སློབ་གསོ་པུའུ་དང་སྤྱི་བདེ་ལས་ཁུངས་ཀྱིས་རྒྱུགས་རའི་སྒྲིག་ཁྲིམས་ལ་དམ་འཛིན་ཡག་པོ་བྱས་ནས། ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས་ཞེས་བསྟན་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མཐོ་རྒྱུགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། སློབ་གསོ་པུའུ་དང་སྤྱི་བདེ་ལས་ཁུངས་ཀྱིས་རྒྱུགས་རའི་སྒྲིག་ཁྲིམས་ལ་དམ་འཛིན་ཡག་པོ་བྱས་ནས། ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས་ཞེས་བསྟན་ཡོད།
ད་ལོའི་མཐོ་རྒྱུགས་ཀྱི་སྔ་ནུབ་ཏུ། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་དྲ་བའི་བདེ་འཇགས་སྡེ་ཁག་གིས་ཡིག་རྒྱུགས་ལྐོག་བཤུ་བྱེད་པའི་གྱོད་གཞི་མང་པོ་ཞིག་རྩད་གཅོད་ཐུབ་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་ཉེས་བསགས་ཚོགས་པས་དྲ་སྦྲེལ་བརྒྱུད་ཡིག་རྒྱུགས་ལྐོག་བཤུ་བྱེད་མཁན་བསྡུས་པ་དང་། དངུལ་འབོར་ཆེན་བླངས་ནས་ཡིག་རྒྱུགས་གཏོང་མཁན་སློབ་མར་ཁྲིམས་འགལ་སྒོ་ནས་ཡིག་རྒྱུགས་ལྐོག་བཤུའི་ཞབས་ཞུ་བསྒྲུབས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལོ་འདི་ཤར་ཚུན། ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི30ལྷག་ཙམ་རྩད་ཆོད་པ་དང་། ཉེས་བསགས་དོགས་ཡོད་པ200ལྷག་ཙམ་འཇུ་བཟུང་བྱས་ཡོད།
སྤྱི་བདེ་པུའི་བདེ་འཇགས་བཅོས་སྐྱོང་དོ་དམ་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཀྲང་ཙོ་ལེའང་གིས། ཡིག་རྒྱུགས་མ་བཏང་གོང་། སྤྱི་བདེ་ལས་ཁུངས་ནས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་ཐོག་གཙོ་གནད་ས་ཁུལ་གྱི་འཕྲིན་གཏོང་གློག་རྡུལ་ཐོན་རྫས་ཁྲོམ་ར་དང་། འབྲེལ་ཡོད་གློག་རྡུལ་ཉོ་ཚོང་སྟེགས་བུར་ཆེད་དོན་ཞིབ་བཤེར་བྱས་ཡོད། ཡིག་རྒྱུགས་ལྐོག་བཤུའི་ཡོ་བྱད་བྲིན་འཚོང་མཁན་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་ཆབས་ཅིག དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དྲ་ཐོག་དང་དྲ་འོག་གི་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཡིག་རྒྱུགས་ལྐོག་བཤུ་བྱེད་མཁན་སྒྲིག་འཛུགས་བྱས་པའི་དོགས་ཡོད་པ་སོགས་ཉེས་བསགས་ཁུངས་སྣེ་དུས་ཐོག་ཏུ་ཤེས་རྟོགས་དང་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བ། ཉེས་བསགས་པ་རྣམས་ལ་ཁྲིམས་ཀྱི་ཟིལ་ཤུགས་སྤྲད་དེ། མཐོ་རྒྱུགས་གཞུང་དྲང་དྲང་བདེན་ཡོང་བར་སྲུང་སྐྱོང་ཏན་ཏིག་དང་། མཐོ་རྒྱུགས་བདེ་འཇགས་དང་བདེ་བླག་ཡོང་རྒྱུར་འགན་ལེན་བྱས་ཡོད་ཅེས་བསྟན་ཡོད།
སློབ་གསོ་པུས། ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་མཐོ་རྒྱུགས་ལས་དོན་ལ་གཅིག་གྱུར་ཐོག་དམ་འཛིན་ཡག་པོ་བྱེད་པ། རྒྱ་ཆེའི་ཡིག་རྒྱུགས་གཏོང་མཁན་སློབ་མ་དང་། ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་ལས་དོན་མི་སྣའི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་འགན་སྲུང་ཏན་ཏིག་བྱེད་པ། མཐོ་རྒྱུགས་སྒྲིག་འཛུགས་བརྟན་ལ་བདེ་བླག་ཡོང་རྒྱུར་འགན་ལེན་བྱས་ཡོད་ཅེས་བསྟན་ཡོད།
སློབ་གསོ་པུའི་མཐོ་སློབ་སློབ་མ་སིའི་སི་ཀྲང་ཝང་ཧུའེ་ཡིས། ཚོད་ལྟའི་དྲི་གཞི་དང་ཚོད་རྒྱུགས་ཀྱི་བདེ་སྲུང་བྱ་ཐབས་ཤུགས་ཆེར་བཏང་ནས། ལྷུ་ཚིགས་ཁག་ཚང་མར་ལྟ་སྐུལ་དོ་དམ་ནན་པོ་བྱ་དགོས། རྒྱུགས་རའི་སྒྲིག་ཁྲིམས་ལ་དམ་འཛིན་ནན་པོ་དང་། རྒྱུགས་རར་ཞིབ་བཤེར་དང་ཡིག་རྒྱུགས་གཏོང་སྐབས་ཀྱི་སྐོར་ཞིབ་ཤུགས་ཆེར་གཏོང་བ། སྒྲིག་སྲོལ་ལས་འགལ་བ་དང་གཡོ་སྦྱོར་གྱི་བྱ་སྤྱོད་དུས་ཐོག་ཏུ་བཀག་འགོག་དང་ཐག་གཅོད་བྱེད་པ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཡིག་རྒྱུགས་གཏོང་རོགས་བྱེད་པའི་ཉེས་བསགས་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱ་དགོས་ཞེས་གསུངས་ཡོད།