[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་སྐད་གཉིས་ལོ་ཙཱའི་ཐད་ལ་གནང་བའི་གཞུང་དཔྱད་རྣམས་ཁོལ་དུ་ཕྱུང་ཞིང་ཕན་ཚུན་གུང་བསྒྲིགས་པའི་ཐབས་ལ་བརྟེན་ནས། ཁོང་གིས་ལོ་ཙཱ་བྱ་བའི་ཐད་ལ་བཅངས་པའི་དགོངས་པ་སྤྱི་དང་། གཞན་སྔ་འགྱུར་ལས་བྱུང་བའི་སྐྱོན་རྣམས་བསྟན་པའི་ཞོར་དུ་བྱེ་བྲག་གི་སྒྱུར་ཐབས་འགའ་བཏོན་པ་སོགས་སྤྱི་བསྡོམས་དང་དབྱེ་ཞིབ་བྱས་ཡོད།
[གནད་ཚིག] དགེ་ཆོས། ལོ་ཙཱ། རིགས་ལམ།
དགེ་འདུན་ཆོས་འཕེལ་ལགས་ནི་རིག་པའི་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་དབང་པོ་ཞིག་ཡིན་པར་མ་ཟད། ངེས་པ་དོན་གྱི་སྐད་མང་སྨྲ་བའི་ལོ་ཙཱ་པ་ཆེན་པོ་ཞིག་ཀྱང་རེད། ཁོང་གིས་བོད་དང་རྒྱ་ནག་དབྱིན་ཇི་སོགས་ཀྱི་ཡིག་རིགས་མཁྱེན་ལ། རྒྱ་གར་གྱི་དུས་རབས་སོ་སོ་དང་ཐ་གྲུ་ཀུན་དུ་དར་བའི་ཡིག་རིགས་ཀྱང་མང་པོ་ཞིག་ཐུགས་སུ་ཆུད། སྔ་ཕྱིར་བསྟན་བཅོས་མང་པོ་བོད་དང་རྒྱ་གར་དང་དབྱིན་ཇི་བཅས་ཡིག་རིགས་ཕན་ཚུན་ལ་བསྒྱུར་བའི་འཕྲིན་ལས་བསྐྱངས་ཤིང་། དེ་ལ་ལེགས་སྦྱར་སྐད་ནས་བོད་ཡིག་ཏུ་བསྒྱུར་བའི་གཞུང་ལ《ར་མཱ་ཡ་ཎའི་རྟོགས་བརྗོད》 དང《བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར》 《དཔལ་ནག་པོའི་གླུ་དད་པའི་རྣལ་འབྱོར་ཅེས་བྱ་བའི་ལེའུ་བཅུ་གཉིས་པ》 《ལེགས་ལྡན་ནག་པོའི་གླུ》 《ལས་ཀྱི་རྣལ་འབྱོར》 《དམ་ཚིག་སྒྲོལ་མའི་སྐོར》 《ནག་པོ་སྤྱོད་པས་མཛད་པའི་ཨེ་ཝཾ་གྱི་རྣམ་བཤད་རི་མོ་ཅན》སོགས་མཆིས་ལ། གཞན་བོད་ཀྱི《སྤྱོད་འཇུག་ཆེན་མོ》ཆ་ཚང་དབྱིན་ཡིག་ཏུ་བསྒྱུར། རྒྱ་ནག་གི་ལོ་རྒྱུས་ཐང་ཡིག་དང་སྲིད་སྐྱོང་མེ་ལོང་བྱ་བ་ལས་བོད་ཀྱི་སྐོར་འགའ་ཡང་བོད་དུ་བསྒྱུར་བ་སོགས་མདོར་ན། ཁོང་གི་གསུང་ལས། མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་དུ། །མ་སླེབས་ཕྱི་དལ་ཅན་གྱི་ལོ་ཙཱ་པ། །ལེགས་སྦྱར་བསྟན་བཅོས་དངོས་སུ་ཀློག་པ་ཞིག། །ད་ལྟ་མ་ག་དྷ་ན་མཆིས་སོ་ལོ། །ཞེས་གསུངས་པ་བཞིན་ནོ། །
གཞན་ཡང་ཁོང་ཉིད་ཀྱིས་དུས་སྐབས་སྔ་ཕྱིར་བྱུང་བའི་ལོ་ཙཱ་པ་དག་གིས་བསྒྱུར་བའི《མདོ་ཏིང་ངེ་འཛིན》དང《འོད་སྲུང་གི་ལེའུ》《མདོ་རྒྱ་ཆེར་རོལ་པ》《འཕགས་པ་གླང་པོའི་རྩལ་གྱི་མདོ》སོགས་མདོ་གཞུང་མང་པོ་ཞིག་དང་། གཞན《ཚད་མ་རྣམ་འགྲེལ》དང《ཚད་མ་ཀུན་བཏུས》《རིགས་ཐིགས》《སྤྱོད་འཇུག》《མདོ་སྡེ་རྒྱན》《མངོན་རྟོགས་རྒྱན》《བཞི་བརྒྱ་བ》《རྩ་བ་ཤེས་རབ》《དབུ་མ་འཇུག་པ》《སློབ་སྤྲིངས》《སྐྱེ་རབས་སོ་བཞི་པ》《སྙན་ངག་མེ་ལོང》《མངོན་བརྗོད་འཆི་མེད་མཛོད》སོགས་བསྟན་བཅོས་མང་པོ་རྒྱ་གར་གྱི་མ་དཔེ་དང་ཞིབ་ཏུ་བསྡུར་ནས་འགྱུར་དཔྱད་མཛད་པ་སོགས་ནི་ཉིད་ཀྱི 