ནོ་རུ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ནོ་རུ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། ནོ་རུ་ཞེས་པའི་མིང་ནི་མི་རིགས་ཀྱི་མིང་རྒྱལ་ཁབ་ཀྱི་མིང་དུ་ཐོགས་པར་བཤད། དེ་ནི་རྒྱ་མཚོ་ཆེན་པོའི་གླིང་དུ་ཡོད་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་ལ། འཛམ་གླིང་སྟེང་གི་ཆེས་ཆུང་བའི་གླིང་ཕྲན་རྒྱལ་ཁབ་ཀྱང་ཡིན།
ནོ་རུའི་དབུས་མཐོ་ཞིང་ཕྱོགས་བཞི་དམའ་བ་དང་། ཞི་བདེ་རྒྱ་མཚོའི་ནུབ་ཁུལ་དུ་གནས་ལ། ཐིག་དམར་གྱི་ལྷོ་ཕྱོགས་སུ་ཕལ་ཆེར་སྤྱི་ལེ་60ཙམ་གྱི་མཚམས་སུ་ཡོད་ཅིང་། ཤར་ནས་ཁི་རི་བྷེད་རྒྱ་མཚོ་ཆེན་པོའི་གླིང་ཕྲན་བར་དུ་སྤྱི་ལེ་300ཡོད། མངའ་ཁོངས་ཀྱི་ཆེས་མཐོ་བའི་གནས་སུ་མཚོ་ངོས་ལས་སྨི་70ཡོད་ཅིང་། རྒྱ་མཚོའི་འགྲམ་ངོགས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི་30ཡོད། ལྷོ་ནུབ་ཀྱི་ཁུལ་དུ་ཚྭ་མཚེའུ་ཞིག་ཡོད་མོད་ཆུ་བོ་ནི་མེད། ནམ་ཟླ་ནི་ཚ་ཁུལ་གྱི་ཆར་ཆུ་མོད་པའི་གནམ་གཤིས་སུ་གཏོགས་ལ། ཟླ་3པ་ནས་ཟླ་10པའི་བར་ནི་ཆར་ཆུ་ཉུང་བའི་དུས་དང་། ཟླ་11པ་ནས་ཕྱི་ལོའི་ཟླ་2པའི་བར་ནི་ཆར་ཆུ་མོད་པའི་དུས་ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི་455ཡིན། ཐོན་ཁུངས་ལ་ཚྭ་ཕུན་སུམ་ཚོགས་པོ་ཡོད་པ་དང་། གླིང་ཕྲན་ཡོངས་ཀྱི་ས་ཆའི་3/5ལ་ཧྥོ་སྐྱུར་ཚྭ་ཡིས་ཡོངས་སུ་ཁེབས་ལ། མཐུག་ཚད་ལ་ཧོ་སྨི་6ནས་ཧོ་སྨི་10བར་ཡོད། གཏེར་རྡོ་རུ་གཏེར་རྒྱུ་འདུས་ཚད་37%ཡིན་པ་དང་། སྤྱིའི་ཉར་གསོག་ཚད་ཏུན་དུང་ཕྱུར་1ཙམ་ལ་སླེབས་ཤིང་། སྤུས་ཚད་ཀྱིས་འཛམ་གླིང་གི་ཨང་དང་པོ་ཟིན།
ནོ་རུ་ནི་རྒྱ་མཚོ་ཆེན་པོའི་གླིང་དུ་མི་གྲངས་འདུས་ཚད་ཆེས་མང་བའི་རྒྱལ་ཁབ་ཅིག་ཀྱང་ཡིན། སྡོད་དམངས་ཁྲོད་དུ་ནོ་རུ་མིས་58%ཟིན་པ་དང་།
གླིང་ཕྲན་གཞན་དག་སྟེང་གི་མིས་28%ཟིན། ནོ་རུ་མི་ནི་པོ་ལི་ཉི་ཞི་ཡ་དང་། སྨི་ཁེ་རོ་ནི་ཞི་ཡ། མེ་ར་ཉི་ཞི་ཡ་བཅས་འདྲེས་པའི་རིགས་རྒྱུད་ཡིན། སྲིད་གཞུང་གི་སྐད་དུ་སྤྱོད་པ་ནི་ནོ་རུའི་སྐད་དང་དབྱིན་སྐད་ཡིན་ཞིང་། ཡིག་ཆ་སོགས་ནི་དབྱིན་ཡིག་གིས་འབྲི་བ་དང་། གཞིས་སྡོད་ཀྱི་མིས་དབྱིན་སྐད་བཤད། སྡོད་དམངས་མང་ཆེ་བས་ཡེ་ཤུའི་ཆོས་གསར་མ་ལ་དད་པ་བྱེད་པ་དང་། ཉུང་ཤས་ཤིག་གིས་རོ་མའི་གནམ་བདག་ཆོས་ལུགས་ལ་དད།
