ཕྱི་འབྲེལ་པུས་ཕེང་ཕེ་ཨའོ་ཡི་ཤང་ཀང་དང་འབྲེལ་བའི་གཏམ་འཆལ་ལ་རྒོལ་ལན་སློག་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-06
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཉིན་ཤས་གོང་ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་འབྲེལ་བའི་གཏམ་བརྗོད་ལ་དམིགས་ནས། ཚེས་2ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཕེང་ཕེ་ཨའོ་ཡིས་ཉིན་ལྟར་རྫུན་གཏམ་བཤད་པ་དང་དཀྲོག་གཏམ་བཟོས་པ་དེས། ཁོའི་ཤེས་རྨོངས་དང་ཕྱོགས་ཞེན་གྱི་ལྟ་ཚུལ་དམར་རྗེན་དུ་མངོན་ཡོད། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱིས་ཤང་ཀང་ལ“རྐུན་འགོག་སྒོ་མོ”སྒྲིག་སྦྱོར་བྱས་པ་དང་། ཤང་ཀང་གི་འཕེལ་རྒྱས་རྒྱུན་གཏན་གྱི་ལམ་སྲོལ་ཐོག་སླར་ཡང་བསྐྱོད་རྒྱུར་སྣེ་ཁྲིད་དང་ཤང་ཀང་ལ“ཤར་ཕྱོགས་ཀྱི་མུ་ཏིག”ཅེས་པའི་མཚན་སྙན་སླར་ཡང་ཐོབ་པར་སྣེ་ཁྲིད་བྱེད་ངེས་རེད་ཅེས་བརྗོད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཕེང་ཕེ་ཨའོ་ཡིས་ཉིན་ཤས་གོང་གསལ་བསྒྲགས་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་ན། ཤང་ཀང་དམངས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་གཏོར་བཤིག་གཏོང་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག”ཏུ་བསྒྱུར་རྒྱུ་རེད། དེ་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས《ཀྲུང་དབྱིན་མཉམ་འབྲེལ་གསལ་བསྒྲགས》ནང་ཁས་ལེན་བྱས་པ་ཚང་མ་སྟོང་གཏམ་ཡིན་པ་སླར་ཡང་མཚོན་ཡོད་ཅེས་བརྗོད་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་འདེབས་རྩིས་ཡོད་དམ་ཞེས་དྲིས་པར།
ཀྲའོ་ལི་ཅན་གྱིས་ཕེང་ཕེ་ཨའོ་ཡིས་ཉིན་ལྟར་རྫུན་གཏམ་བཤད་པ་དང་དཀྲོག་གཏམ་བཟོས་པ་དེས་ཁོའི་ཤེས་རྨོངས་དང་ཕྱོགས་ཞེན་གྱི་ལྟ་ཚུལ་དམར་རྗེན་དུ་མངོན་ཡོད་ཅེས་བརྗོད།
དང་པོ། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་ཤེས་རྟོགས་མེད་པ། ཨ་རི་ཕྱོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་འཕྱར་ནས་དཀར་ནག་གོ་ལྡོག་བྱེད་པ། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ནང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་དགོས་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གྲོང་མིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང《སྤྱི་དམངས་ཀྱི་དབང་ཆ་དང་ཆབ་སྲིད་ཀྱི་དབང་ཆའི་རྒྱལ་སྤྱིའི་སྤྱི་ཆིངས》 《དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས》ནང་ཤང་ཀང་ལ་སྤྱད་འཐུས་ཀྱི་འབྲེལ་ཡོད་གཏན་འབེབས་ནང་གི་གཏམ་བརྗོད་དང་། གསར་འགྱུར། དཔེ་སྐྲུན་བཅས་ཀྱི་རང་དབང་དང་། ཚོགས་འཛུགས། འདུ་ཚོགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཚུད་པའི་དབང་ཆ་དང་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པར་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས་རྒྱུ་གཏན་འབེབས་གསལ་པོ་བྱས་ཡོད། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱིས་ཉེས་ཆད་གཅོད་པ་ནི་ཆེས་ཉུང་ཤས་ཡིན་པ་དང་། སྲུང་སྐྱོབ་བྱེད་པ་ནི་མང་ཆེ་བ་ཡིན། བཅའ་ཁྲིམས་ལག་བསྟར་བྱས་རྗེས་ཤང་ཀང་གི་སྤྱི་ཚོགས་སྒྲིག་ལམ་སྔར་བས་བརྟན་པོ་ཡོང་བ་དང་། ཚོང་གཉེར་ཁོར་ཡུག་དེ་བས་ལེགས་སུ་ཕྱིན་ནས། རྒྱ་ཆེའི་ཤང་ཀང་གི་གྲོང་མི་དང་རྒྱལ་སྤྱིའི་མ་འཇོག་མཁན་ཚང་མར་དེའི་ཁྲོད་ནས་ཕན་པ་ཐོབ་རྒྱུ་རེད།
