都有很大的影响和推动。
          ཀྲུང་གུང་གི་ལྕགས་ལམ་བྱ་བར་ཤུགས་སྣོན་བྱེད་པའི་སྐོར་གྱི་གྲོས་ཆོད་དེ་བརྒྱུད་བསྒྲགས་བྱས་རྗེས། ལས་རིགས་ཚང་མར་བཟང་ཤན་དང་སྐུལ་འདེད་ཧ་ཅང་ཆེན་པོ་ཐེབས་ཡོད།
          (2)搞特权,这是封建主义残余影啊尚未 肃清的表现。
          ཁྱད་དབང་ཧམ་གཉེར་བྱེད་པ་ནི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་ཤུགས་རྐྱེན་ངན་པའི་ལྷག་འཕྲོ་ད་དུང་གཙང་སེལ་བྱས་མེད་པའི་རྟགས་རེད།
          (3)这个宪法草案公布以后,在国际上会 不会发生影响?在民主阵营中,在资本主义国 家中,都会发生影响。
          རྩ་ཁྲིམས་འཆར་ཟིན་འདི་ཡོངས་བསྒྲགས་བྱས་རྗེས་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཐེབས་སྲིད་དམ་ཞེ་ན། དམངས་གཙོའི་དཔུང་ཁག་དང་མ་རྩ་རིང་ལུགས་རྒྱལ་ཁབ་གང་དུའང་ཤུགས་རྐྱེན་ཐེབས་སྲིད།
གོང་གི་དཔེར་བརྗོད་དག་ལས་འབྱུང་བའི་“影响”ཞེས་པར་གཞིགས་ན། རྩོམ་པ་པོའི་ཀུན་སློང་དང་ཚིག་ཟུར་གྱི་ནུས་པ་མི་འདྲ་བའི་དབང་གིས་བསྟོད་སྨད་ཀྱི་ཁྱད་པར་གསལ་བ་རང་སྐད་དུ་སྒྱུར་དུས་ཀྱང་དོན་མཚུངས་ན་ཡང་ཀུན་སློང་མི་འདྲ་བར་བྱས་ཡོད། དེ་ཡང་དཔེར་བརྗོད་དང་པོ་ལས་“བཟང་ཤན་” (褒义词)ཞེས་དང་གཉིས་པར་“ཤུགས་རྐྱེན་ངན་པ་” (贬义词)ཞེས་དང་། གསུམ་པར་“ཤུགས་རྐྱེན་” (中心词)ཞེས་སྒྱུར་དགོས་པ་ལྟ་བུའོ།
          གཉིས་པ། ཚིག་གི་འགྱུར་སྐྱོན་འགའ་དང་དེ་དག་གི་སྐྱོན་སེལ་བཤད་པ།
          གཞུང་ཡིག་ལོ་ཙཱ་བྱེད་པ་ལ་རྩོམ་རིག་སོགས་དང་མི་འདྲ་བའི་རྩ་དོན་དང་རེ་བ་ལྡན་པ་ནི་གཞུང་ཡིག་རང་ངོས་ཀྱི་ཁྱད་ཆོས་དེས་ཐག་བཅད་པ་ཡིན། གཞུང་ཡིག་གང་གི་ཚིག་ལ་གྲིམ་ཤ་ཆེ་ཞིང་དོན་ལ་སྡུད་ཚད་ཆེ་བ། དགོས་མེད་ཀྱི་འཕྲོས་བཤད་དང་ཚིག་ལྷག་ལ་འཛེམས་པ། ཚིག་སྦྱོར་ཡང་ཐལ་དྲགས་པའི་ཁ་སྐད་སོགས་ཀྱི་ལྷད་མ་འདྲེས་པར་སྤྱི་མཐུན་དུ་སྤྱོད་པའི་ཡིག་ཐོག་གི་སྐད་ཆ་ཁོ་ན་བཀོལ་བ་དང་། ཚིག་གོང་འོག་གི་འབྲེལ་བ་དམ་ཞིང་གཏན་ཚིགས་ཀྱི་རང་བཞིན་ཆེས་ཆེར་ལྡན་པ་ཡིན། དེ་བས་དེ་ཉིད་སྒྱུར་དུས་ཀྱང་མ་ཡིག་ལས་མངོན་པའི་ཚིག་གི་ཁྱད་ཆོས་དེ་དག་མི་ཉམས་པར་བྱེད་པ་དང་། ཚིག་གོང་འོག་གི་འབྲེལ་བ་དང་གཅོད་མཚམས་བཅས་ལ་བློ་ཞིབ་མོས་བརྟག་ཅིང་དཔྱད་དེ་ཚིག་དོན་གཉིས་ཀའི་ཆ་ལ་སྐྱོན་གྱི་དྲི་མས་མ་འགོས་པར་བྱེད་པ་ནི་གནད་ཀྱི་དམ་པའོ།