ནོ་རུ་རྒྱལ་ཁབ་ནི་དཔལ་འབྱོར་ཆེས་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཀྱི་གྲས་ཡིན་ཞིང་། “བྱ་རྟུག་གིས་རྒྱལ་ཁབ་སྐྱོང་བ”དང་། ཧྥོ་སྐྱུར་ཚྭ་སྔོག་འདོན་བྱེད་པའི་ཚད་ཀྱང་འཛམ་གླིང་གི་ཨང་ལྔ་པ་ཡིན། ནོ་རུ་ཡི་ཕྱི་འདྲེན་ཐོན་རྫས་ཆེས་མང་བ་ནི་ཧྥོ་སྐྱུར་ཚྭ་ཡིན་ཏེ། ལོ་རེར་ཏུན200ལྷག་ཕྱིར་འཚོང་བྱེད་བཞིན་ཡོད།
འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་སྐབས་སུ་ནོ་རུ་ལ་ཨོ་སི་ཁྲུ་ལི་ཡས་བཙན་བཟུང་བྱས་པར་མ་ཟད། 1919ལོ་ནས་བཟུང་དབྱིན་ཇི་དང་།
ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན་བཅས་ཀྱིས་ཐུན་མོང་ཐོག་དོ་དམ་བྱས་མོད།འོན་ཀྱང་ཨོ་སི་ཁྲུ་ལི་ཡས་རྒྱལ་ཁབ་གསུམ་གྱི་ཚབ་ཞུས་ནས་འགན་དབང་སྤྱད་པ་རེད། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ། འཇར་མན་གྱི་མིས་འཁོན་ལན་སློག་ཆེད། གླིང་ཕྲན་དེའི་ཉེ་འགྲམ་གྱི་གྲུ་བཞི་ཆུར་བསྣུབས་པར་མ་ཟད། གླིང་ཕྲན་སྟེང་གི་ལིན་རྡོའི་གཏེར་གྱི་སྒྲིག་ཆས་གཏོར། 1942ལོར་ལྗར་དམག་གིས་ནོ་རུ་ལ་འབར་མདེལ་གྱིས་བརྒྱབ་པས། སྡོད་དམངས་ཨོ་སི་ཁྲུ་ལི་ཡར་བྲོས། ལོ་དེའི་ཟླ་8པའི་ཚེས་26ཉིན་ནོ་རུ་ལྗར་པན་གྱིས་བཙན་བཟུང་བྱས་ནས། ལྷོ་ཞི་བདེ་རྒྱ་མཚོ་ཆེན་མོའི་སྟེང་གི་འཐབ་རྩལ་རོགས་སྐྱོར་རྟེན་གཞི་འཛུགས་ཤིང་། མི་2000མངགས་ནས་སྲུང་དུ་བཅུག་པར་མ་ཟད། ལྗར་པན་གྱི་མི་དང་ཁོ་རེ་ཡ་ལྷོ་མིའི་མི་མང་བོ་ཁྲིད་ཡོང་སྟེ། གླིང་ཕྲན་སྟེང་དུ་འགོག་སྲུང་དང་འཛུགས་སྐྲུན་གྱི་གནམ་གྲུ་ཐང་ཆུང་བ་གཉིས་བཀོད་སྒྲིག་བྱས་མོད། འོན་ཀྱང་མནའ་འབྲེལ་དམག་གིས་ཤེས་རྗེས་གླིང་ཕྲན་སྟེང་གི་གནམ་གྲུ་15 གས་གཏོར་བྱས་པས། ལྗར་དམག་གིས་ཕྱིར་འཐེན་བྱས་མེད་པའི་ཡོ་རོབ་གླིང་གི་མི་ལྔ་བསད་ལ། གཞན་ཡང་ནོ་རུ་བ་མི་1200ཁྲུའུ་ཁེ་གླིང་ཕྲན་དུ་ལས་ཀ་བསྒྲུབ་པར་བཏང་།
འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ། ནོ་རུ་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་དང་། དབྱིན་ཇི། ནེའུ་ཙི་ལན་བཅས་ཀྱིས་ཐུན་མོང་ཐོག་དོ་དམ་བྱ་རྒྱུར་མངགས་བཅོལ་བྱས་པ་དང་། ལོ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ལ་ངེས་པར་དུ་སྙན་སེང་ཞུ་དགོས་པ་གཏན་འཁེལ་བྱས་མོད། འོན་ཀྱང་དོན་དངོས་ཐོག་རྒྱལ་ཁབ་དེ་གསུམ་གྱིས་གླིང་ཕྲན་སྟེང་གི་ལིན་རྡོའི་གཏེར་ཁ་ཇི་ལྟར་སྔོག་འདོན་བྱ་རྒྱུ་གཙིགས་སུ་བཟུང་ནས། ནོ་རུ་མིའི་སློབ་གསོ་ལ་མཐོང་ཆེན་བྱེད་ཀྱིན་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་ལ་ལོ་ལྟར་སྔོག་འདོན་བྱས་པའི་ལིན་གཏེར་གྱི་གྲངས་འབོར་དང་། མ་གནས། འཚོང་རིན་བཅས་ཁྱབ་བསྒྲགས་བྱ་དགོས་པའི་བླང་བྱ་ཐེངས་མང་པོར་བཏོན་མོད། འོན་ཀྱང་ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གིས་ཁ་ཡ་མ་བྱས། སྤྱི་ཚོགས་རིམ་གྱིས་འཕེལ་བ་དང་བསྟུན་ནས་ནོ་རུ་མི་དམངས་ཀྱི་བློ་གྲོས་དང་ཤེས་རབ་ཡང་གོང་འཕེལ་ཕྱིན་ཏེ། ཨོ་སི་ཁྲུ་ལི་ཡའི་མིའི་དབང་སྒྱུར་དང་། ལྷག་པར་དུ་ལིན་རྡོའི་གཏེར་ཁ་སྔོག་འདོན་བྱེད་པར་མོས་མཐུན་མ་བྱས་པར། ནུས་ཤུགས་ཡོད་རྒུས་རང་བཙན་བརྩོན་ལེན་བྱས་ཏེ་གཏེར་ཁ་འདོན་དབང་ཕྱིར་བླངས་བས། ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གིས་རྒྱལ་སྤྱིའི་གནོན་ཤུགས་ཆེན་པོའི་འོག ནོ་རུ་ལ་དོ་དམ་བྱེད་པ་མཇུག་མི་སྒྲིལ་ཐབས་མེད་བྱུང་།1968ལོའི་ཟླ་1པོའི་ཚེས་31ཉིན། ནོ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དངོས་སུ་རང་བཙན་བྱས་པ་ཁྱབ་བསྒྲགས་བྱས་ཤིང་། ལོ་དེའི་ཟླ་11པར་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་དམིགས་བསལ་ཁོངས་མིའི་རྒྱལ་ཁབ་ཏུ་གྱུར། 1999ལོར་ནོ་རུ་སྤྱི་མཐུན་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཏུ་གྱུར།
ནུབ་ཕྱོགས་མི་སེར་སྤེལ་མཁན་མ་སླེབས་གོང་ནོ་རུ་ནི་མ་རྒྱུད་རུས་རྒྱུད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་དུ་གནས་པས། ཤུལ་བཞག་རྒྱུ་ནོར་ནི་བུ་ལ་མི་སྤྲོད་པར་བུ་མོ་ལ་སྤྲོད་བཞིན་ཡོད་པས། ལྟོས་བཅས་ཀྱི་བུ་མོའི་གོ་གནས་ཅུང་མཐོ་བ་རེད། ཡིན་ནའང་ལོ་མང་པོའི་རིང་ནུབ་ཕྱོགས་