[ནང་དོན་གནད་བསྡུས།]དགེ་འདུན་ཆོས་འཕེལ་ནི་བོད་ཁམས་སུ“ཕལ་སྐད་རྩོམ་རིག”གི་འདུ་ཤེས་དང་བསམ་བློ་ཐོག་མ་སྒྲོག་སྤེལ་དང་ལག་ལེན་བྱེད་པའི་རྩོམ་རིག་མཁས་པ་ཡིན། ཁོང་གིས་རྩོམ་རིག་གསར་རྩོམ་སྐོར་གྱི་སློབ་ཁྲིད་དང་གཏམ་གླེང་། མཛུབ་སྟོན་དང་བསླབ་བྱ་གང་མང་ཁྲོད་དུ་ཕལ་སྐད་དང་སྤྱི་སྐད་གཙོ་བོར་བཟུང་ནས་གསར་རྩོམ་བྱེད་དགོས་པའི་དགོངས་པ་ཡང་ཡང་བཏོན། ཁོང་གི་སྙན་ངག་མཛེས་དཔྱོད་ཐད་ཀྱི་ལྟ་བ་ལ། ཐོག་མའི་ཆ་རྐྱེན་ནི་དཔེ་རྒྱན་དང་གཟུགས་རྒྱན། རང་བཞིན་བརྗོད་པའི་རྒྱན་སོགས་དམངས་ཁྲོད་རྒྱུན་སྤྱོད་ཀྱི་རྒྱན་རྣམས་རྨང་གཞིར་བྱས་ཤིང་། འཁྱོག་བརྗོད་དང་མངོན་བརྗོད་བརྡ་རྙིང་ཉུང་དུ་སྤྱོད་པ། ཚད་ལྡན་གྱི་སྤྱི་སྐད་དང་རྒྱུགས་ཆེ་བའི་ཕལ་སྐད་རྒྱ་ཆེར་སྤྱོད་པ། ཚིག་སྙན་ཞིང་གོ་བདེ་བ་ལ་བརྟེན་ནས་བརྗོད་འདོད་ཀྱི་སྲོག་གམ་དགོངས་དོན་གཏིང་ཟབ་ཅིང་སྣང་བརྙན་གཟེངས་སུ་ཐོན་པར་མཚོན་པའི་ཚད་གཞི་ཐེངས་གཅིག་མ་ཡིན་པར་གསལ་འདོན་བྱས། ཁོང་གི་བརྩམས་ཆོས་ལས་ཀྱང“ཕལ་སྐད་གསོང་བོར་བརྗོད་པའི་ཀ་རྩོམ”སོགས་བརྩམས་ནས་རྩོམ་རིག་གི་མི་རིགས་རང་བཞིན་དང་དམངས་ཚོགས་རང་བཞིན། ཁ་སྐད་རང་བཞིན་དང་དེང་རབས་རང་བཞིན་གྱི་འཕེལ་རྒྱས་ཁ་ཕྱོགས་ལ་སྐུལ་འདེད་བཏང། ཁོང་གི་བརྩམས་ཆོས་རྣམས་སྐྱེ་བོ་རྒན་གཞོན་བར་མ་དང་ཡི་གེའི་བྱང་ཚད་དམའ་བའི་གསར་སློབ་པ་རྣམས་ཀྱིས་ཀྱང་གོ་ཐུབ་པར་མ་ཟད། ཁོང་གིས་བོད་ལ་བསྒྱུར་བའི་ཆོས་དང་སྙན་ངག་གི་ཚིག་སྦྱོར་མཐའ་དག་ལའང་ཚིག་སྙན་ཞིང་གོ་བདེ་བའི་མང་ཚོགས་ཕལ་སྐད་ཀྱི་ཁྱད་ཆོས་གཙོ་བོར་བཟུང་ཡོད་པ་ཡིན།
[གནད་ཚིག] དགེ་འདུན་ཆོས་འཕེལ། ཕལ་སྐད། སྙན་ངག གསར་རྩོམ།
དང་པོ། དགེ་འདུན་ཆོས་འཕེལ་རྩོམ་རིག་གཞུང་ལུགས་ཀྱི་མཚན་ཉིད་རིག་པའི་ལྟ་བ།
རང་རེའི་བོད་ཀྱི་སྤྱི་ཚོགས་སྒྲིག་གཞི་དང་རིམ་གྲས་ཆགས་སྟངས། སྤྱི་འབངས་སློབ་གསོ་དང་རིག་གནས་ཀྱི་ཆགས་སྟངས་དེ་མི་རིགས་དང་རྒྱལ་ཁབ་གཞན་ལ་མི་མཚུངས་པའི་གནད་དམ་པ་ནི། རང་རེའི་བོད་ལ་དགོན་པའི་སློབ་གསོ་དང་ཁྱིམ་པའི་སློབ་གསོ། ཆོས་ལུགས་རིག་གནས་དང་ཁྱིམ་པའི་རིག་གནས། སེར་མོའི་མཁས་པ་དང་སྐྱ་མིའི་མཁས་པ། ཆོས་སྤྱོད་སྐད་བརྡ་དང་ཁྱིམ་སྤྱོད་སྐད་བརྡ། བསྟན་བཅོས་ཐ་སྙད་དང་ངག་ཐོག་ཐ་སྙད་བཅས་སོ་སོར་དབྱེ་མཚམས་གསལ་པོ་མེད་པར་ཕལ་ཆེ་བ་ཆོས་ཀྱི་ཁོངས་སུ་གཏོགས་པས། ཆོས་དང་རིག་གནས། སློབ་གསོ་དང་བློ་སྦྱོང་། སྐད་དང་ཡི་གེ་ཚང་མ་མང་ཚོགས་དང་ཤིན་ཏུ་ཐག་རིང་དུ་སོང་ཡོད་ལ། ཁྱད་པར་དུ་རྩོམ་རིག་རིག་གནས་ཀྱི་ཐད་དུ་རྩོམ་པ་པོ་ཡོད་པའི་ཆོས་ལུགས་རྩོམ་རིག་གི་རྣམ་པ་གཅིག་དང་། རྩོམ་པ་པོ་མེད་པའི་དམངས་ཁྲོད་རྩོམ་རིག་གི་རྣམ་པ་འདི་གཉིས་མ་གཏོགས། འཇིག་རྟེན་འཁོར་བའི་བདེ་སྡུག་བརྗོད་བྱར་འཛིན་པའི་ཁྱིམ་པ་བའི་རྩོམ་པ་པོ་ཧ་ལམ་མེད་ལ། རྩོམ་རིག་གསར་རྩོམ་དེ་ཆེད་ལས་ཤིག་ཏུ་འཛིན་པ་དང་མི་ཚེའི་བགོས་སྐལ་གསར་རྩོམ་གྱི་ལས་སུ་བཅོལ་བའི་ཆེད་ལས་ཀྱི་རྩོམ་པ་པོ་བྱུང་མ་མྱོང་བས། ཁྱིམ་པ་བར་དབང་བའི་རྩོམ་རིག་བརྩམས་ཆོས་ཀྱང་མང་པོ་མེད་ལ། ཁྱིམ་པ་བའི་གོ་སླ་བའི་རྩོམ་རིག་བརྩམས་ཆོས་ཀྱང་ཧ་ཅང་ཉུང་། དེ་ལ་དམིགས་ནས་དགེ་འདུན་ཆོས་འཕེལ་ཉིད་ཀྱིས“ཕལ་སྐད་རྩོམ་རིག”ཁྱབ་གདལ་དུ་གཏོང་བའི་དགོས་པ་དང་བསམ་བློ་དྲིལ་སྒྲོག་བྱས་པ་དེ་ནི་བོད་ཀྱི་རྩོམ་རིག་དེ་ཁྱིམ་པ་བའི་རྩོམ་རིག་དང་མང་ཚོགས་རང་བཞིན་གྱི་རྩོམ་རིག དེང་རབས་རང་བཞིན་གྱི་རྩོམ་རིག་གི་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་བསམ་བློ་གསར་པ་ཞིག་ཡིན་པས། དུས་རབས་ཀྱི་དགེ་མཚན་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཡིན།
དེ་ཡང་གང་ཟག་རང་རང་གི་རྒྱུད་ལ་ལྷན་སྐྱེས་ཀྱི་རིག་གནས་དང་ཤེས་རབ་ཀྱི་ས་བོན་གནས་མིན་ལ་རག་ལས་པ་སྟེ།འཇིག་རྟེན་གྱི་ཤེས་རིག་དང་རིག་གནས་མཐའ་དག་ལ་རང་སྟོབས་ཀྱིས་དགའ་ཞིང་མོས་པ་དང་། ཡང་ན་རྨོངས་ཤིང་རྟུལ་བ་སོགས་ཀྱི་ཁྱད་པར་ཆེ་སྟེ། སྐྱེས་སྦྱངས་ཀྱིི་ཤེས་རབ་ལྡན་པ་དང་དུས་རབས་ཀྱི་མཐུན་རྐྱེན་འཛོམས་ན་ཆེད་མཁས་དང་ཤེས་རབ་ཅན་འབྱུང་བ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་པ་ཡིན། འོ་ན་ཤེས་རིག་ཚན་ཁག་ཅིག་ལ་ནང་བྱན་ཆུད་པའི་མཁས་པ་རྣམས་ལ་ནི་གང་ཟག་རང་རང་གི་ལྟ་བ་དང་འདུན་མོས། ཐུན་མིན་གསར་གཏོད་དང་ལེགས་བྱས་ཀྱི་ཁྱད་ཆོས་སོགས་ཚང་བ་ཡིན། བྱེ་བྲག་རྩོམ་རིག་རིག་པའི་ཆ་ནས་བཤད་ནའང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྩོམ་རིག་གི་རྩོམ་གཤིས་དང་རྩོམ་པ་པོའི་རྩོམ་གཤིས། རྩོམ་གཤིས་ཆགས་པའི་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་ཐོབ་ཀྱི་ནུས་པ་སོགས་ལ་གནས་ལུགས་དང་མཐུན་པའི་དཔྱད་བརྗོད་དང་ཚན་རིག་དང་མཐུན་པའི་སྡོམ་ཚིག་བཀོད་ཡོད་པ་ཡིན། དེ་ཡང་རྩོམ་པ་པོ་གང་ཟག་གི་ལྷན་སྐྱེས་ཀྱི་ནུས་པ་དང་སྦྱངས་ཐོབ་ཀྱི་ཤེས་རབ།གསར་རྩོམ་གཤིས་ཉམས་བར་གྱི་འབྲེལ་བ་བརྗོད་སྐབས། ”རྩོམ་པའི་ཡོན་ཏན་དངོས་དེ་ནི། རང་གི་སྔ་མའི་བག་ཆགས་དང་རྩོམ་པ་པོའི་གཤིས་ལུགས་ལ་རག་ལས་པ་ཞིག་མ་གཏོགས། སུམ་རྟགས་ཤེས་པ་ཙམ་དང་། བཤེས་སྤྲིངས་སློབ་སྤྲིངས་འདྲ་འཁྲིད། མིང་གི་མངོན་བརྗོད་ཆ་ཚང་བློ་འཛིན་བྱས་ཏེ། སྙན་ངག《མེ་ལོང》ལེའུ་གསུམ་པ་ཆར་འཁྲིད་ན་ཡང་། མཐོང་ཐོས་དང་རང་གི་གཤིས་ལ་མེད་ན། ཇི་ལྟར་བྱས་རུང་། ཚིགས་བཅད་རྐང་པ་འགྲིག་ཙམ་ནི་ལོས་ཡོང་། འོན་ཀྱང་སྙན་ངག་ལ་དགོས་པའི་རྣམ་འགྱུར་རམ་བྲོ་བ་དེ་འདོན་ཐུབ་པ་ཞིག་མི་ཡོང་བར་འདུག ... ལར་ནས་རི་མོ་མཁས་པ་དང་། གླུ་དང་རོལ་མོ་མཁན་དང་། སྙན་ངག་མཁན་ཚོའི་གཤིས་ཀ་ནང་ཕན་ཚུན་མཐུན་པོ་ཞིག་རེད་འདུག འདི་ཚོའི་རིགས་ངོ་མ་དེ་ལ་ཆོས་ཉིད་ཀྱི་གཤིས་ལུགས་ལ་བལྟད་མོ་བལྟ་ཤེས་མཁན་ཟེར་རམ། དེའི་གཤིས་ལ་ཉེ་བ་ཞིག་རེད་འདུག གང་ལྟར་། སྤྲིན་གྱི་ཕོ་ཉ། ཀླུ་ཀུན་ཏུ་དགའ་བའི་ཟློས་གར། སྐྱེས་རབས་སོ་བཞི་སོགས་མཇལ་དུས། དེ་དག་ནས་བཤད་པའི་རི་དང་ནགས་ཚལ། རྒྱ་མཚོའི་རྦ་རླབས། ཆར་སྤྲིན་གྱི་བྱེད་ལས། བུད་མེད་མཛེས་མའི་རྣམ་འགྱུར། བདེ་སྡུག་གི་ཚོར་བ་སེམས་ལ་ལྷང་ལྷང་བསྐྱེད་ནུས་པའི་རྩོམ་དེ་འདྲ་ལ་དོན་གྱི་སྙན་ངག་ཟེར་དགོས་པ་རེད།[1]ཅེས་བྱུང་། དེས་ན་གང་ཟག་གི་སྔ་མའི་ཤེས་རབ་ཀྱི་བག་ཆགས་དང་སོ་སོའི་དགའ་མོས་ཀྱི་གཤིས་ལུགས་ཟེར་བ་རྣམས་སྐྱེས་ཐོབ་ཀྱི་ཤེས་རབ་དང་མིའི་ལྷན་སྐྱེས་ཀྱི་ནུས་པ་ལ་ངོས་འཛིན་པ་ཡིན་ལ། དེ་དག་ཀྱང་རིག་གནས་ཚན་ཁག་སོ་སོ་དང་ཤེས་བྱ་ཆེད་ལས་སོ་སོའི་ངོ་བོ་དང་ཆོས་ཉིད། རིགས་པ་དང་གནས་ལུགས་ཀྱི་བག་ཆགས་གང་ཟག་རང་རྒྱུད་ལ་གནས་ཡོད་མེད་དེ་ཐག་གཅོད་རང་བཞིན་ལྡན་པའི་ནང་རྐྱེན་ཡིན། ཆེད་ལས་ཀྱི་གསང་བ་དང་ཟབ་དོན་ཆོས་ཉིད་དངོས་ཀྱི་གཤིས་ལུགས་ལ་ལྟད་མོ་བལྟ་ཤེས་མཁན་ཡིན་ལ།དེ་ལས་སྦྱངས་སྟོབས་ཀྱི་ཤེས་རབ་དེ་ཕྱི་རྐྱེན་ཡིན་ཏེ། དེ་བས་སློབ་དཔོན་དཎྜིས 