གཉིས་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་ཤེས་རྟོགས་མེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན། ཀྲུང་གོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བའི་ཆོད་སེམས་ནི་བློ་བརྟན་འགྱུར་མེད་ཡིན། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་ནི། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྔར་བས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་པོའི་ངང་ཡུན་རིང་ལག་བསྟར་བྱེད་པ་དང་། རྣམ་པ་མི་འགྱུར་བ། བཟོ་ལྟ་མི་འགྱུར་བ་བཅས་འགན་ལེན་བྱེད་ཆེད་ཡིན་པ་ལས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་འགྱུར་ལྟོག་གཏོང་ཆེད་མིན།
གསུམ་པ། 《ཀྲུང་དབྱིན་མཉམ་འབྲེལ་གསལ་བསྒྲགས》ལ་ཤེས་རྟོགས་མེད་པ། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་རྗེས། 《ཀྲུང་དབྱིན་མཉམ་འབྲེལ་གསལ་བསྒྲགས》ནང་གཏན་འབེབས་བྱས་པའི་དབྱིན་ཇི་ཕྱོགས་དང་འབྲེལ་བ་ཡོད་པའི་དོན་ཚན་ཚང་མ་ལག་བསྟར་བྱས་ཟིན་པ་རེད། 《ཀྲུང་དབྱིན་མཉམ་འབྲེལ་གསལ་བསྒྲགས་》ནང་ཤང་ཀང་ལ་འཛིན་པའི་གཞི་རྩའི་བྱེད་ཕྱོགས་སྲིད་ཇུས་ནི་ཀྲུང་གོ་ཕྱོགས་ཀྱི་སྲིད་ཇུས་གསལ་སྟོན་ཡིན་པ་ལས་དབྱིན་ཇི་ཕྱོགས་ལ་ཁས་ལེན་བྱས་པ་མིན་ལ་ཨ་རི་ཕྱོགས་དང་དེ་བས་ཀྱང་འབྲེལ་བ་མེད།
བཞི་པ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་ཤེས་རྟོགས་མེད་པ། རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་དང་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ད་ལྟ་བྱས་པ་ནི་ཀྲུང་གོའི་ས་གནས་ཤིག་གི་སྲིད་འཛིན་ས་ཁོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་བཟོས་པ་དེ་ཡིན། དེ་ནི་ཀྲུང་གོའི་ནང་སྲིད་ཡིན་པས་ཨ་རི་ཕྱོགས་ལ་མཐོ་བཤད་དམའ་བཤད་བྱེད་པའི་ཐོབ་ཐང་གང་ཡང་མེད།
“ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་གནད་དོན་ཐད། ཕེང་ཕེ་ཨའོ་ཡི་གྲས་ཀྱིས་གཏམ་འཆལ་དེ་འདྲ་སྤེལ་དོན་ནི་ཁོ་ཚོས་སྔོན་ཆད་ལྟར་རང་སྣང་གང་ཤར་དང་འཛེམ་བག་མེད་པར་ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྤེལ་ས་མེད་པའི་རྐྱེན་གྱིས་རེད། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱིས་ཤང་ཀང་ལ‘རྐུན་འགོག་སྒོ་མོ’སྒྲིག་སྦྱོར་བྱས་ཡོད། ཤང་ཀང་གི་འཕེལ་རྒྱས་རྒྱུན་གཏན་གྱི་ལམ་སྲོལ་ཐོག་སླར་ཡང་བསྐྱོད་རྒྱུ་དང་ཤང་ཀང་ལ‘ཤར་ཕྱོགས་ཀྱི་མུ་ཏིག’ཅེས་པའི་མཚན་སྙན་སླར་ཡང་ཐོབ་པར་སྣེ་ཁྲིད་བྱེད་ངེས་རེད། ང་ཚོས་དེར་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་བཤད།