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་དང་བསྟུན་ནས། ཕ་རྒྱུད་ལམ་ལུགས་ཀྱི་ཚད་གཞི་དང་རིན་ཐང་གི་འདུ་ཤེས་ཀྱིས་མི་རྣམས་ཀྱི་བསམ་གཞིགས་བྱེད་སྟངས་དང་བྱ་སྤྱོད་སྤེལ་སྟངས་ལ་ཤུགས་རྐྱེན་ཐེབས་འགོ་ཚུགས་པར་མ་ཟད། སྲིད་ཇུས་དང་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱེད་སྐབས་ཀྱང་སྔར་ལས་ལྷག་པའི་ཤུགས་རྐྱེན་ཐེབས་བཞིན་ཡོད། དཔེར་ན། ནོ་རུ་ཡི་ས་ཞིང་སྔར་བཞིན་ཨ་མ་བརྒྱུད་ནས་ཤུལ་འཛིན་བྱེད་བཞིན་ཡོད་མོད། འོན་ཀྱང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་བརྟག་དཔྱད་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། བུད་མེད་ཀྱི་སྐད་ཆ་ལ་རྩིས་ཐང་མེད་པས། བུད་མེད་ཀྱི་གོ་གནས་ལ་ཤུགས་རྐྱེན་ཐེབས་ཏེ་ནོ་རུ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཁྲོད་རིམ་བཞིན་སྐྱེས་པ་གཙོ་ཁྲིད་མཁན་དུ་གྱུར། ད་ལྟ་བུད་མེད་མང་པོ་ཞིག་གིས་གླ་ཕོགས་ཡོད་པའི་ལས་ཀ་སྒྲུབ་བཞིན་ཡོད་མོད། འོན་ཀྱང་བུད་མེད་མང་ཆེ་བས་སྔར་བཞིན་ཁོང་ཚོའི་འགན་འཁྲི་གཙོ་བོ་ནི་ཁྱིམ་ལས་གཉེར་རྒྱུ་དང་བུ་ཕྲུག་ལ་ལྟ་སྐྱོང་བྱ་རྒྱུ་དེ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ནོ་རུ་རང་བཙན་བྱས་པ་ནས་བཟུང་། བུད་མེད་གཉིས་མ་གཏོགས་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མིར་བདམས་ཐོན་བྱུང་མེད། 2006ལོའི་རྩ་ཁྲིམས་སྒྱུར་བཅོས་བྱེད་རིང་། མི་ལ་ལས་བུད་མེད་ལ་ལས་གནས་ཁག་གཅིག་འཇོག་རྒྱུའི་གྲོས་འགོ་བཏོན་མོད། འོན་ཀྱང་བུད་མེད་རང་ཚུད་པའི་མི་མང་པོ་ཞིག་གིས་བཀག་འགོག་ཐེབས་པས། གྲོས་འགོ་དེ་ལག་བསྟར་མཐར་ཕྱིན་བྱས་མེད། དུས་རབས་21པར་སླེབས་པ་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་རྩ་འཛུགས་ཀྱི་རོགས་རམ་འོག །ནོ་རུ་བུད་མེད་ཀྱི་ལས་ཀའི་ནུས་པ་དང་བསམ་བློའི་གོ་རྟོགས་ཚང་མ་མཐོ་རུ་ཕྱིན་ནས། སྤྱི་པའི་སྡེ་ཁག་དང་སྒྲིག་གཞིའི་འགོ་ཁྲིད་ཀྱི་ལས་འགན་འཁུར་འགོ་ཚུགས་མོད། འོན་ཀྱང་བུད་མེད་ཆབ་སྲིད་ཀྱི་བྱེད་སྒོར་ཞུགས་པའི་འདྲ་མཉམ་གྱི་འཐུས་ཚབ་དབང་ཆ་དང་། ཞུགས་དབང་། འཚོ་བའི་ཉམས