          གཤམ་དུ་ང་ཚོས་ལྡོག་ཕྱོགས་ཀྱི་དཔེ་འགའ་བཀོད་དེ་དེ་དག་གི་འགྱུར་སྐྱོན་བཙལ་བའི་ཞོར་དུ་ལག་ལེན་ལ་ཉེ་བར་མཁོ་བའི་ཉམས་མྱོང་དང་ཐབས་རྩལ་འགའ་སྤྱི་སྡོམ་བྱེད་པ་ལ།
          1. ཚིག་གདོང་ལ་བསྟུན་དྲགས་པའི་འགྱུར་སྐྱོན་དང་དེའི་སྐྱོན་སེལ།
          སྤྱིར་གཞུང་ཡིག་སྒྱུར་དུས་མ་ཡིག་གི་ཚིག་དོན་ལ་བསྟུན་ཅི་ནུས་སྒོས་ཇི་བཞིན་མཚོན་པར་བྱེད་དགོས་པ་ཡིན་མོད། མི་རིགས་དབར་གྱི་སྐད་ཆའི་སྦྱོར་སྟངས་དང་རིག་གནས་ཀྱི་བསྟན་དོན་ལ་སོགས་མི་འདྲ་བའི་དབང་གིས། ཚིག་ལ་ལ་ཞིག་སྒྱུར་དུས་སྐབས་བབ་ཀྱི་བསྟན་དོན་མི་འདྲ་བར་གཞིགས་ནས་དེའི་བྱེ་བྲག་གི་ནང་དོན་ལྟར་བསྒྱུར་དགོས་པ་ལས། ཡོད་ཚད་ཚིག་གདོང་ཁོ་ན་ལ་བསྟུན་ཚེ་སྐབས་ལ་ལར་དོན་ལོག་ཏུ་འགྱུར་ཉེན་ཆེ། དེ་བས་གོང་འོག་གི་ཚིག་དོན་ལ་ལེགས་པར་གཞིགས་ནས་སྐབས་ཐོབ་ཀྱིས་སྒྱུར་དགོས། དཔེར་ན།
          (1)随着人口的增加和工业的发展,粮食供位的紧张情况,不可能在短期內得到缓和, 因比,对粮食问题决不可掉以轻心。粮食生产 必须继续抓紧,发展多种经营,决不能挤掉粮 食。
          མི་གྲངས་འཕར་སྣོན་དང་བཟོ་ལས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་འབྲུ་རིགས་མཁོ་སྤྲོད་འཚབ་འཚུབ་ཀྱི་གནས་ཚུལ་དེ་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་ཐག་གཅོད་མི་ནུས། དེ་བས་འབྲུ་རིགས་ཀྱི་གནད་དོན་ལ་མཐོང་ཆུང་གཏན་ནས་བྱེད་མི་རུང་། འབྲུ་རིགས་ཐོན་སྐྱེད་ངེས་པར་དུ་དམ་འཛིན་བྱས་ཏེ་སྣ་མང་བདག་གཉེར་འཕེལ་རྒྱས་སུ་གཏོང་བ་ལས་འབྲུ་རིགས་གཏན་ནས་བཙིར་མི་རུང་།  ཞེས་བསྒྱུར་བ་ལྟ་བུར་མཚོན་ན།“粮食供位的紧张情况” ཞེས་པ་ནི་“འབྲུ་རིགས་མཁོ་སྤྲོད་འཚབ་འཚུབ་ཀྱི་གནས་ཚུལ་”ཞེས་དང་།“决不能挤掉粮食”ཞེས་པ་“འབྲུ་རིགས་གཏན་ནས་བཙིར་མི་རུང་”ཞེས་མ་ཡིག་གི་ཚིག་གདོང་ལ་ཇི་བཞིན་བསྟུན་དྲགས་པའི་འགྱུར་སྐྱོན་ཚབས་ཆེན་དུ་གནས་ཡོད་དེ། བོད་རང་གི་སྐད་ཆའི་སྦྱོར་སྲོལ་སོགས་དང་མི་མཐུན་པར་མ་ཟད་སྐབས་བབ་ཀྱི་ནང་དོན་ཡང་ལོག་པར་སོང་འདུག    