ཚུལ་ཁྲིམས་བཟང་པོས་སྒྲིག་བསྒྱུར་བྱས།
མགོ་ལྤགས་སུ་སྣུམ་མང་བ།
མགོ་ལ་གློ་ཤུ་མང་བའི་རྒྱུ་རྐྱེན་གཙོ་བོ་ནི་མ་ལ་སེ་སྲིན་ནད་ཅེས་པའི་འཁྲི་སྐྱེས་སྲིན་འབུ་ཞིག་ཡོད་ལ། འདི་ནི་མི་ལུས་ཀྱི་པགས་པའི་ཐོག་འཁྲི་སྐྱེས་ཐུབ་པའི་སྲིན་འབུ་ཞིག་ཡིན་པ་དང་། པགས་པའི་ཚིལ་ལ་བརྟེན་བཞིན་ཡོད་ཅིང་། སྐྱེ་འཕེལ་ཚད་ལས་བརྒལ་ན་མགོའི་གློ་ཤུ་རུ་གྲུབ་པས། མགོ་ལྤགས་སུ་སྣུམ་མང་བའི་མི་ལ་གློ་ཤུ་འབྱུང་སླ།
སེམས་འཚབ་དང་སེམས་ཁྲལ་ཆེ་བ།
མགོ་ལ་གློ་ཤུ་འབྱུང་བྱེད་ཀྱི་རྒྱུ་རྐྱེན་མང་པོ་ཞིག་ཡོད་པ་ལས། མང་ཤོས་ཤིག་ནི་རང་གི་འཚོ་བའི་གནོད་ཤུགས་ཇེ་ཆེ་དང་སྤྱི་ཚོགས་འཚོ་བའི་འགྲོས་ཚད་ཇེ་མགྱོགས་སོང་བ་སོགས་དང་འབྲེལ་བ་ཡོད་ལ། མིའི་ལུས་ཕུང་ནི་རྙོག་འཛིང་ཆེ་བའི་སྐྱེ་ལྡན་དངོས་པོ་ཞིག་ཡིན་པ་དང་། སེམས་འཚབ་པ་དང་སེམས་ཁྲལ་བྱས་ན་མིའི་ལུས་ཕུང་ལ་གནོད་པ་ཐེབས་ནས་མགོ་ལྤགས་ཀྱི་བདེ་ཐང་ལའང་ཤུགས་རྐྱེན་ཐེབས་སྲིད། གལ་སྲིད་སེམས་ལྷོད་མོ་དང་སེམས་བདེ་མོ་ཡོང་དགོས་ན་ནམ་རྒྱུན་ཡོ་གའི་རིགས་ཀྱི་ལུས་སྦྱོང་བྱེད་ནས་སེམས་ཀྱི་ངལ་དུབ་འགོག་པ་དང་། རང་གི་སེམས་ཁམས་དེ་བརྟན་བརླིང་དང་སོས་དལ་ཞིག་བྱ་བར་འབད་དགོས།
གཉིད་ཡུན་མི་འདང་བ།
གཉིད་ཡུན་འདང་ན་ཤ་ལྤགས་ནམ་རྒྱུན་རྙིང་ཚབ་གསར་བརྗེ་བྱེད་པ་ལ་ཕན་སྲིད། ད་ལྟའི་ན་གཞོན་ཚོས་མཚན་འདུག་བྱེད་རྒྱུ་ཇེ་ཉུང་གཏང་དགོས་ལ། རབ་ཡིན་ན་དགོང་མོའི་ཆུ་ཚོད་11ཐོག་ཉལ་དགོས། དེ་ལྟར་དུ་གཉིད་འདང་ངེས་ཤིག་བྱུང་ན་མགོ་ལྤགས་ནས་གློ་ཤུ་འབྱུང་བར་འགོག་ཐུབ།
ཁ་ཚ་བཟའ་བ་དང་དུ་ཆང་ལ་རོལ་བ།