《སྙན་ངག་མེ་ལོང》གི་རྩ་བར་རྩོམ་པ་པོ་གང་ཟག་གི་ཤེས་རབ་ཀྱི་རྒྱུ་ལ་བརྟག་སྐབས། རང་བཞིན་གྱིས་གྲུབ་སྤོབས་པ་དང་། །མང་དུ་ཐོས་པ་དྲི་མེད་དང་། །མངོན་པར་སྦྱོར་ལ་མི་དམན་པ། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །ཞེས་རང་བཞིན་གྱིས་གྲུབ་སྤོབས་པ་དེ་གང་ཟག་གི་ལྷན་སྐྱེས་ཀྱི་ཤེས་རབ་ཀྱི་ཆ་རྐྱེན་དང་པོའི་ཚུལ་དུ་བཞག་པ་དང་། མང་དུ་ཐོས་པ་དང་བཤེས་གཉེན་ཚད་མར་བསྟེན་པའི་ཤེས་བྱ་དྲི་མ་མེད་པར་གོམས་པ། མངོན་པར་སྦྱོར་བ་རང་སྟོབས་ཀྱི་ལག་ལེན་ལ་མི་དམན་པ་དེ་གསུམ་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ཆགས་པའི་ཆ་རྐྱེན་གསུམ་དུ་བགྲངས་ཤིང་། དེ་དག་ལས་ཀྱང་རང་བཞིན་གྱིས་གྲུབ་སྤོབས་པ་དེ་གང་ཟག་གི་ལྷན་སྐྱེས་ཀྱི་ཤེས་རབ་སྟེ་ནང་རྐྱེན་དང་། མང་དུ་ཐོས་པ་དང་མངོན་པར་སྦྱོར་བའི་ལག་ལེན་གཉིས་ཕྱི་རྐྱེན་གྱི་ཚུལ་དུ་བརྗོད་པ་ཡིན། དེ་བཞིན། གལ་ཏེ་སྔོན་གྱི་བག་ཆགས་ཡོན་ཏན་གྱིས། །རྗེས་འབྲེལ་སྤོབས་པ་རྨད་བྱུང་མེད་པ་ལའང་། །ཐོས་དང་འབད་པ་དག་གིས་ངག་བསྟེན་ན། །ཇི་ཞིག་ལྟར་ཡང་ངེས་པར་རྗེས་འཛིན་བྱེད། །ཅེས་གོང་གསལ་གྱི་ནང་རྐྱེན་དེ་མ་འཛོམས་ན་ཕྱི་རྐྱེན་དེ་ཅི་འདྲ་བཟང་ཡང་ཆེད་ལས་མཁས་པ་དང་ཡང་ན་མཁས་པའི་ཐུན་མིན་གྱི་ཁྱད་ཆོས་དེ་ཆགས་ཐུབ་པ་མིན། སྒྱུ་རྩལ་པ་སོ་སོའི་ལྷན་སྐྱེས་ཀྱི་ཤེས་རབ་དང་ལྷན་སྐྱེས་ཀྱི་དགའ་མོས་དེ་ནི་སྒྱུ་རྩལ་གཤིས་ཉམས་ཆགས་པའི་གཞི་མ་ཡིན་པ་དང་། དེའི་སྟེང་དུ་སྦྱངས་སྟོབས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་བྱུང་ན་ད་གཟོད་རྩོམ་ཉམས་ཕུན་སུམ་ཚོགས་པ་འབྱུང་སྲིད་པ་དང་། རྩོམ་རིག་གི་རྩོམ་གཤིས་དེ་ཡང་སྙན་ངག་མཁས་པའི་སེམས་རྒྱུད་ཀྱི་ཆོས་ཉིད་དང་གཤིས་ལུགས་ལ་རག་ལས་པས་མི་གཤིས་དང་རྩོམ་གཤིས་ལའང་དོ་མཉམ་པའི་ཆ་མང་བའི་གནས་ལུགས་དང་ཆོས་ཉིད་འགྲེལ་བཤད་གནད་དུ་ཐིངས་པ་གནང་ཡོད་པ་ཡིན།
གཉིས་པ། ཕལ་སྐད་སྙན་ངག་ལས་འཕྲོས་ནས་རྩོམ་རིག་གི་མང་ཚོགས་རང་བཞིན་གྱི་དགེ་མཚན།
“རྩོམ་རབ་ལན་གཅིག་གིས་གོ”ཟེར་བ་དེ་དམ་པ་འདིའི་རྒྱན་དང་ཚིག་སྦྱོར་སྤེལ་སྟངས་ཐད་ཀྱི་ཚད་གཞི་ངེས་ཅན་ཞིག་ཡིན། དེ་བས་དེང་རབས་རྩོམ་རིག་གི་འདུ་ཤེས་ཀྱི་དབང་དུ་བཏང་ནའང་། རྩོམ་རིག་གི་མི་རིགས་རང་བཞིན་དང་མི་དམངས་རང་བཞིན་གྱི་དགེ་མཚན་ལྷག་འདོན་བྱེད་རྒྱུ་དེ། དེང་རབས་རྩོམ་རིག་གསར་པའི་ལས་འགན་དང་ཁྱད་ཆོས་ཤིག་ཏུ་བརྩི་བཞིན་པའི་སྐབས་འདིར། འཛམ་གླིང་མི་རིགས་སོ་སོས་མ་གྲོས་རང་མཐུན་གྱིས་གནའ་རབས་རྩོམ་རིག་དང་སྲོལ་རྒྱུན་རྩོམ་སྟངས་དེ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་སྟེང་། དེང་རབས་རྩོམ་རིག་དང་རྩོམ་སྟངས་གསར་པ་གསར་གཏོད་བྱེད་པ་ནི་འགྲོ་སྟངས་ཤིག་ཡིན། མི་རིགས་ཤིག་གི་གནའ་རབས་རྩོམ་རིག་གི་འདུ་ཤེས་དེ་དེང་རབས་རྩོམ་རིག་གི་འདུ་ཤེས་སུ་འགྱུར་དགོས་ན། རྩོམ་རིག་གི་ཁྱབ་ཁོངས་དང་རྩོམ་རིག་གི་ལྟ་བ། རྩོམ་རིག་གི་རྣམ་པ་དང་རྩོམ་རིག་གི་སྐད་བརྡ་རྣམས་འབངས་མི་དཀྱུས་མའི་འཚོ་བ་དང་བསམ་བློའི་བར་ཐག་དང་ཇེ་ཉེར་གཏོང་རྒྱུ་དེ་ཡིན། ཁྱད་པར་དུ་རྩོམ་རིག་གསར་རྩོམ་དང་རིག་གཞུང་དཔྱད་རྩོམ། ལོ་རྒྱུས་དང་ཐོ་འགོད་ཡིག་ཆ། ཐ་ན་སྙན་ཞུ་དང་འཕྲིན་ཡིག་སོགས་ཀྱི་གནས་སྐབས་སུའང་མི་རིགས་ཀྱི་སྤྱི་སྐད་དང་ཐུན་མོང་གི་ཕལ་སྐད་སྤྱད་ནས་གསར་རྩོམ་བྱེད་རྒྱུ་དེ་དེང་རབས་རྩོམ་རིག་དང་རྩོམ་རིག་གསར་པའི་ཁྱད་ཆོས་དང་པོ་ཡིན། རྒན་པོ་ཤེས་རབ་རྒྱ་མཆོའི་ཕྱིར་དྲན་ལས། “མཁས་དབང་དགེ་མདུན་ཆོས་འཕེལ་གྱི་གསར་རྩོམ་བསམ་བློ་དེ་ནམ་ཡང་སྤྱི་ཚོགས་དང་དམངས་ཚོགས་ལ་ཁ་མ་བྲལ་བ། སྤྱི་སྐད་དང་ཕལ་སྐད་རྣམས་གཙོ་བོར་འཛིན་པ། སྣང་བརྙན་དང་དོན་གསལ་ལ་དམིགས་གཏོད་པ་ཞིག་ཡིན།”ཞེས་གསུངས་ཡོད་ལ། “བརྩམས་པ་རྣམས་མངོན་བརྗོད་ཀྱིས་མང་པོ་བཅིང་མི་ཉན། དོན་འདུས་ལ་ཁ་གསལ་གོ་བདེ་བ་ཞིག་དགོས། རྩོམ་རབ་ལན་གཅིག་གིས་གོ་ཟེར་བ་ཡིན་མོད། རྩོམ་ཟེར་དུས་ཆགས་ལོའི་བདེ་སྨོན་འདྲ་ཞིག་དགོས་ཨང་།”[2]ཞེས་རྩོམ་རིག་གསར་རྩོམ་གྱི་དེང་རབས་འཕེལ་ཕྱོགས་དང་མང་ཚོགས་རང་བཞིན་གྱི་འཕེལ་ཕྱོགས་གསར་པ་དེར་སྙིང་ནས་མཐོང་ཆེན་གནང་ཡོད།
སྐད་བརྡའི་བེད་སྤྱོད་ཐད་དུ། སྤྱི་ལ་མཁོ་བ་དང་ཀུན་ལ་ཕན་པ། དོན་བྱེད་ནུས་པ། ཁྱབ་ཆེ་བ། བོད་པ་སྤྱིའི་སྨྱན་བྱེད་མཚམས་སྦྱོར་གྱི་ཕོ་ཉ་ལྟ་བུའི་རྒྱུན་སྤྱོད”ཕལ་སྐད”ཀྱི་རྩོམ་གཤིས་ཁྱབ་གདལ་དུ་གཏོང་བ་དེ་མི་རིགས་རིག་གནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་ཡིན་པའི་གནས་ལུགས་ལ་ཚོར་བ་ཟབ་མོ་ཡོད་དེ། ཁོང་གི་རྩོམ་རིག་བརྩམས་ཆོས་གཅིག་པུ་མ་ཡིན་པར། རྩོམ་ལུས་སྣ་ཚོགས་དང་སྐད་ཡིག་སྣ་ཚོགས་ཀྱི་སྤྱིར་བཏང་གི་བེད་སྤྱོད་ཐད་སྤྱི་སྐད་དང་ཕལ་སྐད་གཙོ་བོར་འཛིན་དགོས་པའི་གལ་ཆེན་རང་བཞིན་ལ་དོ་སྣང་ཆེན་པོ་བྱས། “དེང་སང་རང་རེས་དུས་རྒྱུན་གང་བེད་སྤྱོད་མང་བ་དང་། གཙོ་ཆེ་བ་དང་། སྤྱི་ལ་མཁོ་བའི་སྐད་དེ་ལ་ཕལ་སྐད་ཅེས་པ་ལ། གོ་བ་ལོག་སྟེ་ལུང་ཁུག་དང་ས་ཁུག་གི་འབྲོག་སྐད་ལྟ་བུ་ཞིག་ལ་ཆ་བཞག་ནས། བཏང་ཡིག་ཅིག་འབྲི་དགོས་ན་ཡང་དོན་དང་གནས་ཚུལ་གྱི་སྡོང་པོ་དེ་ལ་མང་ཆེ་བས་མི་དགོས་པའི་ཚིག་གི་ལོ་མ་ཞིག་གིས་བསྒྲིབས། གཟུགས་པོ་བདེ་པོ་ཡིན། ཡི་གེ་འབྱོར་བྱུང་། ད་དུང་ཡི་གེ་གཏོང་ཤོག འཕྲོད་བསྟེན་ཡག་པོ་གྱིས།མགྱོགས་པོ་ཐུག་ཡོང་ཟེར་རྒྱུའི་དོན་ཚན་པ་ལྔ་མ་གཏོགས་མེད་པ་ལ། སྲུབ་འཇུག་མང་པོ་བྱས་ཏེ་ཤོག་བུ་གཉིས་གསུམ་ཁེངས་བསྡད་པ་དེ་འདྲ་མ་ཡིན་པར། རང་གིས་གང་བསམ་པ་དེ་གསལ་ཆ་དང་བཅས་པར་གོ་ཐུབ་པ་ཞིག་དགོས་པ་ནི། རྒྱལ་ཁབ་གཞན་ལ་ཡང་ལྟད་མོ་བལྟས་ན་ཤེས། ཡང་མཁྱེན་ལྡན་འགའ་ཤས་ཤིག་ནས་ཕལ་སྐད་ཀྱི་ཐོག་ཏུ་སློབ་གསོ་གནང་བར། མང་པོ་ཞིག་ནས་སྐད་དང་རིག་གནས་ཀྱི་ཁྱད་པར་མ་ཕྱེད་པའི་སློབ་གསོ་དེ་གྲས་ལ་ངོ་རྒོལ་མཐར་ཕྱིན་བྱེད་རྒྱུ་ཡིན། ཞེས་ཕལ་ཆེར་ཁུ་ཚུར་གནམ་ལ་སྒྲེང་ནས་ཁྲོམ་སྐོར་ལ་ཕེབས་ཉེ་འདུག་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་དག་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་འཚམས་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །གསུངས་པ་མ་གཏོགས། ཡིག་སྐད་དང་རིག་གཞུང་རྙིང་པ་ནས་ཆོས་བསྟན་གསུངས་པ་ནི་མི་འདུག... དུས་རྒྱུན་གང་བེད་སྤྱོད་མང་བ་དང་། མང་ས