དེས་ན་སྐབས་འདི་ལྟ་བུ་ལ་བརྗོད་བྱ་གོང་འོག་གི་གཏན་ཚིགས་འབྲེལ་བ་དང་མི་བསྟུན་ཀ་མེད་ཡིན་ཏེ།   གཙོ་བོ་མ་ཡིག་གང་དེའི་བརྗོད་བྱའི་བསྟན་དོན་ཇི་བཞིན་དོན་སྒྱུར་བྱེད་དགོས་ཏེ། སོ་སོར་“འབྲུ་རིགས་མཁོ་སྤྲོད་མི་འདང་བའི་གནས་ཚུལ་”ཞེས་དང་“འབྲུ་རིགས་ལ་དོ་སྣང་མི་བྱེད་པ་གཏན་ནས་བྱེད་མི་རུང་”ཞེས་པ་ལྟ་བུར་སྒྱུར་དགོས་པ་ལྟ་བུའོ།
          (2)要疏通资源渠道,份格要做到有活有管。
          ཐོན་ཁོངས་ཀྱི་ཆུ་རྐ་གཤོང་བ་དང་། རིན་གོང་འཁྲུག་ཅིང་དོ་དམ་ཡོད་པ་བྱེད་དགོས། ཞེས་བསྒྱུར་བ་ལྟ་བུར་མཚོན་ན་ཚིག་ངོས་ཀྱི་ནང་དོན་ཁོ་ན་ལས་བོད་རང་གི་སྐད་ཆའི་སྦྱོར་སྟངས་སོགས་དང་མཐུན་མི་མཐུན་སོགས་ལ་བསམ་གཞིགས་མ་བྱས་པའི་སྐྱོན་བྱུང་འདུག  དེ་བས་དེའི་བསྟན་དོན་ལྟར་སྒྱུར་ན། ཐོན་ཁོངས་ཀྱི་འབྲེལ་ལམ་ཡངས་པོར་ཕྱེས་པ་དང་། རིན་གོང་ཐད་སྐབས་བསྟུན་གྱིས་དོ་དམ་བྱེད་དགོས། ཞེས་དོན་སྒྱུར་བྱས་ན་ད་གཟོད་ཡང་དག་ཡིན་པ་ལྟ་བུའོ།
          2.ཚིག་གི་གཅོད་མཚམས་ཉམས་པའི་འགྱུར་སྐྱོན་དང་དེའི་སྐྱོན་སེལ།
          འདི་ནི་གཙོ་བོ་མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ཞིག་མ་ལོན་པ་ལས་བྱུང་བའི་འགྱུར་སྐྱོན་ཏེ། མ་ཡིག་ལས་བརྗོད་པའི་ཚིག་སྔ་ཕྱིའི་གཏན་ཚིགས་ཀྱི་འབྲེལ་བ་དང་། ཕན་ཚུན་ལ་ཐོན་པའི་ཚིག་གི་ནུས་པ་མི་འདྲ་བ་ལ་སོགས་ཇི་བཞིན་ཡོད་པ་དེ་བཞིན་དུ་སྒྱུར་དགོས་པ་ལས་གོ་ལོག་ཏུ་མི་འགྲོ་བ་བྱེད་དགོས། དཔེར་ན།
          (1)《中共中央办公厅国务院办公厅关于在国务活动中严禁用公款宴请和有关工作餐的规定》
          《ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་རྒྱལ་ཁབ་ཀྱི་གཞུང་དོན་བྱ་འགུལ་ཁྲོད་གཞུང་དངུལ་སྤྱད་ནས་གསོལ་སྟོན་བཤམས་པ་དང་ལས་ཀའི་ཟ་མ་ཟ་བ་གཏན་འགོག་བྱེད་པའི་སྐོར་གྱི་གཏན་འབེབས་》 ཞེས་བསྒྱུར་བ་ལྟ་བུ་ལས་མ་ཡིག་གི་ “严禁”ཞེས་པའི་བྱ་ཚིག་འདིའི་དགག་བྱ་ནི་“用公款宴请”ཞེས་པ་འདི་ཡིན་པ་ལས་“工作餐”མིན་མོད། འདིར་བྱ་ཚིག་གང་ཉིད་དེ་གཉིས་ཀར་དཀྱུས་གཅིག་ཏུ་སྦྱར་བས། ཚིག་གི་གཅོད་མཚམས་ཇི་བཞིན་དུ་མ་ངེས་པའི་འགྱུར་སྐྱོན་བྱུང་ཡོད་པ་ལྟ་བུ་དང་།