་མྱོང་སོགས་ལ་ད་དུང་ཕྱོགས་མང་པོའི་འགྲན་རྩོད་དང་དོགས་པ་ཐེབས། ཡིན་ནའང་། སྤྱི་ཚོགས་ཀྱི་རིམ་གྲས་ཁག་གིས་བུད་མེད་ཆབ་སྲིད་ནང་ཞུགས་པ་དེས་ནོ་རུ་སྤྱི་ཚོགས་སྤྱི་ཡོངས་འཕེལ་རྒྱས་ལ་བྱས་རྗེས་མི་དམན་པ་བཞག་པར་ངོས་འཛིན། དཔེར་ན། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་བཅས་ཡར་ཐོན་ཐད་བཏོན་པའི་ནུས་པ་ལྟ་བུ་རེད།
ནོ་རུ་ཡི་ཡུལ་ལྗོངས་ནི་རི་མོར་བྲིས་པ་བཞིན་མཛེས་ཤིང་ལྟ་ན་སྡུག་ཅིང་། ནམ་ཟླའང་མིའི་ཁམས་དང་འཕྲོད་པ་ཞིག་ཡིན་པས། འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ནོ་རུ་རྒྱལ་ཁབ་ཏུ་ཡུལ་སྐོར་དུ་ཕེབས་མཁན་ཡང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཧ་ཅང་མང་། ནོ་རུ་ལ་མཛེས་ལྗོངས་ཁུལ་གྲགས་ཅན་ཨན་ནེ་པ་ནོ་མཚོ་ཁུག་དང་ཡ་རུན། པོ་ཝ་ཏ་ལ་ཕོ་བྲང་མཚེའུ་སོགས་ཡོད། དེ་ཡང་ཨན་ནེ་པ་ནོ་མཚོ་ཁུག་ནི་ནོ་རུ་གླིང་ཕྲན་ཤར་ཕྱོགས་ཀྱི་ཨན་ནེ་པ་ནོ་ཁུལ་དུ་ཡོད་ལ། འདི་ནི་ནོ་རུ་རྒྱལ་ཁབ་ཀྱི་མཚོ་ཁུག་ཆེན་པོ་ཞིག་ཡིན། གནས་འདིའི་མཚོ་འགྲམ་གྱི་བྱེ་ཐང་ལ་ནོ་རུ་ཡི་ཆེས་ལེགས་པའི་བྱེ་ཐང་ཞེས་པའི་མཚན་སྙན་ཡོད། ཡུལ་སྐོར་བས་མཛེས་སྡུག་ལྡན་པའི་ཨན་ནེ་པ་ནོ་མཚོ་ཁུག་ལ་ལྟ་སྐོར་བྱེད་པ་དང་དུས་མཚུངས་སུ་ནོ་རུ་ཡི་ཡུལ་ལྗོངས་ཧྲིལ་པོར་ལྟ་ཐུབ། གཞན་ཡང་ཨན་ནེ་པ་ནོ་མཚོ་ཁུག་ཏུ་ཕུན་སུམ་ཚོགས་པའི་ཆུ་ཐོག་གི་བྱ་འགུལ་ཡོད་པས། ཡུལ་སྐོར་བས་མཚོ་ཐོག་གི་རླབས་རྩེད་དང་ཆུར་རྐྱལ་ནས་མཚོ་གཏིང་གི་ངོ་མཚར་བའི་ཡུལ་ལྗོངས་ལ་ལྟ་ཆོག་ལ། མཚོ་འགྲམ་དུ་བསྡད་ནས་རྒྱ་མཚོའི་རླབས་སྒྲ་ལ་ཉན་བཞིན་ངོ་མཚར་སྟོང་གིས་ཕྱུག་པའི་ཡུལ་ལྗོངས་ཤིག་ལ་མྱོང་རོལ་བྱས་ཆོག
ནོ་རུ་གླིང་ཕྲན་གྱི་དབུས་སུ་མེ་རིའི་མཚེའུ་ཞིག་ཡོད་པ་དེ“པོ་ཝ་ཏ་ལ་ཕོ་བྲང་མཚེའུ”ཟེར་ཞིང་། དེ་ནི་སྐམ་སའི་མཚེའུ་ཞིག་ཡིན་ལ། འདི་ནི་ནོ་རུ་གླིང་ཕྲན་སྟེང་གི་ཚྭ་མེད་ཆུའི་མཚེའུ་ཡིན། པོ་ཝ་ཏ་ལ་ཕོ་བྲང་མཚེའུ་ཡི་རྒྱ་ཁྱོན་ཧ་ཅང་ཆུང་ཞིང་། སྤྱི་ལེ་གྲུ་བཞི་མ་0.05མ་གཏོགས་མེད། པོ་ཝ་ཏ་ལ་ཕོ་བྲང་མཚེའུ་ཡི་ཚངས་ཐིག་སྨི་50ཡིན་པ་དང་། ཆ་སྙོམས་གཏིང་གཟབ་ཚད་སྨི་24ཡིན། གཏིང་ཟབ་ས་རུ་སྨི་78