་དང་སྐྱོ་ས་དེ་ལ་གང་ནས་ཕན་ཐོགས་མང་བ་འདུག་པ་བལྟ་དགོས་པ་ཞིག་ནི། སྟོན་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་དེས་ཀྱང་། སྔར་ཆོས་གསུངས་སྐབས་ལེགས་སྦྱར་སཾསྐྲི་ཏའི་ནང་དུ་མ་གསུངས་པར། པྲཀྲིཏ་རང་བཞིན་པའི་སྐད་ཀྱི་ནང་དུ་གསུངས་པ་ཡིན་ཞེས་གནས་བརྟན་པ་རྣམས་ཀྱིས་བཞེད་ཅིང་། བསམ་ཚོད་ཀྱིས་དཔགས་ན་ཡང་། སྐྱེ་བོ་ཁྲི་ཕྲག་མང་པོ་ལ་དུས་གཅིག་ཏུ་ཆོས་བསྟན་དུས། སཾསྐྲི་ཏའི་ནང་དུ་གསུངས་ན་མང་ཆེ་བས་གོ་ཡང་མི་ཐུབ་ཅིང་། ... རང་ཐད་ནས་བོད་སྐད་འདི་ཐོག་ལ་རྒྱུ་མཚན་དེ་འདྲ་མང་པོ་ཞིག་མཐོང་ཁུལ་གྱིས་ད་ཆ་ཡོད་བཞིན་པ་ཁ་ནས་བཤད་བཞིན་པ་འདི་ཚོར་དག་ཐེར་དང་། སྐད་འདི་ཐོག་ནས་མདོ་སྔགས་དང་བཅས་པ་ལ་བདག་པོ་རྒྱབ་སྟངས་ཕུགས་འཕེར་བ་ཞིག་མ་བྱུང་ན། ད་ནི། དེང་སང་ཕལ་སྐད་ལ་དོ་སྣང་མི་བྱེད་མཁན་ཚོས་རང་གི་སྣང་བ་གང་དྲན་བྱས་ཏེ། བོད་སྐད་ནང་། ཨིན་ཅི། ཕ་རེནྶ། འཇར་མེན། ཧིནངྷི་སོགས་ཉ་དང་ཉུང་མ་མཉམ་བསྲེས་བྱེད་རྒྱུ་འདི་དང་། ཡང་འགའ་ཤས་ཤིག་ནི། བོད་ཀྱི་ཡོན་ཏན་གྱི་གཏིང་ཅི་ཙམ་ལོན་རྒྱུ་ཡོད་མེད་ནི་མི་ཤེས། ཁ་ནས་རིག་གཞུང་རྙིང་པ་འདི་ཚོ་ཉམས་ན་ཕངས་པ་ལ་ཨང་ཟེར་ནས། བོད་པ་ཡོངས་རྫོགས་ལ་ཉིན་མཚན་དུས་དྲུག་ཏུ་མཁོ་ཞིང་། བོད་པ་སྤྱི་བའི་ཕོ་ཉ་ལྟ་བུ་དེ་ལ་ཕལ་སྐད་ཅེས་གཡབ་ཆུང་བྱེད་ཅིང་། སྤྱི་བའི་སྐད་དེ་རང་གི་ཁ་ནས་ཀྱང་ཐོན་བཞིན་པ་དེ་མ་ཚོར་བར། དེ་ལས་ལྷག་པའི་སྐད་ཆ་ཞིག་ངས་ཤེས། ངས་བྲིས་ཤེས་བསམ་ན། བླང་དོར་དང་ལེགས་ལམ་སྟོན་བྱེད་ལ་ཨེ་ཕན“[3]ཞེས་གསུངས། དེས་ན་ཆོས་དང་རྩོམ་རིག་གང་ཡིན་ནའང་དོན་སྟོན་པ་དང་གོ་བདེ་བ་དེ་ཕྱོགས་གཉིས་ཀྱི་རྩ་བའི་བླང་བྱ་ཡིན་ཕྱིན། བེད་སྤྱོད་མང་བ། ཀུན་ལ་ཕན་པ། དོན་བྱེད་ནུས་མཐུ་ཆེ་བ། སྤྱི་ལ་མཁོ་བ་དེ་སྐད་དང་ཡི་གེའི་འགན་ཁུར་དང་པོ་ཡིན་པས། ཐོག་མར་སྐད་དང་ཡི་གེའི་དོན་བྱེད་ནུས་པ་བླ་ལྷག་ཏུ་འདོན་རྒྱུ་དེ་གལ་ཆེ་ཞིང་། སྐད་དང་ཡི་གེའི་དོན་བྱེད་ནུས་པ་བླ་ལྷག་ཏུ་འདོན་དགོས་ན་ཐོག་མར་མཁས་དབང་དམ་པ་འདིས་བསྟན་པ་བཞིན། དམངས་ཁྲོད་དུ་དུས་རྒྱུན་དུ་བེད་སྤྱོད་མང་བ།ཀུན་ལ་ཕན་པ། སྤྱི་ལ་མཁོ་བ། ཉིན་མཚན་དྲུག་ཏུ་ཁ་ལ་མི་འབྲལ་བའི་སྐད་ཆ་སྟེ། མང་ཚོགས་དང་ཉེ་བའི་ཐུན་མོང་སྤྱི་སྐད་དང་རྣོ་ཐེར་བྱིན་པའི་ཚད་ལྡན་ཁ་སྐད་ཀྱིས་རྩོམ་རིག་རྩོམ་དགོས་པའི་འབོད་སྐུལ་བཏང་།
ཁོང་གི་གསར་རྩོམ་གོ་རིམ་དང་གསར་རྩོམ་ཐབས་ཤེས་ལས་ཀྱང་མགུར་མའི་གསར་རྩོམ་ཁྱད་ཆོས་རྒྱུན་འཛིན་བྱས་ཡོད་པ་སྟེ། མགུལ་དབྱངས་དང་སྨྲེང་གྱེར་སོགས་མགུར་རྟའི་དབྱངས་ངེས་ཅན་ཞིག་ཏུ་དྲངས་ནས་ཚིགས་ཀྱི་བཅད་སོ་དང་ཚེག་ཁྱིམ་སྒྲིག་སྟངས། སྒྲ་ཟུང་ལྡན་དང་རང་བྱུང་དབྱངས་ཀྱི་འགྱུར་ཁུགས་སོགས་ལ་ཚོད་འཛིན་བྱས་པས། ཁོང་གི་མགུར་གླུ་རྣམས་ལ་དམངས་གླུའི་རང་བྱུང་གི་འགྱུར་ཁུགས་ལྷུན་གྱིས་གྲུབ་ཅིང་། གྱེར་བ་དང་བཀླག་པ་གང་བྱས་ཀྱང་ངག་ལ་ལྷུང་ལྷུང་དུ་ཐོན་པ་དང་། དམངས་གླུའི་གསར་རྩོམ་གྱི་ཁྱད་ཆོས་གཙོ་བོ་སྟེ། གསར་རྩོམ་གྱི་སྐབས་སུ་ཐོག་མའི་བསམ་བློ་གཏོང་ས་དེ། རྒྱན་ལ་མི་དམིགས་དོན་ལ་དམིགས་པ་དང་། བརྗོད་བྱའི་དགོངས་པ་ཟབ་མོ་ཐོན་ཚེ། འབྱོར་ཚེ་ཉེ་བའི་དྲུང་ན་ཞུམ་ཞུམ་དུ་འགྲོ་ཞིང་། །རྒུད་ཚེ་རིང་བའི་ས་ན་མཛུབ་ཀེར་གྱིས་འཕྱ་བ། །དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ། །བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་བྱུང་། །ཞེས་རྒྱན་གང་གིས་ཀྱང་མ་བཅིངས་ཤིང་ཚིག་སྦྱོར་རྣམས་ཕལ་སྐད་རྣལ་མར་གནས་ལ།ཚིག་སྦྱོར་རྣམས་དབྱངས་རྟ་ངེས་ཅན་ཞིག་ལ་གྱེར་བཞིན་རྩོམ་ཞིང་བཀླགས་པ་སྟེ། ཁོང་གི་སློབ་བུ་གང་མང་གི་ངག་ལས། སྔ་རབས་མེས་དབོན་རྣམ་གསུམ་གྱི་སྐབས་སུ་མགུར་འདི་དག་དབྱངས་རྟ་འདི་འདྲ་བ་ལ་དྲངས་ནས་བླངས་པ་ཡིན་པར་སེམས། ཞེས་སྙན་ངག་རྐང་གཅིག་འདོན་ནའང་དབྱངས་རྟ་སྙན་མོ་ངེས་ཅན་ཞིག་ལ་དྲངས་ནས་ཚེག་ཁྱིམ་རེ་རེའི་གཅོད་མཚམས་གསལ་ཞིང་རང་བྱུང་དབྱངས་ཀྱི་འགྱུར་ཁུགས་མཛེས་པ་དག་འོང་ཞེས་བྱུང་།
དགེ་འདུན་ཆོས་འཕེལ་ལྟར་ན་རང་རེའི་ད་ལྟ་སྲོལ་རྒྱུན་དུ་འབོད་པ་རྒྱ་གར་བའི་སྙན་ངག་གི་རྩོམ་ཚུལ་དང་ཁྱད་པར་དུ་སློབ་དཔོན་དཎྜིའི་གཞུང《སྙན་ངག་མེ་ལོང》མའི་ཁྲིད་རྒྱུན་བཞིན་དུ་བརྩམས་པ་འདི་དག་སྙན་ངག་གི་ཚད་མ་དང་ཉིང་མ་ཡིན་པ་ནི་བཤད་མ་དགོས་མོད། རང་རེའི་མི་རིགས་ཀྱི་སྲོལ་རྒྱུན་དངོས་ཀྱི་ངོས་ནས་བཤད་ན། གདོད་མ་བོད་ཀྱི་དམངས་ཁྲོད་ནས་དར་ཞིང་བཙན་པོའི་རྒྱལ་རབས་སྐབས་སུ་རྒྱ་ཆེར་སྤྱོད་པའི་གླུ་མགུར་གྱི་རྣམ་པ་འདི་དག་ནི་རང་རེའི་བོད་ཀྱི་སྙན་ངག་གི་ཆུ་མགོ་གངས་ལ་གཏུགས་ས་ཡིན་པའི་ལྟ་བ་བཏོན། ལྟ་བ་འདིའང་དེང་རབས་ཀྱི་ཕྱི་གླིང་རྩོམ་རིག་གཞུང་ལུགས་ལ་བློ་འདྲིས་ཤིང་རྒྱ་མི་རིགས་ཀྱི《སྙན་ངག་གི་མདོ》སུམ་བརྒྱ་བ་སོགས་ལ་བལྟས་མྱོང་མཁན་ཞིག་གིས་དོགས་སློང་མི་བྱེད་མོད། རང་རེའི་དགོན་སྡེ་དང་གྲྭ་ས་ནས་སྐྱེད་སྲིང་བྱས་པའི་རྩོམ་རིག་རིག་པའི་གཞུང་ལུགས་ཀྱི་འདུ་ཤེས་མེད་པ། ཕྱི་འོང་རྒྱ་གར་རིག་གནས་ལ་དད་ཞེན་ཆེ་བ། རང་རེའི་དམངས་ཁྲོད་རྩོམ་རིག་ལ་ཆ་རྒྱུས་མེད་པ། དཎྜིའི《སྙན་ངག་མེ་ལོང》ཁོ་ནའི་སྟེང་ནས་གོ་བ་འཚོལ་བའི་སྙན་ངག་མཁན་པོ་རྣམས་ལ་མཚོན་ན། དམངས་ཁྲོད་གླུ་གཞས་རྣམས་ལ་སྲོལ་རྒྱུན་སྙན་ངག་ཏུ་འབོད་མི་སྲིད་ལ་སྙན་ངག་གི་གྲས་སུ་གཏན་ནས་མི་ཚུད་པ་དང་མ་མཐའ་ཡང“གྲོང་ཚིག”ཅེས་པའི་མིང་ལས་མི་འབྱོར། འདི་ལྟ་བུའི་ལོ་རྒྱུས་དུས་རིམ་དང་སྤྱི་ཚོགས་རྒྱབ་ལྗོངས་ཁྲོད་དུ་དམངས་ཁྲོད་རྩོམ་རིག་ལ་གཏོགས་པའི་གླུ་མགུར་འདི་དག་ལ་གོ་ས་མཐོན་པོ་དང་གདེང་འཇོག་གཟུ་བོ། ཆོ་ལོ་ཆེན་པོ་སྦྱོར་ཐུབ་པ་འདི་ནི་བསམ་གཞིག་ཟབ་མོ་དང་རིགས་ལམ་རྣོན་པོ་ཞིག་གི་འབྲས་རྟགས་ཡིན་པས་ངེས་པར་ངོ་མཚར་དུ་འཛིན་དགོས་པ་ལགས། ད་ལྟའི་མིག་རྒྱང་གིས་བལྟས་ན་དུས་རབས་ཉི་ཤུ་པའི་ནང་གི་བོད་ཀྱི་མཁས་པ་དགེ་འདུན་ཆོས་འཕེལ་གྱི་ཞིབ་འཇུག་རིགས་ལམ་དེ་དག་གནས་སྐབས་དེའི་འཛམ་གླིང་སྤྱིའི་སྔོན་ཐོན་མཁས་པ་རྣམས་ཀྱི་ཞིབ་འཇུག་བསམ་བློ་དང་ཞིབ་འཇུག་བྱེད་ཐབས་ཀྱི་གོམ་སྟབས་དང་དོ་མཉམ་པར་སོང་ཡོད།“བོད་ཀྱི་རྒད་པོ་རྣམས་ཀྱིས་ཕ་མེས་ལུགས་ཀྱི་ཚིག་སྦྱོར་རྒྱུ་བྲིས་པ་ལ་ནི་མང་དུ་སྣང་བ་ངོ་མཚར་ཏེ། དཔེར་ན་མདོས་ཆོག་སོགས་ན། ཕྱོགས་ཕྱོགས་དེ་ནི་ཕ་གི་ན། ཉི་མ་ཤར་ཕྱོགས་ཕ་གི་ན། སྨུག་པོ་མཆོང་གི་ཕོ་བྲང་ན། སོགས་དང་། བོན་གྱི་ཁྱུང་ལྡིང་གི་རྒྱུད་མ་བྱ་བ་ལས། རྒྱལ་པོ་དེ་ཡི་གདུང་འཛིན་དུ། དམུ་རྒྱལ་དེ་ཡི་གདུང་འཛིན་དུ། དམུ་རྒྱལ་ཐོད་དཀར་གདུང་འཛིན་དུ། རྒྱལ་བོན་དུང་ཐོད་བྱ་བ་བཞག