          (2)各省、自治区、直辖市党委和人民政府 可根据本规定指定实施细则。
          ཞིང་ཆེན་སོ་སོ་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཏང་ཨུད་དང་མི་དམངས་སྲིད་གཞུང་གིས་གཏན་འབེབས་འདི་གཞི་བྱས་ནས་ལག་བསྟར་སྲོལ་ཡིག་ཞིབ་མོ་གཏན་འཁེལ་བྱས་ཆོག    ཅེས་བསྒྱུར་བ་ལྟ་བུར་མཚོན་ན། མ་ཡིག་ལྟར་ན་“སོ་སོ”ནི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ལ་དཀྱུས་གཅིག་ཏུ་སྦྱོར་དགོས་མོད། འདིར་ཚིག་གི་གཅོད་མཚམས་ནོར་ནས་ཞིང་ཆེན་གཅིག་པུ་མ་གཏོགས་གཞན་དག་ལ་མ་སྦྱར་བས་རང་སྐྱོང་ལྗོངས་ལ་སོགས་པ་དེའི་ནང་དུ་མ་ཐེ་བ་ལྟ་བུའི་འགྱུར་སྐྱོན་བྱུང་འདུག
          (3)对无证生产、经营药品和配制药剂的活动,要坚决取缔。
          འཛིན་ཡིག་མེད་པར་ཐོན་སྐྱེད་དང་། སྨན་རྫས་ལས་གཉེར་དང་སྨན་སྣ་སྡེབ་སྦྱོར་བཅས་བྱེད་པའི་བྱ་འགུལ་བློ་ཐག་རྦད་ཆོད་ཀྱིས་མེད་པར་བཟོ་དགོས། ཞེས་བསྒྱུར་བ་ལྟ་བུར་མཚོན་ན་འགྱུར་ཡིག་ལས་“འཛིན་ཡིག་མེད་པ་”དེ་ཐོན་སྐྱེད་ཁོ་ནར་སྦྱར་བས། ཅི་ཞིག་ཐོན་སྐྱེད་བྱེད་པ་མི་གསལ་བ་འདི་ལྟ་བུ་ནི་ཚིག་གི་གཅོད་མཚམས་ཉམས་པའི་འགྱུར་སྐྱོན་ཆེན་པོ་ཡིན། “འཛིན་ཡིག་མེད་པར་སྨན་རྫས་ཐོན་སྐྱེད་དང་ལས་གཉེར། སྨན་སྣ་སྡེབ་སྦྱོར་བྱེད་པ་”ཞེས་བསྒྱུར་དགོས་པ་ལྟ་བུའོ།
          3. ཚིག་གི་གོ་རིམ་ཇི་བཞིན་སྒྱུར་བའི་འགྱུར་སྐྱོན་དང་དེའི་སྐྱོན་སེལ།
          སྤྱིར་གཞུང་ཡིག་སྒྱུར་དུས་མ་ཡིག་གི་ཚིག་ངོས་ཇི་བཞིན་ཐད་ཀ་ཐད་སོར་སྒྱུར་དགོས་པ་ཡིན་མོད། ཡིན་ཡང་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྡ་སྤྲོད་ལུགས་དང་སྐད་ཆའི་སྦྱོར་སྟངས་སོགས་ཐ་དད་པས། སྐབས་ལ་ལར་དགོས་དབང་གིས་འཕྲི་སྒྱུར་དང་སྣོན་སྒྱུར། སྣོར་སྒྱུར་ལ་སོགས་པའི་ཐབས་ལམ་སྤྱོད་དགོས་པ་ཡང་ཡོད། ཡིན་ཡང་སྐབས་ལ་ལར་མ་ཡིག་གི་ཚིག་གི་གོ་རིམ་ཇི་བཞིན་བསྒྱུར་ན་བོད་རང་གི་སྐད་ཆའི་སྦྱོར་ལུགས་སོགས་དང་མི་མཐུན་པའི་གནས་ཚུལ་འབྱུང་སྲིད་པས་ཆེས་ཆེར་གཟབ་དགོས། དཔེར་ན།