ཟིན་ཡོད། པོ་ཝ་ཏ་ལ་ཕོ་བྲང་མཚེའུ་ལ་ནང་རྒྱུག་མཚེའུ་ཡི་མཚན་ཉིད་བཞག་ཡོད། རྒྱུ་མཚན་ནི་དེ་རྒྱ་མཚོ་དང་ཆུ་བོ་གང་དུ་ཡང་མི་བཞུར་བས་རེད། ནོ་རུ་ཡི་ས་ཆ་གཞན་དག་དང་མི་འདྲ་བ་ཞིག་ནི་པོ་ཝ་ཏ་ལ་ཕོ་བྲང་མཚེའུ་ཡི་མཐའ་འཁོར་དུ་བེ་ཏའི་ནགས་ཚལ་གྱིས་བསྐོར་ཡོད། མཚེའུ་ཉེ་འགྲམ་གྱི་གྱོ་མོག་དམར་པོ་དང་གྱང་རྩི་དཀར་པོ་བྱུགས་པའི་སྡོད་ཁང་དག་མཚེའུ་ངོས་སུ་འཆར་བ་དང་། མཚམས་རེར་བྱིའུ་ཆུང་འགའ་རེ་ཡང་མཚོ་ངོས་སུ་འཕུར་ལྡིང་གི་གར་ལ་རྩེན་བཞིན་གནས་དེས་དབེན་ཞིང་ཁུ་སིམ་པའི་ཁོར་ཡུག་དེར་ལྟད་མོ་གཞན་ཞིག་མངོན་པར་བྱས་པས། མི་མང་པོ་ཞིག་གིས་ལྗོངས་རྣམ་དེ་ནི་ལྷ་བཟོ་བ་ཞིག་གིས་པུར་རྩེ་ལས་ཐོན་པའི་ལྷ་ཡུལ་གྱི་ཞིང་ཁམས་དང་འདྲ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།
ཡ་རུན་(Yaren)ནི་ནོ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དོ་དམ་ལྟེ་གནས་ཡིན། གླིང་ཕྲན་རྒྱལ་ཁབ་དེའི་ལྷོ་རྒྱུད་དུ་གནས་པ་དང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་1.5ཡོད། ཡ་རུན་ནི་རྒྱུན་པར་ནོ་རུ་ཡི་རྒྱལ་ས་རུ་བརྩི་བཞིན་ཡོད་མོད། འོན་ཀྱང་དོན་དངོས་སུ་ནོ་རུ་ལ་གཞུང་ཕྱོགས་ཀྱི་རྒྱལ་ས་མེད་ལ། ཐ་ན་དོན་སྙིང་ངོ་མའི་སྟེང་གི་གྲོང་ཁྱེར་ཡང་མེད། ཡ་རུན་ནི་རྒྱལ་ཁབ་འདིའི་ཁུལ་ཞིག་གམ་འདེམས་ཁུལ་ཞིག་ཡིན། གནས་དེར་ཆབ་སྲིད་ཀྱི་ནུས་པ་ཕུད་གུང་གསེང་རིང་ཡུལ་སྐོར་བྱེད་པར་ཧ་ཅང་འཚམ་པའི་ཡུལ་སྐོར་གྲོང་ཁྱེར་ཞིག་ཀྱང་རེད། ཡ་རུན་དུ་མཚོ་འགྲམ་གྱི་བྱེ་ཐང་དང་མཛེས་ལྗོངས་ལ་མྱོང་རོལ་བྱེད་པའི་དུས་མཚུངས་སུ་ཉ་འཛིན་རྒྱུར་དགའ་བའི་ཡུལ་སྐོར་བས་མཚོ་ནང་ནས་ཉ་འཛིན་པ་ལས་བྱུང་བའི་སྤྲོ་སྣང་ལོངས་སུ་སྤྱོད་ཆོག གཞན་ཡ་རུན་དུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཤུལ་དུ་ལུས་པའི་དངོས་པོ་མང་པོ་མཐོང་དུ་ཡོད། མདོར་ན་ཡ་རུན་དུ་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ལོངས་སུ་སྤྱོད་ཆོག་པར་མ་ཟད། ལོ་རྒྱུས་ཀྱི་རིག་གནས་སྐོར་ཅིག་ལའང་རྒྱུས་ལོན་དང་། ས་གནས་ཀྱི་ཐུན་མོང་མ་ཡིན་པའི་བཟའ་བཏུང་ཡང་ལོངས་སུ་སྤྱོད་ཆོག་པ་རེད། །