ཟ་མ་ཁ་ཚའི་རིགས་བཟའ་བ་དང་ཆང་དང་དུ་བ་ཚད་ལ་བརྒལ་བར་བསྟེན་ཚེ་འཚོ་བཅུད་དངོས་རྫས་བསྡུ་ལེན་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་ལ། ལུས་པོས་རྙིང་ཚབ་གསར་བརྗེ་ལེགས་པོ་བྱ་མི་ཐུབ། དེ་བས་བཟའ་བཏུང་གི་རིགས་ལ་དོ་སྣང་བྱས་ནས་དུས་རྒྱུན་སྤྲི་དཀར་རྫས་སོགས་འདུས་པའི་ཟས་རིགས་ལ་བསྟེན་དགོས་ཤིང་། སྔོ་ཚོད་དང་ཤིང་ཏོག་གི་རིགས། དེ་མིན་སྣུམ་ཉུང་བའི་ཟས་རིགས་ལ་བསྟེན་དགོས།
ལུས་པོ་མི་བདེ་བ།
ལུས་པོ་མི་བདེ་བའི་སྐབས་སུ་མགོ་ལ་གློ་ཤུ་འབྱུང་བའི་གནས་ཚུལ་ཡོད་སྲིད་དེ། དཔེར་ན། ཕོ་ཁ་དང་རྒྱུ་མ་མི་བདེ་བ་དང་འཚོ་བཅུད་ཁོད་སྙོམས་མིན་པ་སོགས་སོ། །
སྐྲ་འཁྲུད་ཆས་མི་འཕྲོད་པ།
མི་ཁ་ཤས་ལ་གནས་ཚུལ་འདི་འདྲ་འབྱུང་སྲིད་དེ། སྐྲ་འཁྲུད་ཆས་གང་རུང་ཞིག་སྤྱོད་སྐབས་མགོ་ལ་གློ་ཤུ་འབྱུང་བ་དང་མགོ་ལ་ཟ་འཕྲུག་ལངས་པ། སྐྲ་འཁྲུད་ཆས་གཞན་ཞིག་བརྗེས་ཚེ་དེ་མ་ཐག་དྲག་འགྲོ་བའི་གནས་ཚུལ་འབྱུང་བཞིན་ཡོད་པས། འདི་ནི་སྐྲ་འཁྲུད་ཆས་གང་རུང་ཞིག་མ་འཕྲོད་པ་ཡིན་སྲིད། དེ་མིན་ད་དུང་སྐྲ་སྣུམ་སོགས་མི་འཕྲོད་ནས་མགོ་ལ་གློ་ཤུ་འབྱུང་སྲིད་དེ། དཔེར་ན་སྐྲ་ཚོས་བསྒྱུར་བ་དང་སྐྲ་ཚུགས་འདུག་བྱེད་བྱུག་པ་སོགས་སོ། །
གཙང་སྦྲ་ཚད་ལ་བརྒལ་བ།
མི་འགའ་རེས། མགོ་ལ་གློ་ཤུ་འབྱུང་དོན་ནི་འཕྲོད་བསྟེན་ལེགས་པོ་མ་བྱས་པའི་རྐྱེན་ཡིན་པ་སེམས་ནས་སྐྲ་འཁྲུད་པ་ཚད་ལས་བརྒལ་བཞིན་ཡོད་པས། དེ་ནི་ནོར་འཁྲུལ་ཡིན། སྐྲ་འཁྲུད་པ་ཚད་ལས་བརྒལ་ན་མགོ་ལྤགས་ངོས་སུ་ཆུའི་འདུས་ཚད་ཇེ་ཉུང་སོང་ནས་གློ་ཤུ་ཇེ་མང་འགྱུར་བའི་ཉེན་ཁ་ཆེ།
པགས་ནད།
པགས་ནད་ནི་མགོ་ལ་གློ་ཤུ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཏེ། རྒྱུན་དུ་མཐོང་བ་ནི་མགོའི་པགས་ཚིལ་གྱི་གཉན་ཚད་དང་དབང་རྩའི་རང་བཞིན་གྱི་པགས་ཚད་སོགས་ཡོད་པས། དུས་ལྟར་སྨན་ཁང་དུ་སོང་ནས་སྨན་བཅོས་བྱ་དགོས།