སོགས་བྱུང་བ་བཞིན་ལ་ད་དུང་ཡང་མདོ་སྨད་སོགས་སུ་གྲོང་བའི་གླུ་རྣམས་ཀྱི་ཚིག་སྦྱོར་འདི་འདྲ་ཤིན་ཏུ་མང་། དེས་ན་བོད་སྐད་རང་གི་གཤིས་ལ་ཡོད་པ་ཡིན། བོད་ཀྱི་རྩོམ་དངོས་མ་ནི་འདི་ཚོ་ཡིན་འདུག་སྟེ། འོན་ཀྱང་ཚིག་སྦྱོར་འདི་རིགས་ལ་མཁས་པ་རྣམས་ཀྱིས་ཅིག་ཆར་རས་སུ་བོར་ཏེ་བཞད་གད་ཀྱི་ཡུལ་དུ་བྱས་པས་ད་ལྟ་རལ་ཞིང་རུལ་ཏེ་བྱ་བ་བྱེད་མི་ནུས་སུ་སོང་། ཁྱེད་ཀྱི་ཡབ་ལ་མཚན་གསོལ་བ། རྒྱལ་པོ་དེ་ནི་སྲས་གཙང་ལགས། སྐྱེས་པའི་ཡུམ་ལ་མཚན་གསོལ་བ། སྒྱུ་མ་དེ་ནི་ལྷ་མཛེས་ལགས། སོགས་བྲིས་ན་ཐམས་ཅད་བཞད་གད་དུ་འགྱུར་བ་ལས་མི་འོངས། དེ་བཞིན་འདར་ར་ར་དུ་རུ་རུ་ལྷབས་སེ་ལྷབ་སོགས་བོད་སྐད་རང་བྱུང་གི་ཟུང་ལྡན་རྣམས་ཡིན་མོད། གཏོར་བཟློག་དང་སྔགས་ཆོག་སོགས་ཀྱི་ནང་དུ་ཚུད་པ་ཙམ་ལས། སྙན་དངགས་སུ་གྲགས་པའི་ནང་དུ་ནི་སུས་ཀྱང་མི་འཇུག་པར་སྣང་། དེ་མིན་རང་རེ་རྣམས་ཀྱི་ད་ལྟའི་རྩོམ་ལུགས་འདི་ནི་རྒྱ་སྐད་བོད་དུ་བསྒྱུར་བ་རྣམས་ཀྱི་དབྱིབས་ཁོ་ནར་བྲིས་པ་ཡིན་ལ། དེ་སྣ་བར་འཇགས་འཇགས་ནས་གོ་བདེ་བར་སོང་བ་ཡིན་གྱི། བོད་སྐད་རང་དབང་བའི་སྒྲིག་ཚུལ་ནི་མིན་པར་ངེས་མོད། སུ་ཞིག་གི་རྣ་བར་འགྲོ། ཚིག་གསལ་ཆེ་བར་བྲིས་ཚེ་ཀུན་གྱིས་གྲོང་ཚིག་ཅེས་སྨྲ་བ་ཡིན་གདའ་སྟེ། གྲོང་ཚིག་ལ་ངོ་ཚའི་ཚིག་རྗེན་པར་སོང་བ་བཞིན་དགོས་ཀྱི་ཚིག་རྗེན་པ་ཐམས་ཅད་དེར་ག་ལ་འགྱུར”[4]ཞེས་བྱུང་། དེས་ན་རང་ཅག་གིས་ད་ལྟར་རྒྱ་གར་རིག་གནས་དང་དཎྜིའི《སྙན་ངག་མེ་ལོང》གི་འབྲི་རྩོམ་ཁྱད་ཆོས་ལ་སྲོལ་རྒྱུན་སྙན་ངག་ཏུ་འབོད་པ་དང་། རྒྱ་གར་སྲོལ་རྒྱུན་རྩོམ་རིག་གི་སྟོབས་དང་གོ་གནས་ཆེ་དྲགས་པས་བོད་པ་རང་གི་ལོ་རྒྱུས་ཐོག་རྒྱུན་འཛིན་བྱས་ཏེ་བྱུང་བའི་དམངས་ཁྲོད་ཀྱི་གླུ་དང་མགུར་མ་རྣམས་ལ་སྙན་ངག་གི་མིང་ནས་འབོད་སྲོལ་མེད་ལ་རྩོམ་རིག་གི་གྲལ་གདན་དུ་གོ་གནས་ཀྱང་ཡོད་པ་མིན་པས། དེ་དག་ཀྱང་རང་རེས་ངེས་པར་དུ་གོ་རྟོགས་དང་བཅོས་བསྒྱུར་བྱེད་དགོས་པའི་འདུ་ཤེས་འཛིན་སྟངས་ཤིག་ཡིན།
གསུམ་པ། ཕལ་སྐད་སྙན་ངག་ལས་འཕྲོས་པ“མགུར་མ”སོགས་ཀྱི་དམངས་ཁྲོད་སྐད་བརྡའི་མཛེས་པའི་ཁྱད་ཆོས།
ཁོང་གིས་མི་རིགས་སྤྱི་སྐད་དང་དམངས་ཁྲོད་ཁ་སྐད་ལ་ཉེ་བའི་དེང་རབས་རྩོམ་སྟངས་ཀྱི་སྙན་ངག་དང་ལྷུག་རྩོམ། ཆེད་རྩོམ་དང་དཔྱད་རྩོམ་མང་པོ་བྲིས་ནས་དེང་རབས་བོད་པའི་ཡིག་ཐོག་རྩོམ་རིག་མང་ཚོགས་རང་བཞིན་ཅན་དུ་འགྱུར་བར་འབད་པ་ཆེན་པོ་བྱས། དེ་ཡང་སྙན་དངགས་ཀྱི་དཀའ་གནད་སྐོར་ཐོར་བུ། ལྷ་མོ་དབྱངས་ཅན་མའི་བསྟོད་པ། བླ་བྲང་ལ་བསྐུར་བའི་ཀ་རྩོམ། ཨ་མཆོད་ཀྱི་ལོ་རྒྱུས་ཀ་རྩོམ། ཕལ་སྐད་ཀ་བཤད། བྷ་བུ་མཐར་ཕྱིན་ལགས་ལ་གནང་བའི་ཀ་བཤད། ཀ་ལི་ཀ་ཏ་ནས་གནང་བའི་མགུར་མ། བཙོན་ཁང་ནས་ཧོར་ཁང་ལ་གནང་བའི་གསུང་མགུར། མི་རྟག་པ་དྲན་པའི་གསུང་མགུར། འདུ་བྲལ་སྙིང་པོ་མེད་པར་རྟོགས་པའི་གླུ། རྒྱལ་ཁམས་བསྐོར་བའི་སྣང་ཚུལ། སྒྲོལ་མའི་བསྟོད་པ། སྒྲོལ་མ་དབྱངས་འཛོམས་ལ་གནང་བའི་བསླབ་བྱ། རྡི་ཚ་སྐམ་པོས་ཕུལ་བའི་ཞུ་ཡིག ཞབས་བརྟན་འཆི་མེད་དབྱངས་སྙན། རྒྱ་གར་དུ་བྱེས་སུ་སྡོད་པའི་རིང་གི་བསམ་ཞིབ། གྲོགས་ངན་དང་བྲལ་བའི་དཔྱད་གཏམ། བཙོན་ནས་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་མགུར་ཚིག་སྐད་གསར་བཅད་དུ་བཅོས་པ། རྣམ་དཔྱོད་ཆེ་ལ་སེམས་དྲང་བོའི་རིགས་པའི་གླེང་མོ་ཞེས་བྱ་བ། རྒྱ་གར་དུ་བྲིས་པའི་སྙན་རྩོམ། བླ་བྲང་ལ་ཕུལ་བའི་སྙན་རྩོམ། རིག་བྱེད་གཏམ་རྒྱུད། གཞན་ཡང་ལོ་རྒྱུས་དང་ཆེད་རྩོམ་གང་མང་གི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཚང་མ་དེང་རབས་ཀྱི་ཐུན་མོང་སྤྱི་སྐད་དང་དམངས་ཁྲོད་ཁ་སྐད་ཀྱི་ངག་གིས་བརྩམས་པས་ཤེས་རབ་མཆོག་དམན་ཀུན་གྱིས་གོ་བ་ལོན་ཐུབ་པར་མ་ཟད། བརྗོད་བྱ་སྤྱི་ཚོགས་འཚོ་བར་ཉེ་ཞིང་བརྗོད་དོན་སྤྱི་ཚོགས་དོན་རྐྱེན་ལ་རེག་པ། དགོངས་གཞི་མི་རིགས་ལས་དབང་དང་འབྲེལ་ཞིང་བརྩེ་དུང་དམངས་ཀྱི་སྐྱིད་སྡུག་ལ་འཁྲིལ་བ། རང་བྱུང་དབྱངས་ཀྱི་འདེགས་འཇོག་སྙན་ཞིང་སྲང་ལ་གཅལ་བའི་ཚིག་སྦྱོར་མཛེས་པའི་དེང་རབས་རྩོམ་རིག་གི་བརྩམས་ཆོས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་གང་མང་བརྩམས། ཧོར་ཁང་བསོད་ནམས་དཔལ་འབར་གྱིས། 《མཁས་མཆོག་དགེ་འདུན་ཆོས་འཕེལ་གྱི་རྟོགས་བརྗོད་དག་པའི་སྣང་བ》ཞེས་པ་ལས་ཁོང་གི་སྙན་ངག་གི་ཁྱད་ཆོས་ལ་དཔྱད་གླེང་བརྗོད་སྐབས། ཁོང་གི་སྙན་ངག་ལས་སྲོལ་རྒྱུན་མགུར་མ་དང་དམངས་ཁྲོད་ཁ་སྐད་ཀྱི་ཁྱད་ཆོས་མངོན་པར་གསལ་བ་དེ་གཙོ་བོར་བཟུང་ནས་གདེང་འཇོག་བྱས་ཡོད་དེ། “དམ་པ་འདི་ཉིད་ཀྱིས་གསུང་རྩོམ་གནང་སྐབས་ཚིགས་བཅད་ཀྱི་རིགས་ལའང་གོ་དཀའ་བའི་མངོན་བརྗོད་དང་། ཚིག་རྒྱན་ཉུང་ཞིང་། རང་བཞིན་བརྗོད་པའི་རྒྱན་སྙན་ལ་གོ་བདེ་བ། སྒྲ་རྒྱན་ཅུང་ཟད་ཡོད་པ་དང་། ཚིག་ལྷུག་སྐབས་ཚིག་འཇམ་ཞིང་སྙན་པ་ཤ་སྟག་མཛད་རྒྱུར་ཐུགས་མཉེས་ཙམ་གནང་།”[5]ཞེས་ཚིག་སྙན་ཞིང་དབྱངས་འཇམ་པ། དོན་གསལ་ཞིང་གོ་བདེ་བ། ཁ་སྐད་ཀྱི་བག་ཆགས་ལས་མི་རིགས་ཀྱི་བརྩེ་དུང་དང་རིག་གནས་ཀྱི་རོ་དང་བྲོ་བ་མྱོང་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ། ཁྱད་པར་དུ་ཚིག་ལྷུག་གི་ངང་ནས་བྲིས་པའི་ཡུལ་སྐོར་ཟིན་བྲིས་དང་རང་བྱུང་ཁོར་ཡུག་ངོ་སྤྲོད་བྱས་པ་རྣམས་ཀློག་པ་པོའི་སྣང་ངོར་སྣུམ་ཚོན་རི་མོ་ཇི་བཞིན་འཆར་རྒྱུ་ཡོད་པ་དང་། རང་བྱུང་གི་སྣང་བརྙན་དེ་དག་ལའང་གཟུགས་སྒྲ་དྲི་རོ་རེག་བྱའི་བྱེད་ལས་མངོན་སུམ་ཚང་བ་ལྟ་བུའི་སྣང་བ་སྟེར། ད་ལྟ་དྲ་རྒྱའི་སྟེང་བཀོད་པའི་དགེ་འདུན་ཆོས་འཕེལ་ལགས་ལ་གློག་བརྙན་བཟོ་མཁན་སྐུ་ཞབས་ལཱུག་ལགས་ཀྱིས་བཅར་འདྲི་ཞུ་བ་ཞེས་པའི་ནང་དུ། 