          (1)坚决依法打击杀人、抢劫、盗窃、走私、 贩毒、聚众赌博、拐卖妇女儿童等刑事犯罪活动。
          བློ་ཐག་རྦད་ཆོད་ཀྱིས་ཁྲིམས་ལྟར་མི་གསོད་པ་དང་འཕྲོག་བཅོམ། རྐུ་བྱེད་པ། ལྐོག་ཚོང་དང་དུག་ཚོང་གཉེར་བ། མི་མང་ཚོགས་ནས་ཤོ་རྒྱག་པ། བུད་མེད་དང་བྱིས་པ་གཡོ་ཚོང་བྱེད་པ་བཅས་ཀྱི་ཉེས་དོན་བྱ་འགུལ་ལ་རྡུང་རྡེག་བྱེད་པ།  ཞེས་བསྒྱུར་བ་ལྟ་བུར་མཚོན་ན་མ་ཡིག་གི་ཚིག་འགྲོས་ཇི་བཞིན་བསྒྱུར་བས། ཚིག་གི་སྡེབ་སྦྱོར་མི་ལེགས་ཤིང་གཏན་ཚིགས་ལྷོད་པ། བརྗོད་དོན་ནང་འགལ་བྱུང་ཞིང་བོད་ཀྱི་སྐད་ཆའི་ངེས་སྲོལ་དང་འགལ་བར་མ་ཟད། ཐ་ན་གོ་ལོག་ཐེབས་པའི་ཉེན་ཁ་ཡང་ཡོད། འདི་ནི་གཙོ་བོ་མ་ཡིག་གི་གོ་རིམ་ཇི་བཞིན་བསྒྱུར་བ་ལས་བྱུང་བའི་སྐྱོན་ཡིན་པས་སྣོར་སྒྱུར་གྱི་ཐབས་ལམ་མི་སྤྱོད་ཀ་མེད་ཡིན། དེ་བས་འདིར་ཚིག་གི་གོ་རིམ་བསྣོར་ནས་སྒྱུར་ན། མི་གསོད་པ་དང་རྐུ་འཕྲོག་བྱེད་པ། ལྐོག་ཚོང་དང་དུག་ཚོང་གཉེར་བ། མི་ཚོགས་བསྡུས་ནས་ཤོ་རྒྱག་པ། བུད་མེད་དང་བྱིས་པ་གཡོ་ཚོང་བྱེད་པ་བཅས་ཀྱི་ཉེས་དོན་བྱ་ངན་ལ་བློ་ཐག་རྦད་ཆོད་ཀྱིས་ཁྲིམས་ལྟར་རྡུང་རྡེག་བྱེད་དགོས། ཞེས་བརྗོད་ན་ད་གཟོད་མ་ཡིག་གི་བསྟན་དོན་ཇི་བཞིན་ཐོན་པར་མ་ཟད་བོད་རང་གི་སྐད་ཆའི་སྦྱོར་ལུགས་སོགས་དང་ཡང་མཐུན་པ་ལྟ་བུའོ།
         (2)青海的工业水平,现在已较过去有了 很大的发展。
          མཚོ་སྔོན་གྱི་བཟོ་ལས་ཆུ་ཚད་ད་ལྟ་སྔོན་ཆད་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཅེས་བསྒྱུར་བ་ལྟ་བུར་མཚོན་ན་སྤྱིར་མ་ཡིག་གི་བསྟན་དོན་ཇི་བཞིན་ཐོན་པར་བྱས་ཡོད་པས་སྐྱོན་ཆེན་པོ་མི་འདུག་མོད། འདིར་མ་ཡིག་གི་ཚིག་འགྲོས་ཇི་བཞིན་བསྒྱུར་བས་སྦྱོར་བ་ཁ་ལ་མི་བདེ་ཞིང་གཏན་ཚིགས་ཇེ་ལྷོད་དུ་སོང་ཡོད། དེ་བས། ད་ལྟ་མཚོ་སྔོན་གྱི་བཟོ་ལས་ཆུ་ཚད་སྔོན་ཆད་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཅེས་བསྒྱུར་ན་ད་གཟོད་ངག་ལ་བདེ་ཞིང་བརྡ་སྤྲོད་དང་མཐུན་པ་ལྟ་བུས་མཚོན་ནོ།  །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1