《ཨ་ལགས་ཡོངས་འཛིན་ཚང་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་བཅར་འདྲི་ཞུས་པ》ལས། “དགེ་འདུན་ཆོས་འཕེལ་གྱི་རྩོམ་མང་པོ་རིག་མྱོང་། གང་ལྟར་མཁས་པ་ཆེན་པོའི་གསུང་རེད།དེ་ང་ཚོ་མདོ་སྨད་ཀྱི་ཕྱོགས་འདི་ནས་སྙན་ངག་པ་དང་པོ་སྐུ་ཞབས་འཇིགས་མེད་བསམ་གཏན་ཟེར་བ་དེ་གཞན་ཁས་ལེན་མཁན་ཞིག་མ་རེད་མོད། དགེ་འདུན་ཆོས་འཕེལ་གྱིས་བརྒྱབ་པའི་རྩོམ་གྱི་གྲས་ཡ་མཚན་པོ་ཞིག་རེད། འདི་ལག་པའི་ལས་རྗེས་སུ་བཟུང་བའི་གང་ཟག་ཅིག་རེད་ཅེས་ཁོང་ཚང་གིས་བསྟོད་བསྔགས་བྱེད་ཀི་ཞེས་ངས་གོ་མྱོང་།”ཞེས་སྐབས་ཐོག་དེར་སྒྱུ་རྩལ་གྱི་རྟོགས་པ་མཐོ་ཞིང་ཤེས་རབ་ཀྱི་བློ་མིག་རྣོ་བ་རྣམས་ཀྱིས་བསྔགས་བརྗོད་ཚད་མཐོན་པོ་བྱས།དཔེར་ན《རྒྱ་གར་གྱི་ཡུལ་སྤྱིའི་ཆགས་ཚུལ་དང་མིང་བཏགས་ཚུལ》ཞེས་པའི་ནང་ཧི་མ་ལ་ཡའི་སྤྲིན་གྱི་རྒྱ་མཚོ་ཞིབ་འབྲི་བྱས་པ་ལས། བརྩམས་ཆོས་ཀྱི་དབུ་རུ་རྩོམ་པ་པོས་རང་ཉིད་ཀྱི་ལྗོངས་རྒྱུ་ལྟ་སྐོར་གནང་སྐབས་ཡུལ་ཁམས་རིག་གནས་ཀྱི་རིག་པ་རྣོན་པོ་དང་ཉམས་མྱོང་ཕུན་ཚོགས། མཛེས་དཔྱོད་མིག་རྒྱང་སོགས་ལ་བརྟེན་ནས། “དེ་ནས་ལྷོ་ལ་ཕར་ཤེལ་གྱི་ཀ་བ་ལྟ་བུའི་གངས་རི་སྟོང་ཕྲག་དུ་མའི་ཕྲེང་བ་རང་རེའི་ཡུལ་གྱི་མུ་ཁྱུད་དང་དོན་གཅིག་པ་དང་། གངས་རི་བརྒལ་བ་ན་ཤུག་པའི་ནགས་ཚལ་ཅན་གྱི་རི་ཀླུང་དུ་མ་དང་། དེ་ནས་ཕར་ལ་ཐང་ཤིང་གི་ཚལ་སྤྲིན་ནག་འཁྲིགས་པ་ལྟ་བུ་དང་། དེ་ནས་མར་རྨྱུག་མའི་ནགས་ཚལ་ལྗང་ཐང་ངེ་བ་དང་། དེ་ནས་ཞོལ་དུ་ཕེབས་ཏེ། ས་ལཱ་དང་། ནྱགྲོངྷ། ཨཤྭཐ་དང་། ཆུ་ཤིང་ལ་སོགས་པའི་ནགས་ཚལ་མེ་ཏོག་ཕྲ་ཆེམས་སེ་བ་དག་གིས་རི་ཀླུང་མེད་པར་གང་བ། གདུགས་དང་སྡེར་མ་འདྲ་བའི་ལོ་མ་ལྷེབ་ཆེན་ཟིལ་བ་ཁྲོམ་མེ་པ་དག་ལམ་གྱི་ཕྱོགས་གཡས་གཡོན་གཉིས་ན་འཛིང་ཤིང་སྐྱེས་པ། ཐོས་མ་མྱོང་བའི་བྱ་བྱིའུ་སྣ་ཚོགས་ཀྱི་སྐད་སྒྲོག་པ། སྨུག་སྤྲིན་དཀར་པོའི་གསེབ་ན་རྩེ་མོ་ཡར་འཕགས་པའི་རི་མཐོངས་ནགས་ཚོམ་བུས་བརྒྱན་པ་དག་ན་གྲོང་ཁྱིམ་གཉིས་གསུམ་སྦྲེལ་བ། རྩྭའི་ཐོག་ཕུབས་དང་རྨྱུག་མའི་ཀ་བ་བཞིས་ལྷང་ངེར་བཏེགས་པའི་ལྡིང་ཁང་མེ་ཏོག་གི་འཁྲི་ཤིང་སྣ་ཚོགས་ཀྱིས་གཡོགས་པ་ཅན་དང་། ནམ་ལངས་པ་ན་དེ་ནས་བལྟས་པས་གངས་རི་མཐོན་པོ་དག་གི་རྩེ་ལ་འཆར་ཀའི་འོད་ཕོག་པས་གསེར་བཙོ་མ་བཞིན་དུ་འཚེར་ཞིང་། སྤྲིན་དཀར་པོའི་རླབས་བརྩེགས་པ་དཔག་ཚད་དུ་མའི་མཐའ་ལ་བསྐྱངས་པའི་བར་དག་ན། ནགས་ཚོམ་བུ་དང་རི་ཆེན་པོ་དག་གི་རྩེ་མོ་གླིང་ཕྲན་བཞིན་དུ་མངོན་ཏེ། དེ་ལ་ཧི་མ་ལ་ཡི་སྤྲིན་གྱི་རྒྱ་མཚོ་ཞེས་ཕྱོགས་ཀུན་ཏུ་གྲགས་ཤིང་། སྐྱེ་བོ་དག་ཆེད་དུ་གཉེར་ནས་བལྟར་འོང་བར་ཡང་བྱེད་དོ“ཞེས་ཧི་མ་ལའི་ས་གཤིས་དང་ས་དབྱིབས། རི་ལྗོངས་དང་ཁ་དབུགས། ཤིང་དང་ནགས་ཚལ། ཤིང་ཏོག་དང་ལོ་ཏོག རྩྭ་དང་རྩི་ཏོག བྱ་བྱིའུ་དང་འབུ་སྲིན། གྲོང་དང་ཁྱིམ་ཚང་། དུས་བཞིའི་འགྱུར་ལྡོག་དང་ངོ་མཚར་སོགས་སྣུམ་ཚོམ་རི་མོ་བཞིན་དུ་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཀྲམས་ནས། ”རྒྱ་གར་ཕྱོགས་ཀྱི་རི་འདི་དག་ནི་རི་རྩེ་ཤིན་ཏུ་བསིལ་བ་དགུན་ཁ་བ་ཡང་བག་རེ་འབབ་ས་ཞིག་ནས་མར་ལ་ཚ་ལམ་གཅིག་ཙམ་སོང་ཚེ་དྲོ་གྲང་དེ་ཙམ་དུ་བརྗེས། དེ་ན་སྐྱེས་པའི་ཤིང་རིགས་དང་མེ་ཏོག་ཐམས་ཅད་ཀྱང་རི་རྩེ་ན་ཡེ་མེད། བྱ་བྱིའུ་ཐམས་ཅད་ཀྱང་བརྗེ། དེ་ནས་མར་ལ་ཇ་ཡུན་ཙམ་སོང་བས་སྔར་དེ་ཐམས་ཅད་བརྗེས་པ་སོགས་ཉིན་གཅིག་པོ་དེ་ལ་རྨི་ལམ་གྱི་སྣང་བ་འཆར་བ་ཞིག་འོངས། དུས་ཕྱིས་ཨིང་ལན་པ་དག་གིས་བཀོད་ཁྱབ་བྱས་ཏེ་ཆུ་རྣམས་ལ་ལྕགས་ཟམ་དང་། ལམ་རྣམས་ལ་རྡོ་གཅལ་བཏིང་། རི་ལྡིང་དང་ཞོལ་ཅི་རིགས་པར་སྐྱེད་ཚལ་དང་ཁང་བཟང་སྣ་ཚོགས་པ་བཟོས་ཏེ་ཆེས་ངོ་མཚར་བ་མང་དུ་བྱས་མོད། འོན་ཀྱང་དེ་ཚོ་སྨྲ་རིན་མ་ཆོག་པ་ཞིག་སྟེ། ལར་བསྐལ་བའི་ཆགས་སྟངས་ཉིད་ཀྱིས་རི་བོ་གངས་ཅན་གྱི་ལྗོངས་འདི། ངེས་པར་ལྷའི་ཡུལ་དང་རྨི་ལམ་གྱི་ཞིང་ལྟ་བུ་ཞིག་ཏུ་གྲུབ་འདུག་སྟེ། འདི་ལྟ་བུའི་ཡུལ་ལྗོངས་མཛེས་ལ་ཉམས་དགའ་བ་ཕྱོགས་གང་ན་ཡང་མི་སྣང་ངོ་ཞེས་གྲགས་ཏེ་དོན་ལ་ཡང་གནས་པའོ“ ... ”ལར་རྒྱ་གར་ཕྱོགས་ཀྱི་རི་ལྗོན་ཉམས་དགའ་བ་འདི་དག་མཐོང་བ་ཙམ་གྱིས་ཀྱང་རྣམ་པ་སྣ་ཚོགས་པའི་སྣང་བ་དག་སེམས་ལ་སྦྱིན་པར་བྱེད་པས། ཕྱོགས་འདི་ལ་རོ་ཉམས་བརྒྱ་དང་ལྡན་པའི་དབྱངས་ཀྱིས་མགྲིན་པ་མཛེས་པའི་སྙན་དངགས་ཆེན་པོ་དག་ཟམ་མ་ཆད་དུ་བྱུང་བ་ཡིན་ནོ་ཞེས་ཀྱང་གྲགས་སོ། །“[6] ཞེས་བྱུང་། གོང་གསལ་འདི་དག་ཀྱང་ཡུལ་ལྗོངས་ཞིབ་འབྲིའི་སྐོར་གྱི་ལྷུག་རྩོམ་ཚད་ལྡན་གྱི་རིགས་ཡིན་པས། མིག་སྔར་རང་རེའི་བོད་ཀྱི་སྐད་ཡིག་གི་སློབ་འབྲིང་བསླབ་དེབ་ནང་ཚད་ལྡན་ལྷུག་རྩོམ་གྱི་མ་དཔེ་ལ་བཀོད་ཡོད་ཅིང་། ཁོང་གི་ལྷུག་རྩོམ་འདི་དག་བྲིས་པའི་ཁྱད་ཆོས་ལ། རང་སེམས་སུ་སྙེམས་ནས་བྲིས་པ་དང་གཞན་ཁ་ནས་ཐོས་ཏེ་བྲིས་པ་ཞིག་མ་ཡིན་པར། རང་ཉིད་དངོས་སུ་ཡུལ་ཁམས་དེ་དག་ཏུ་ཕེབས་པའི་སྐབས་སུ་མིག་གིས་ཅི་མཐོང་དང་སེམས་སུ་ཅི་སྣང་། མཛེས་པའི་ཚོར་བ་ཅི་ཤར་རྣམས་ཇི་མ་ཇི་བཞིན་ཡི་གེར་བཀོད་པས། ཀློག་པ་པོ་རྣམས་ལའང་དངོས་སུ་གནས་དེ་དག་ཏུ་འབྱོར་བ་དང་རི་ལྗོངས་མཛེས་པའི་རྣམ་པ་དངོས་སུ་མཐོང་བ་ལྟ་བུའི་ཚོར་བ་སྟེར་ཐུབ་པ་ཡིན།
སྒང་བ་བོད་ཀྱི་ཡུལ་ཁམས་འདིར་ད་ལྟའི་བར་དུ་ཁོང་གི་སྙན་ངག་བརྩམས་ཆོས་རྣམས་ཆེས་མཛེས་པའི་སྙན་ངག་གི་ཚད་མར་འཛིན་ལ། ཁོང་གི་ཕལ་སྐད“ཀ་རྩོམ”རྣམས་ནི་རྩོམ་རིག་ལ་དགའ་བའི་སེར་སྐྱ་རྒན་གཞོན་ཀུན་གྱིས་ཁ་བཏོན་བཞིན་དུ་སྐྱོར་བའི་ཚིགས་བཅད་ཡིན། ཁོང་གི་སྙན་ངག་ལ་མངོན་བརྗོད་དང་བརྡ་རྙིང་ཉུང་ལ། འཁྱོག་བརྗོད་སོགས་རྒྱ་གར་རྩོམ་ལུགས་ཀྱིས་བཅིངས་པའང་ཉུང་ཞིང་རང་རེའི་བོད་ཀྱི་སྲོལ་རྒྱུན་མགུར་མ་དང་ཁ་སྐད་དམངས་གཞས་ཀྱི་སྲོལ་དུ་བྲིས་པ་མང་། དེ་ཡང་དཔེ་དཔེ་ཅན་ངོ་བོའི་མཚུངས་ཆོས་ཨ་མཚར་བ། བརྗོད་འདོད་ཀྱི་དགོངས་པ་ཟབ་ཅིང་གསལ་བ། བརྗོད་བྱ་དུས་ཐོག་གི་འཚོ་བ་དངོས་དང་འབྲེལ་བ། བརྩེ་དུང་དྭངས་གཙང་རྫུན་ཟོལ་དང་བྲལ་བ། སྣང་བརྙན་གྱི་རི་མོ་སྣང་ངོར་ཤར་ནུས་པ། དབྱངས་འགྲོས་ཀྱི་འགྱུར་ཁུགས་རྣ་བར་འཇམ་པ། ཕལ་སྐད་ཀྱི་ཚིག་སྦྱོར་རྒྱུགས་ཆེ་བ་བཅས་ཀྱི་རྩོམ་གཤིས་བབ་ཆགས་ལྡན་པ་གསར་གཏོད་བྱས།
བཞི་པ། ཕལ་སྐད་སྙན་ངག་ལས་འཕྲོས་པ“ཀ་རྩོམ”སྙན་ངག་གི་དམངས་ཁྲོད་སྐད་བརྡའི་མཛེས་པའི་ཁྱད་ཆོས།
རྣམ་པ་གསར་པ་གསར་གཏོད་བྱེད་པ་དེ་ལ་ཡང་ཐབས་ལམ་གཉིས་ཏེ། གཅིག་ནི་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྨང་གཞི་བྱས་ཐོག་རང་གི་རིག་སྟོབས་ལ་བརྟེན་ནས་གསར་བཅོས་བྱས་ཏེ་ཤིང་རྟའི་སྲོལ་འབྱེད་ཀྱི་ནུས་པ་འདོན་དགོས་པ་དང་། ཐབས་ལམ་གཞན་ཞིག་ནི་རང་མི་རིགས་ལ་སྔར་མེད་པའི་རིག་གནས་རྣམས་མི་རིགས་གཞན་ལ་དཔེ་བལྟས་ནས་ནང་འདྲེན་བྱེད་རྒྱུ་དེ་ཡིན། དེ་བས་དགེ་འདུན་ཆོས་འཕེལ་དང་དུས་མཉམ་གྱི་རྒྱ་ནག་གི་བསམ་བློ་པ་དང་རྩོམ་རིག་པ་ལོའུ་ཞུན་གྱིས། ཁོང་གི《ཐོལ་བྱུང་གི་འཆར་སྣང》ཞེས་པའི་རྩོམ་ཐུང་དུ། གསར་བཅོས་ཀྱི་སྙིང་སྟོབས་དང་བྲལ་བའི་མི་རིགས་ཤིག་ལ་མཚོན་ན། ནམ་ཞིག་དེས་རང་གི་སྲོལ་རྒྱུན་རིག་གནས་ཀྱང་འཛིན་སྐྱོང་བྱེད་ཐུབ་པ་མིན་ཞེས་གསུངས། “ལྷག་པར་རྩོམ་དང་སྙན་ངག་ཕུན་སུམ་ཚོགས་པ་ཞིག་འབྲི་བ་ལ་རང་གི་ལུང་བའི་སྐད་དེ་ལ་གཏིང་ནས་གོམས་འདྲིས་མཐིལ་ཕྱིན་པ་ཞིག་མེད་ན། ཚིག་དོན་དང་སྒྲ་དོན་སྦྱོར་ཚུལ་སྙན་པོ་དང་ཟབ་པོ་ཡོང་རྒྱུ་ཁག་པོ་རེད་འདུག ངས་ཨིན་ཇིའི་སྐད་དུ་བྲིས་པའི་སྙན་ངག་གི་བྲོ་བ་མྱོང་ཐབས་བྱས་ཀྱང་གོ་བ་ཁོང་ཚོས་མྱངས་པ་དང་འདྲ་བ་ཞིག་ཡོང་རྒྱུ་མི་འདུག་ཅིང་། དེ་ཐོག་གཞན་གྱིས་འགྲེལ་ན་ཡང་ཁོང་ཚོའི་བསམ་ཚུལ་གཏིང་ལོན་པ་ཞིག་མི་ཡོང་འདུག་པས།[7]ཞེས་འབྱུང་། དེས་ན་དམ་པ་འདི་ཉིད་ཀྱི་ཐབས་ལམ་ནི་སྲོལ་རྒྱུན་གྱི་རིག་གནས་རྨང་གཞི་ལ་དོ་སྣང་བྱས་ཤིང་། རང་གི་སྤྱི་སྐད་དང་ཕལ་སྐད། དམངས་ཁྲོད་ཁ་སྐད་ཀྱི་ཚིག་སྦྱོར་དང་བརྡ་དག་ལ་བརྟེན་ནས་རྩོམ་རིག་སྐད་བརྡ་ལ་སྙིགས་དོར་བཅུད་ལེན་དང་ལེགས་བཅོས་གསར་བཟོ་བྱེད་པའི་རིགས་ལམ་ཞིག་ཡིན། ང་ཚོས་འདི་རུ་ཁོང་གི་ཕལ་སྐད“ཀ་རྩོམ”དམིགས་སུ་བཟུང་ནས་ཆེད་དུ་དཔྱད་པའི་སྐབས་སུ། ཀ་རྩོམ་གྱི་རྩོམ་སྟངས་འདི་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གསར་དུ་བཏོད་པའི་རྩོམ་ལུས་ཤིག་ཏུ་བཟུང་ནས་དཔྱད་པ་མ་ཡིན་ཏེ། ཀ་རྩོམ་གྱི་རིགས་འདི་སྔ་ས་ནས་འགྲོ་མགོན་འཕགས་པའི“ཐེག་ཆེན་གསལ་བ་ཡི་གེ་མ་མོ་ལ་སྤེལ་བའི་རབ་བྱེད”ཅེས་ཀ་ཕྲེང་གི་བརྒྱུད་ལ་ཡི་གེ་མ་མོ་བྱ་བའི་མིང་གི་ཐོག་ནས་བོད་དུ་བྱུང་ཡོད་ནའང་། བརྗོད་དོན་སྤྱི་ཚོགས་དངོས་གཞི་དང་འབྲེལ་བ། བརྗོད་བྱ་དུས་རབས་དེའི་འཚོ་བའི་རྣམ་པ་དང་འགྲོ་བའི་སེམས་ཁམས་ལ་སྦྱར་བ། དགེ་སྡིག་གི་ལྟ་བ་དང་བསྟོད་སྨད་ཀྱི་བརྩེ་དུང་གིས་ཕྱུག་པ། གནས་ལུགས་དང་དྲང་བདེན། བློ་སྒོ་འབྱེད་པ་བཅས་ཀྱི་མི་ཚུལ་བསམ་བློ་དང་འདུ་ཤེས་གསར་པས་གཏམས་ཡོད་པ་ཡིན། ཀ་རྩོམ་ཞེས་པ་འདི་བོད་ཀྱི་སྐད་ཡིག་གི་གསལ་བྱེད་རྐང་བ་ཐོག་མའི་སྒྲ་རྒྱན་ཚུལ་དུ་སྦྱོར་བའི་ལུགས་སུ་ཆགས་པའི་ཆ་ནས། རྩོམ་སྟངས་ཐད་དུ་སྲོལ་རྒྱུན་ཚིག་རྒྱན་རིག་པའི་ཁྱད་ཆོས་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་དམངས་ཁྲོད་མགུར་གླུའི་དབྱངས་འགྲོས་དང་མཐུན་པར་སྦྱར་ལ། ཁོང་གི་སཾསྐྲྀཏའི་སྐད་དང་བརྡ་རྙིང་གི་སྐད། ཆོས་ཀྱི་སྐད་དང་ཁ་སྐད། རྒྱ་སྐད་སོགས་སྐད་གཞན། མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་ཁ་སྐད་སོགས་ལ་བྱང་བའི་དབང་གིས་ཁ་སྐད་ཀྱི་ཁྱད་ཆོས་གསལ་པོར་མཚོན་ཡོད། གསལ་བྱེད་ཡིག་རྐྱང་དེ་དག་ལ་གོ་དོན་སྣ་ཚོགས་འབྱིན་པ་དང་། འཚོ་བ་དངོས་དང་འབྲེལ་བ། སྣང་བརྙན་བྲིས་གཟུགས་སུ་ཐོན་པ། ཚིག་སྦྱོར་དམངས་ཁྲོད་དུ་ཉེ་བ་བཅས་ཀྱི་ཕྱོགས་ནས་སྔོན་མ་མཁས་པ་དག་ལས་ཁྱད་དུ་འཕགས་པའི་ནུས་པ་ཐོན་ཡོད། དཔེར་ན། 《བླ་བྲང་ལ་བསྐུར་བའི་ཀ་རྩོམ》དང་། 《ཨ་མཆོད་ཀྱི་ལོ་རྒྱུས་ཀ་རྩོམ》 《ཕལ་སྐད་གསོང་བོར་བརྗོད་པའི་ཀ་རྩོམ》སོགས་ལས། གསལ་བྱེད་ཡིག་རྐྱང་དེ་དག་ལ་གོ་དོན་སྣ་ཚོགས་འབྱིན་པའི་ཆ་ནས་སྔོན་མར་ལད་ཟློས་སྤངས་ཤིང་། རང་གི་ཀ་རྩོམ་སྣ་ཚོགས་པ་རྣམས་ཀྱང་སོ་སོར་མི་མཐུན་པར་སྦྱར་བའི་ཁྱད་ཆོས་སྣང་། ཁོང་གི་སྙན་ངག་གི་ཁྱད་ཆོས་གཙོ་བོ་དེ“ཚིགས་བཅད་ཀྱི་རིགས་ལའང་གོ་དཀའ་བའི་མངོན་བརྗོད་དང་། ཚིག་རྒྱན་ཉུང་ཞིང་། རང་བཞིན་བརྗོད་རྒྱན། སྙན་ལ་གོ་བདེ་བ། སྒྲ་རྒྱན་ཅུང་ཟད་ཡོད་པ་དང་། ཚིག་ལྷུག་སྐབས་ཚིག་འཇམ་ཞིང་སྙན་པ་ཤ་སྟག་མཛད་རྒྱུར་ཐུགས་མཉེས་ཙམ་སྣང་།”[8]ཞེས་བྱུང་། དེས་ན་ཁོང་གི་དམངས་ཁྲོད་མགུར་མའི་རྩོམ་ལུས་འདི་འགངས་ཆེན་ཞིག་ཏུ་རྩིས་ནས་བརྩམས་ཆོས་མང་པོ་བརྩམས་པ་དང་། སྔོན་ཆད་མཁས་པ་སྔོན་མ་དག་གིས་བརྩམས་པའི་ཀ་རྩོམ་སྙན་ངག་གི་ཁྱད་ཆོས་སྟེང་གོ་བདེ་བའི་ཐུན་མོང་ཕལ་སྐད་གཙོ་བྱས་ནས། བརྗོད་བྱ་འཚོ་བར་ཉེ་ཞིང་དགོངས་འདུན་དམིགས་སུ་གསལ་བ། ཚིག་སྦྱོར་སྙན་ཞིང་འཇེབས་པ་འདི་དག་གཅིག་ན་རྩོམ་རིག་གི་མང་ཚོགས་རང་བཞིན་དང་མི་རིགས་རང་བཞིན་ལ་བཀུར་གཟོ་བྱེད་པ་དང་། གཉིས་སུ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལས་དམངས་མགུར་གྱི་སྲོལ་རྒྱུན་ཆུ་མགོ་གངས་ལ་ཐུག་པ་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དགོས་པ་སོགས་ལ་དམིགས་པ་ཡིན། ཁོང་གི་ཕལ་སྐད་མགུར་མ་དེ་དག་ལ་ཚིག་གི་གཅོད་མཚམས་དང་ཚེག་ཁྱིམ་དབྱེ་སྟངས།གདངས་དབྱངས་ཀྱི་འགྱུར་ཁུགས་གསལ་བ་དེའང་ཁོ་རང་གཅིག་པུའི་ཁྱད་ཆོས་ཤིག་སྟེ། ཁོང་རང་ཆུང་དུས་ནས་ཨ་མདོའི་གླུ་གཞས་དང་དམངས་ཁྲོད་མགུར་གླུ་སོགས་ཀྱི་གདངས་དབྱངས་དང་ཚིག་སྦྱོར་ལ་གོམས་ལོབས་ཆེ་བའི་སྟབས་ཀྱིས་ཡིན། ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་མགུར་མ་རྣམས་ཀློག་སྐབས་དབྱངས་འགྲོས་ངེས་སྲོལ་ཅན་ཤིན་ཏུ་སྙན་པ་ཤ་སྟག་ཅིག་ཏུ་གྱེར་ནས་འདོན་པ་དང་། “དེ་དུས་བོད་པ་ཚོ་འདི་འདྲ་ཞིག་ཡིན་པ་འདྲ། མགུར་མ་དེ་འདྲ་ཡོང་གི་འདུག དེ་ཚོ་ལ་ཡང་ཁོང་རང་གིས་གླུ་འདྲ་པོ་དེ་འདྲ་བཏང་ནས།དེ་དུས་འདི་འདྲ་ཞིག་བཏང་གི་ཡོད་རྒྱུ་རེད། ཨ་མདོ་ལ་ང་ཚོས་སྦ་གླུ་ཟེར་བ་ཞིག་བཏང་དུས་ཚིགས་བཅད་འདིའི་འགྲོ་སྟངས་བྱས་ན་དེ་འདྲ་རེད་གསུང་གི་འདུག”[9]ཅེས་དབྱངས་ཀྱི་འགྱུར་ཁུག་ལ་བརྟེན་ནས་ཚིག་གི་གཅོད་མཚམས་དང་ཚེག་ཁྱིམ། ཚིག་སྦྱོར་སྡེབ་ལེགས་སོགས་འབྱིན་པའི་དམངས་ཁྲོད་ངག་རྩོམ་གྱི་ཁྱད་ཆོས་དང་གནས་ལུགས་ལ་ངེས་ཤེས་ཟབ་མོ་ཡོད། སཾསྐྲྀཏའི་སྐད་ལས་གོ་དོན་འབྱིན་པ། ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན། ཞེས་དང་།ཙ་ཏུར་མཆེ་ལྡན་གནས་ཆུང་རྒྱལ་པོ་ཡིས། ཞེས་པ། ཡ་མའི་བཤང་གཅི་འཆོར་ལ་ཐེ་ཚོམ་རང་ཅི་ཡོད། ཅེས་པ། པ་ར་མི་ཏ་ལ་སོགས་གསུང་རབ་ཀུན་སྒྲོག་བཞིན། ཞེས་སོགས་དང་། ཡུལ་ཁམས་ཀྱི་མིང་ལས་གོ་དོན་འབྱིན་པ། ཀ་ལི་ཀ་ཏ་བལ་ཡུལ་པེ་ཅིན་དང་། ཁ་བ་ཅན་གྱི་གྲོང་ཁྱེར་ལྷ་ས་སོགས། ཞེས་དང་། ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན། ཞེས་སོགས་དང་། བརྡ་རྙིང་གི་སྐད་ལས་གོ་དོན་འབྱིན་པ། ཀ་ཡེ་ཁོ་བོ་གཞན་དུ་སོང་རྗེས་སུ། ཞེས་དང་། ཝ་མ་ཝུ་ལ་གཞན་དུ་སྐྲོད་དོན་ཅི། ཞེས་དང་། འ་ཅག་རྣམས་ཀྱིས་བལྟས་ན་ཁྱད་ཆེ་ཡང་། ཞེས་དང་། ཝ་སྐྱེས་འདྲ་བའི་བླ་གྲྭ་བྱ་བཏང་ཚོས་ཅི་བྱེད། ཅེས་སོགས་དང་། རྒྱ་སྐད་སོག་སྐད་བཅས་སྐད་རིགས་གཞན་ལས་གོ་དོན་འབྱིན་པ། ཏ་རེན་སྐུ་དྲག་ངོ་བསྟོད་གཏམ་ལ་དགའ།ཞེས་དང་། ཏ་ལེན་ཕྲག་པར་ཁུར་ནས་ཡས་མས་སུ་སོང་ཚེ། ཞེས་སོགས་དང་། དམངས་ཁྲོད་ཁ་སྐད་ལས་གོ་དོན་འབྱིན་པ། ཁ་ནས་ཅི་བཤད་མེད་པའི་ཨ་ཁུ་འགས། ཞེས་དང་། བ་ལང་མཛོ་མོ་བྱ་བྱིའུ་འབའ་འབུ་སོགས། ཞེས་པ། ག་ཡང་གནས་ཆུང་འཕྲིན་ལས་རྒྱལ་པོ་ཡིས། ཞེས་པ། ཅ་དག་བྱེད་པའི་ཆོས་སྐྱོང་ཞིག་ཡོད་ན། ཞེས་པ། ཉ་ཉོག་དེ་ཚོ་སྡོད་དུ་ཅི་ལ་བཅུག ཅེས་པ། ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད། ཞེས་པ། ཡ་གིའི་རྒྱལ་པོས་གཟིགས་ན་ཁྱད་པར་མེད། ཅེས་པ། ག་ལེར་ལོངས་སུ་སྤྱད་ནས་མགུར་དབྱངས་རེ་འཐེན་ནས། ཞེས་པ། ན་རག་ཨ་མཆོད་ཚོ་ལས་བཙན་པོ་ཞིག་སུ་ཡོད། ཅེས་པ། ཨ་ཙི་གཞན་ཚོ་ཚིག་པ་ཟ་ལས་ཆེ། ཞེས་སོགས་དང་། སྣང་བརྙན་རང་བཞིན་གྱི་ཆ་ནས་གོ་དོན་འབྱིན་པ། ཏ་ལའི་འདབ་བཞིན་ཤམ་ཐབས་རྡོག་ག་བརྒྱབ། ཅེས་དང་། ཇ་མར་གོས་དང་པད་ཤག་མཐོང་བའི་ཚེ། ཉ་བ་རྒན་པོའི་སེམས་དང་ཁྱད་མི་འདུག ཅེས་པ། ཆ་རྒྱུས་ཡོད་མེད་ས་ཆ་ཀུན་འགྲིམས་ནས། ཇ་ཆང་སྐམ་ལུག་སོགས་ཀྱི་ཚོང་བྱེད་པ། ཞེས་སོགས་དམངས་ཁྲོད་ཁ་སྐད་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་མ་ལུས་མངོན་སུམ་གྱི་སྣང་བརྙན་བཞིན་བློ་ངོར་འཆར་ནུས་པར་བརྗོད་པ་ཡིན།
དགེ་འདུན་ཆོས་འཕེལ་གྱི་ལྗགས་རྩོམ་སྤྱི་དང་ཁྱད་པར་དུ་སྙན་ངག་སྒྱུ་རྩལ་གྱི་བླང་བྱ་ལ་མཛེས་དཔྱོད་ཁྱད་ཆོས་གཙོ་བོ་ཕྱོགས་ལྔ་ནས་ཆེ་བ་འདོན་དགོས་ཏེ། དེ་ཡང་ཐོག་མ་སྐད་བརྡའི་ཆ་ནས་བལྟས་ན་གོ་བདེ་བ་ཐུན་མོང་སྤྱི་སྐད་དང་ཕལ་སྐད་ཀྱིས་བརྩམས་པ་དང་། རྒྱན་སྦྱོར་སྟངས་ཀྱི་ཆ་ནས་བལྟས་ན་རང་བཞིན་བརྗོད་པའི་རྒྱན་གཙོ་ཆེ་ཞིང་རྒྱན་གཞན་གྱིས་ཀྱང་ཟུར་ཅུང་ཙམ་སྤྲས་པ། ནང་དོན་གྱི་ཆ་ནས་བལྟས་ན་ཀུན་གྱིས་དོ་ཁུར་བྱེད་པའི་བརྗོད་བྱའི་དོན་གྱི་གནད་ཟིན་པ། བསམ་བློའི་ཆ་ནས་བལྟས་ན་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་མཐིལ་བརྟོལ་བར་གཟིགས་པ། རྣམ་འགྱུར་གྱི་ཆ་ནས་བལྟས་ན་རྫུན་ཟོལ་མ་འདྲེས་པའི་བརྩེ་དུང་རྣལ་མ་དང་དྭངས་མ་སྲོང་པོར་བརྗོད་པ་བཅས་ཡིན། དཔེར་ན་ཁོང་གི་སྙན་ངག་ཐོར་བུ་དང་ངལ་གསོའི་ཚིགས་སུ་བཅད་པའི་སྙན་ངག་ཆུང་ངུ་རྣམས་ལས། མཁས་པས་རྒྱལ་ཁམས་འགྲིམ་སྟེ་བསགས་བྱས་པའི། །དབུལ་བོའི་གཅེས་ནོར་ས་ལ་བཀྲམ་པ་འདི། །སྙན་ནས་སྙན་དུ་ཤུབ་བུར་བརྒྱུད་པ་ཡི། །ཕྱུག་པོའི་གསེར་ཆོས་དག་གི་དོ་ཟླ་མིན། །ཞེས་དང་། གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས། །རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས། །སྤྲང་པོའི་མི་ཚེ་ལྕགས་རྨྱུག་ལྷན་ཅིག་ཏུ། །རྫོགས་པ་འདིས་ནི་བདག་གི་སྣང་བ་སྐྱོ། །ཞེས་དང་། རྒྱུ་མཚན་མེད་པར་བརྗོད་ན་ཡིད་ཆེས་ཤིང་། །རྒྱུ་མཚན་བཙལ་ཏེ་སྨྲས་ན་བརྙས་བྱེད་པ། །སྐྱེ་བོ་རྨོངས་པའི་སེམས་ཀྱི་གཤིས་ལུགས་འདི། །ཚད་མས་འཇུག་པ་ཀུན་ལས་འདས་པ་ལགས། །ཞེས་དང་། མཐོ་རིས་ཐར་བའི་དངོས་རྒྱུ་མི་བྱེད་ཅིང་། །གསེར་དང་དངུལ་གྱི་འདུ་སྒོ་མི་ཡོང་བའི། །བར་མ་དོ་རུ་གནས་པའི་གནད་འདི་དག །ཀུན་ཀྱིས་བོར་ཀྱང་ཁོ་བོས་ཞིབ་ཏུ་དཔྱད། ཅེེས་དང་། རང་སྡེ་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ། །ཅེས་པའི་སྙན་ངག་ཕལ་མོ་ཆེ་རྣམས་ལས། གོ་བདེ་ཞིང་བརྗོད་སླ་བའི་ཐུན་མོང་ཕལ་སྐད་དེ་སྙན་ངག་ཏུ་འཇུག་ཐུབ་པ་དང་། སྤྱིར་བཏང་བའི་ཕལ་སྐད་ཚིག་སྦྱོར་ལས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་སྣང་བརྙན་མངོན་གསལ་དུ་འདོན་ཐུབ་པ་དེ་ནི་མཁས་དབང་འདིའི་སྙན་ངག་གི་ཁྱད་ཆོས་གལ་ཆེན་ཞིག་ཡིན། དེ་བས་གཅིག་ན་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་རྣམས་དངོས་བསྟན་གྱི་ཆ་ནས་མཁས་བླུན་བར་མ་ཀུན་གྱིས་ཚེགས་མེད་དུ་རྟོགས་ཐུབ། དེ་ནི་དུས་རབས་དེ་དག་ཏུ་སྙན་ངག་ལ་མཁས་རྟགས་སུ“ཁ་དམ་པ”བྱ་བ་འཁྱོག་བརྗོད་ཀྱི་ལམ་ནས་གོ་དཀའ་བར་བྲིས་ནས་ལྐོག་གྱུར་དང་ཟབ་མོར་རློམ་པའི་བློ་ཡི་འཁྱེར་ཕྱོགས་དང་སོ་སོ་སྟེ། ཁོང་གིས་ནི“རྩོམ་རབ་ལན་གཅིག་གིས་གོ”ཟེར་བའི་ལྟ་བ་གཅེས་སུ་བཟུང་ནས། བརྗོད་ཡུལ་མང་ཚོགས་དང་ཁད་ཉེ་ཞིང་རྣ་བས་ཐོས་མུར་དོན་རྟོགས་པ་དེ་སྙན་ངག་གི་ཁྱད་ཆོས་སུ་མཐོང་ཡོད། གཉིས་སུ་ཤིན་ཏུ་རྒྱུགས་ཆེ་བའི་དམངས་ཁྲོད་ཀྱི་གླུ་མགུར་སོགས་དང་། རྒྱན་རྣམས་ལས་ཆེས་བབ་ཆགས་པ་རང་བཞིན་བརྗོད་པའི་རྒྱན་དང་། རྒྱན་ཀུན་གྱི་མ་རྒྱན་ལྟ་བུར་གྱུར་པའི་དཔེ་རྒྱན་དང་། དེ་ལས་འཕྲོས་པའི་གཟུགས་རྒྱན་གཉིས་གཙོ་བོར་སྤྱད་པ་དང་། སྦྱོར་བའི་གནས་སྐབས་སུའང་དཔེ་དང་དཔེ་ཅན་གྱི་ངོ་བོ་གཉིས་ཤིན་ཏུ་མཚུངས་ཆོས་མཐུན་པས་སྒྱུ་རྩལ་སྣང་བརྙན་རྣམས་ཀློག་པ་པོའི་ཡིད་ཀྱི་མེ་ལོང་ངོར་གསལ་པོར་འགོད་ཐུབ། གསུམ་ན་བསྟོད་ཡུལ་དང་བསྔགས་ཡུལ་མིན་པར་མི་བསྟོད་པ་དང་། བསྟོད་རིན་དང་བསྔགས་རིན་མེད་པར་མི་བསྔགས་པ། སྨད་འཚོང་འཕྱོར་མོའི་ཁ་ཡག་ལྟ་བུའི་རྫུན་ཟོལ་ཅོལ་ཆུང་དང་ཡོངས་སུ་བྲལ་ནས། སྤྱི་ཚོགས་དང་མི་རིགས་ཀྱི་འཚོ་གནས་དང་ལས་དབང་གི་བརྗོད་བྱ་རླབས་ཆེ་བ་ལ་དོ་ཁུར་གྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་འཛིན་པ། བཞི་ན་མ་རྟོགས་དང་ལོག་རྟོག ལྟ་བ་ཕྱོགས་རིས་པ་སོགས་ཀྱིས་མ་ལྷད་པར། སྤྱི་ཚོགས་དང་མི་རིགས་ཀྱི་ལོག་ཤེས་དང་རྨོངས་ཤེས། གཤིས་ངན་དང་སྤྱོད་ངན་རྣམས་གསལ་པོར་གཟིགས་ཤིང་སུན་འབྱིན་བྱེད་ཕོད་པ། ལྔ་ན་རང་གི་ལངས་ཕྱོགས་རྡོ་རྗེ་ཀ་བ་བཞིན་བརྟན་པོར་བསྒྲེངས་ཤིང་ལྟ་བ་རྗེན་པར་འདོན་ནུས་པ། སྲིད་ཀྱི་བཙན་ཤུགས་དང་ཆོས་ཀྱི་སྙན་གྲགས་ཅན། བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་བཅས་ལ་མི་སྐྲག་པ། ཆུ་བོ་ཐུར་རྒྱུགས་དང་ཁྱི་རྒྱག་གནམ་གྱི་སྐར་མར་ཟུག་པ་ལྟར་གཞན་རྗེས་མི་འབྲང་བར། རང་གི་ལྟ་བ་སྲོང་པོ་དང་བརྩེ་དུང་རྣལ་མ་རྣམས་སྦ་གསང་མེད་པར་བརྗོད་པའི་སྙིང་སྟོབས་དང་སྤོབས་པས་བརྟས་པ་དེ་ཡིན། ཁོང་གི་སྙན་ངག་རྣམས་ཀྱི་ཤུགས་བསྟན་ལས་དམ་པ་འདི་ཉིད་ཀྱི་མི་གཤིས་དྭངས་མ་དང་གཙང་མ། འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མས་མ་སྦགས་པ་བྱིས་པ་རློན་ནུའི་ལྷན་སྐྱེས་ཀྱི་སེམས་ཁམས་ལྟ་བུ་ཞིག་མཐོང་ཐུབ།
ལྔ་པ། དགེ་འདུན་ཆོས་འཕེལ་གྱི《སྙན་ངག་མེ་ལོང》གི་གོ་དོན་དང“སྙན་དངགས”ཀྱི་ཁྱད་པར་འབྱེད་སྟངས།
དགེ་འདུན་ཆོས་འཕེལ་གྱིས་རང་གི་བུ་སློབ་རྣམས་ལ་སྙན་ངག་སློབ་ཁྲིད་དང་སྙན་ངག་སྐབས་ཀྱི་གླེང་མོལ་བྱེད་སྐབས་ཐེངས་གཅིག་མ་ཡིན་པར“སྙན་ངག”དང“སྙན་དངགས”ཞེས་པའི་ཐ་སྙད་གཉིས་ཀྱི་གོ་དོན་དང་ཁྱད་པར་འགྲེལ་བཤད་བྱས་ཤིང་། རང་རྩོམ་ལས་ཀྱང་སློབ་དཔོན་དཎྜིའི《སྙན་ངག་མེ་ལོང》དང་མཁས་དབང་གཞན་གྱི་རྩ་འགྲེལ་ཡང་འགྲེལ་རྣམས་ལ“སྙན་ངག”ཅེས་པའི་ཐ་སྙད་སྦྱོར་བ་དང་། རང་གིས་བྲིས་པའམ་གཞན་གྱིས་བྲིས་པའི་ཚིགས་སུ་བཅད་པའི་བརྩམས་ཆོས་མཐའ་དག་ལ“སྙན་དངགས”ཞེས་པའི་ཐ་སྙད་སྦྱར་ཡོད། དཔེར་ན《རྒྱ་གར་གྱི་ཡུལ་སྤྱིའི་ཆགས་ཚུལ་དང་མིང་བཏགས་ཚུལ》ཞེས་པའི་ལྷུག་རྩོམ་ལས་ཧི་མ་ལ་ཡའི་སྤྲིན་གྱི་རྒྱ་མཚོའི་མཛེས་ཁྱད་བརྗོད་སྐབས།“ལར་རྒྱ་གར་ཕྱོགས་ཀྱི་རི་ལྗོན་ཉམས་དགའ་བ་འདི་དག་མཐོང་བ་ཙམ་གྱིས་ཀྱང་རྣམ་པ་སྣ་ཚོགས་པའི་སྣང་བ་དག་སེམས་ལ་སྦྱིན་པར་བྱེད་པས། ཕྱོགས་འདི་ལ་རོ་ཉམས་བརྒྱ་དང་ལྡན་པའི་དབྱངས་ཀྱི་མགྲིན་པ་མཛེས་པའི་སྙན་དངགས་ཆེན་པོ་དག་ཟམ་མ་ཆད་དུ་བྱུང་བ་ཡིན་ནོ་ཞེས་ཀྱང་གྲགས་སོ། །”ཞེས་ཚིགས་བཅད་བསྟན་བཅོས་ཀྱི་སྐབས་སུ་ཐ་སྙད་འདི་འབའ་ཞིག་སྦྱར་ཡོད་པ་ཡིན་ལ། གཞུང་ལུགས་ཀྱི་བསྟན་བཅོས་སྐབས་སུ“སྙན་ངག”དང་། ཚིགས་བཅད་བསྟན་བཅོས་སྐབས་སུ“སྙན་དངགས”ཞེས་པའི་ཐ་སྙད་གྱི་དབྱེ་བ་ཕྱེས་ཡོད་པ་ཡིན།
དེས་ན་གཞུང་ལུགས་བསྟན་བཅོས་སྐབས་སུ“སྙན་ངག”དང་། ཚིགས་བཅད་བསྟན་བཅོས་སྐབས་སུ“སྙན་དངགས”ཞེས་པའི་དབྱེ་བ་འབྱེད་དགོས་པའི་རྒྱུ་མཚན་དང་གཞི་འཛིན་ས་གང་ཡིན་ཟེར་ན། སྤྱིར་བཏང་དུ་འཛམ་གླིང་ཁོར་མོ་ཡུག་ཏུ་རྩོམ་རིག་གི་རྩོམ་ལུས་དང་བརྩམས་ཆོས་བྱུང་བའི་ཆེས་ཐོག་མ་དང་། ཁྱབ་ཆེ་བ། རྩོམ་སླ་བ། ཀུན་གྱི་ཁ་ན་རླུང་ལྟར་གྲགས་པ་དེ་ཚིགས་སུ་བཅད་པའི་སྙན་ངག་འདི་ཡིན་ལ། རྩོམ་ལུས་དེ་ལ་སྙན་ངག་ཏུ་འབོད་པ་དང་། དེའང་ད་ལྟའི“རྩོམ་རིག”ཅེས་པའི་དོད་དུ་ཡིན་ལ། དེ་རྩོམ་པའི་གཞུང་ལུགས་མཐའ་དག་ལའང་སྙན་ངག་གི་གཞུང་དུ་འབོད་པའི་སྲོལ་ལུགས་བྱུང་ཞིང་། ཕྱིས་སུ་རིམ་བཞིན་ཟློས་གར་དང་རྣམ་ཐར། ཡུལ་བསྐོར་མཐོང་ཐོས་དང་གནས་བཤད་བྲིས་པའི་ལྷུག་རྩོམ། དཔའ་བོའི་སྙན་རྩོམ་རིང་མོ་སོགས་རྩོམ་ལུས་སྣ་ཚོགས་བྱུང་བ་ན་རྩོམ་ལུས་སྣ་ཚོགས་ཀྱི་རྩོམ་ལུས་སྤྱི་ལ་སྙན་ངག་དང་། དེ་དག་གི་གཞུང་ལ་སྙན་ངག་གི་གཞུང་ལུགས་ཀྱི་ཐ་སྙད་སྦྱོར་ལུགས་བྱུང་། ཐ་སྙད་དེ་ལྟར་སྦྱོར་ལུགས་འཛམ་གླིང་ལ་དུས་རབས་དཀྱིལ་མའི་ཡར་སྔོན་དུ་བྱུང་ལ། རང་རེའི་བོད་ལ་དེང་རབས་བར་དུ་རྩོམ་རིག་སྤྱི་ལ་སྙན་ངག་ཏུ་འབོད། དེ་ཡང་ཕྱི་གླིང་གི་རྩོམ་རིག་རིག་གནས་དར་སྔ་བའི་གནའ་བོའི་ཀུ་རུ་སེ་དང་རོ་མན། རྒྱ་གར་འཕགས་པའི་ཡུལ་ཚང་མ་གནས་ཚུལ་ཀུན་ནས་འདྲ་སྟེ། དཔེར་ན་སྤྱི་ལོ་མ་ཚུགས་པའི་ཡར་སྔོན་གྱི་ཨ་རེད་སི་ཏོ་ཏིའི 《སྙན་ངག་གི་གཞུང་ལུགས》(亚里斯多德. 诗学)ལས་ཟློས་གར་གྱི་སྒྲིག་གཞི་དང་བྱུང་རིམ། སྐད་ཆའི་སྒྱུ་རྩལ་སོགས་གཙོ་བོར་བཟུང་ནས་རྩོམ་རིག་སྤྱིའི་རིགས་པའི་གཞུང་ལུགས་སྟོན་པ་ཡིན་ལ། རྩོམ་ལུས་དང་གཞུང་ལུགས་དེ་དག་མི་རིགས་ཀྱི་སྲོལ་རྒྱུན་རྩོམ་རིག་གི་བྱུང་འཕེལ་ལོ་རྒྱུས་ཆོས་ཉིད་དང་མཐུན་པ་ཡིན། སྤྱི་ལོ་མ་ཚུགས་ཡར་སྔོན་གྱི་ཧུ་ར་སིའི《སྙན་ངག་གི་སྒྱུ་རྩལ》(贺拉斯.诗艺)བྱ་བའི་གཞུང་ལུགས་དེའང་ཟློས་གར་རྩོམ་ལུས་གཙོ་བྱས་པའི་རྣམ་ཐར་དང་སྙན་ངག་སོགས་རྩོམ་ལུས་ཐུན་མོང་ལ་ཁེབས་པའི་རྩོམ་རིག་སྤྱིའི་རིགས་པའི་གཞུང་ལུགས་སྟོན་པ་ཡིན་ལ། རང་རེའི་བོད་ལ་འབྲེལ་འདྲིས་ཤིན་ཏུ་ཆེ་བའི་སློབ་དཔོན་དཎྜིའི《སྙན་ངག་མེ་ལོང》 ( 檀丁. 诗镜)ཟེར་བའི་གཞུང་ལུགས་འདི་ཡང་རྩོམ་ལུས་གང་དག་ལ་ཁྱབ་པ་སྟོན་པའི་སྐབས་སུ། དེ་ཡང་ཚིགས་བཅད་ལྷུག་པ་དང་།། སྤེལ་མ་རྣམ་གསུམ་ཉིད་དུ་གནས།། ཞེས“ཚིགས་བཅད”དང“སྤེལ་མ”རྩོམ་ལུས་གཉིས་དང་། “ལྷུག་པ”ཞེས་པའི་ནང་དུ་རྣམ་ཐར་དང་སྒྲུང་གཏམ། ཡུལ་བསྐོར་མཐོང་ཐོས་དང་གནས་བཤད་ལྷུག་རྩོམ། ལོ་རྒྱུས་ཟིན་བྲིས་དང་དམངས་སྲོལ་རིག་གནས་ཐོ་འགོད། རིག་གཞུང་ཆེད་རྩོམ་དང་དཔྱད་རྩོམ་སོགས་ཀྱང་འདུས་པས། དུས་རབས་དཀྱིལ་མ་ཡན་ཆད་ཀྱི“སྙན་ངག”བྱ་བ་རྩོམ་རིག་སྤྱིའི་གོ་དོན་དང་། “སྙན་ངག་གཞུང་ལུགས”བྱ་བ་རྩོམ་རིག་སྤྱིའི་གཞུང་ལུགས་གི་གོ་དོན་ཡིན་པ་བདེན་མི་བདེན་རིགས་པས་དཔྱད་ན་ཤེས། རང་རེའི་བོད་ལ་དེང་རབས་དང་ཉེ་རབས་ཀྱི་དབང་དུ་བཏང་ནའང“སྙན་ངག”བྱ་བའི་ཐ་སྙད་ལས“རྩོམ་རིག”བྱ་བའི་ཐ་སྙད་སྙན་ངག་གི་གཞུང་གང་དུའང་འབྱུང་མི་སྲིད་ལ། དེའི་དོད་དུ“སྙན་ངག་གི་ལམ”ཞེས་སུ་བརྗོད་པ་མང་། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་གླིང་གེ་སར་རྒྱལ་པོའི་སྒྲུང་དེ་ལོ་རྒྱུས་དང་རྩོམ་རིག་གང་གི་ཆར་གཏོགས་པའི་དབྱེ་བ་བརྗོད་སྐབས། “རྩོམ་རིག”གི་གོ་དོན་སྤྱི་ལ“རབ་རྟོག་དང་སྒྲོ་བཏགས། སྙན་ངག”ཅེས་པའི་ཐ་སྙད་ཀྱིས་གོ་བརྡ་སྤྲད་པ་ཡིན། ཐུན་མོང་རིག་གནས་སྐོར་གྱི་དྲི་བ་དྲིས་ལན་ལས། “གེ་སར་གྱི་ལོ་རྒྱུས་ནི་དཔེར་ན་རྒྱ་ནག་གི་ཧྭ་ཤང་ཐང་སེང་བླ་མའི་རྣམ་ཐར་དངོས་ནི་གཞན་ན་མཆིས་ཀྱང་། དེང་སང་འཇམ་དབྱངས་གོང་མ་ཆེན་མོའི་མདུན་ས་ཚུན་ཆད་དུ་གཞན་ལོ་རྒྱུས་སྣ་ཚོགས་ཟློས་གར་དུ་བྱེད་པ་དང་མུ་སྟེགས་རིག་བྱེད་པའི་གཏམ་རྒྱུད་སྣ་ཚོགས་ལྟར་དུ། གེ་སར་གྱི་སྒྲུང་ཡང་སྒྲོ་བཏགས་སམ་སྙན་ཚིག་གི་ཚུལ་ལམ་གང་ལྟར་སྣ་ཚོགས་སུ་སྨྲ་ནའང་།...ད་ལྟ་རྒྱ་བོད་ཧོར་ཡུལ་ཀུན་ཏུ་གེ་སར་རྒྱལ་པོའི་སྒྲུང་ཞེས་སྙན་ངག་གི་རབ་རྟོག་སོགས་ཀྱི་ལམ་ནས་དྲངས་སམ།གང་ལྟར་ཡང་མི་ཕལ་བ་ཞིག་ཡིན་ལ་ཁད་ལ་དེ་མིན་འདྲ་སྤྲུལ་བ་སྣ་ཚོགས་བྱས་འགྲན་མང་དུ་བཤད་པ་ལ་ཡིད་རྟོན་དཀའ་ལ། ཞེས་རྟོག་བཏགས་དང་རབ་རྟོག། བློ་བཟོའི་སྒྱུ་རྩལ་ལས་བསྐྲུན་པའི་རྩོམ་རིག་གསར་རྩོམ་གྱི་རིགས་ལ“རབ་རྟོག་དང་སྒྲོ་བཏགས། སྙན་ངག”ཞེས་པའི་ཐ་སྙད་ཀྱིས་གོ་བརྡ་སྤྲད་པ་ཡིན།དེ་བཞིན་དགེ་འདུན་ཆོས་འཕེལ་གྱིས་ཀྱང་རྩོམ་རིག་གཞུང་ལུགས་ཀྱི་བསྟན་བཅོས་སྐབས་སུ“སྙན་ངག“དང་། ཚིགས་བཅད་བསྟན་བཅོས་སྐབས་སུ“སྙན་དངགས”ཞེས་པའི་ཐ་སྙད་གྱི་དབྱེ་བ་ཕྱེས་ཡོད་དེ། དེང་སང་མང་ཆེ་བས་སྙན་ངག་འཁྲིད་པ་ཟེར་བ་རྩོམ་རྒྱག་རྒྱུའི་ལག་ཆ་ཞིག་ལ་ངོས་འཛིན་བྱེད་བགྱི་འདུག་ཀྱང་། དེ་འདྲ་ག་ལ་ཡིན། ཡང་མང་པོ་ཞིག་གི་སེམས་ལ་ནི་སྙན་ངག་ཟེར་བ་ཚིགས་བཅད་རྐྱང་པ་འབྲི་སྟངས་ཞིག་རེད་བསམས་པ་བྱེད་རྒྱུ་འདུག་པ་དེ་ཡང་ནོར་འཁྲུལ་རེད[10]ཅེས་བྱུང་། དགེ་འདུན་ཆོས་འཕེལ་ལགས་ཀྱིས་གླེང་མོའི་ཁྲོད་དུ་ཐེངས་གཅིག་མ་ཡིན་པར་དཎྜིའི《སྙན་ངག་མེ་ལོང》འདི་རྩོམ་རིག་སྤྱི་ལ་འཇུག་པའི་གཞུང་ལུགས་ཀྱི་སྒོ་མོ་ལྟ་བུ་ཡིན་པ་དང་། ཚིགས་སུ་བཅད་པ་འབའ་ཞིག་གི་གཞུང་ལུགས་ཀྱི་གོ་ཆོད་པར་བྱས་ན《སྙན་ངག་མེ་ལོང》གི་ནུས་པ་ཇེ་ཆུང་དུ་བཏང་བ་ཡིན་པའི་འདོད་ཚུལ་བཏོན། གོང་གསལ་གྱི་ཚིག་སྒྲོས་ལས་ཀྱང“རྩོམ་རྒྱབ་རྒྱུའི་ལག་ཆ་ཞིག་ལ་ངོས་འཛིན་བྱེད་པ”ཟེར་བའང་རང་རེའི་སྲོལ་རྒྱུན་གྱི་ཚིགས་སུ་བཅད་པ་འབྲི་བའི་མཚན་ཉིད་གཅིག་པུ་ལ་མི་སེམས་པར་རྩོམ་རིག་རིག་པ་སྤྱིའི་གཞུང་ལུགས་ཀྱི་ལྟ་བའི་སྟེང་ནས་ལུས་བཅད་ལྷུག་སྤེལ་མ་ལས་བསྡུས་པའི་རྩོམ་ལུས་སྤྱི་མཐུན་གྱི་རིག་པའི་གཞུང་ལུགས་ཀྱི་ནུས་པ་འདོན་པར་དམིགས་ནས་གསུངས་པ་ཡིན། །
ཟུར་བལྟའི་དཔྱད་གཞི།
[1][7][10] ཐུབ་བསྟན་ཆོས་དར། དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས། རྒྱ་གར་ཕྱག་བྲིས་མ། 20.19.19.
[2][5] དགེ་ཆོས་ཞིབ་འཇུག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010: 13.33.
[3][4][6] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་དང་པོ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 1990:152.281.43.
[8][9] དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ། མི་རིགས་དཔེ་སྐྲུན་ཁང་། 2006: 84.96.