《གཏམ་རྒྱུད་གསེར་གྱི་ཐང་མ》དང《ལེགས་སྦྱར་བང་མཛོད》སོགས་སུ་ཐོར་བུ་བཀོད་ཡོད་དོ། །མཁས་དབང་འདིའི་འགྱུར་རྩོམ་དང་འགྱུར་དཔྱད་ཀྱི་རིགས་ལ་ཞིབ་ཏུ་བརྟགས་ན་ཁོང་གི་སྐད་གཉིས་སྨྲ་བའི་ལོ་ཙཱའི་སྐོར་གྱི་དགོངས་པ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དུ་འདུག་ལ། འདིར་དེ་དག་ལས་གཙོ་བོ་འགའ་ཕྱོགས་སྡོམ་དང་དབྱེ་ཞིབ་ཙམ་མཛད་ན།
དང་པོ། དོན་ཐོབ་གཙོ་བོར་བསྒྱུར་བའི་ལོ་ཙཱའི་དགོངས་པ།
དེ་ལ་ལོ་ཆེན་དགེ་འདུན་ཆོས་འཕེལ་ལགས་ཀྱིས་སྔ་འགྱུར་རྣམས་ལ་དཔྱད་བརྗོད་མཛད་པ་དང་། ཡང་ན་རང་གིས་བསྒྱུར་པ་གང་ཡིན་ཡང་འབྲུ་རེ་རེ་བཞིན་ཚིག་ཟིན་ལ་བསྒྱུར་པ་དང་། དོན་ཐོབ་གཙོ་བོར་བསྒྱུར་པ་ཞེས་སྒྱུར་ལུགས་ཆེན་པོ་གཉིས་རྩ་དོན་དུ་བཟུང་སྟེ་ལོ་ཙཱའི་བྱ་བ་ཡོངས་ལ་གདེང་འཇོག་དང་སྡོམ་ཚིག་འགོད་པ་སྟེ། སྔ་མ་ལྟར་ན་ཚིག་སྙན་པོ་འོངས་ཀྱང་གོ་དཀའ་བ་དང་ཕྱི་མ་ལྟར་ན་རང་སྐད་ལ་གོ་བདེ་བ་འབྱུང་བར་གསུངས་ཤིང་། བོད་ཀྱི་སྔ་བསྒྱུར་ལོ་ཆེན་རྣམས་ཀྱིས་དོན་ཐོབ་གཙོ་བོར་བསྒྱུར་པ་དང་། ཕྱིས་ཀྱི་ལོ་ཆེན་ཚོས་ཚིག་ཟིན་ལ་བསྒྱུར་པར་བཞེད། དེས་ན་འཆད་རྩོད་རྩོམ་གསུམ་ཞེས་མཁས་པའི་བྱ་བ་རྣམ་གསུམ་གང་ཞིག་ལ་འཇུག་ནའང་གོ་བདེ་ཁ་གསལ་ཡོང་བར་བྱ་བ་ནི་ཉིད་ཀྱི་རྩ་བའི་དགོངས་པ་ཞིག་སྟེ།“བརྩམས་པ་རྣམས་མངོན་བརྗོད་ཀྱིས་མང་པོ་བཅིང་མི་ཉན། དོན་འདུས་ལ་ཁ་གསལ་གོ་བདེ་བ་ཞིག་དགོས། རྩོམ་རབ་ལན་གཅིག་གིས་གོ་ཟེར་བ་ཡིན་མོད། རྩོམ་ཟེར་དུས་ཆགས་ལོའི་བདེ་སྨོན་འདྲ་ཞིག་དགོས་ཨང་།”[1]ཞེས་གསུངས་པ་འདི་ལས་ཀྱང་ཟུར་ཙམ་རྟོགས་ནུས། དེ་བཞིན་དུ་སྐད་གཉིས་ཡིག་སྒྱུར་བྱ་བའང་གོ་བདེ་པོ་ཞིག་འོང་བར་འབད་དགོས་པར་བཞེད་ལ། དེ་ལྟར་འབྱུང་བ་ལ་དོན་ཐོབ་གཙོ་བོར་བསྒྱུར་པའི་རྩ་དོན་ལྟར་བྱ་དགོས། འདི་ནི་ཁོང་གིས་ལོ་ཙཱའི་བྱ་བ་སྤྱི་ཡོངས་ལ་འཆང་བའི་རྩ་བའི་དགོངས་པ་གལ་ཆེན་ཞིག་ལགས་སོ། །
ལོ་ཆེན་འདིས《སློབ་སྤྲིངས》བསྒྱུར་པའི་དཔེ་གཞི་འགའ་དངོས་སུ་དྲངས་ནས་གོང་གི་དོན་ཐོབ་གཙོ་བོར་བསྒྱུར་པ་དང་ཚིག་ཟིན་ལ་བསྒྱུར་པ་ཞེས་པའི་སྒྱུར་ལུགས་ཆེན་པོ་གཉིས་ཕན་ཚུན་ཞིབ་བསྡུར་མཛད་པ་བརྒྱུད་སོ་སོའི་དགེ་སྐྱོན་གསལ་འདོན་བྱས་པའི་སྡོམ་ཚིག་ལ།“དེས་ན་སློབ་སྤྲིངས་ཀྱང་སྔོན་གྱི་འགྱུར་དོན་ཐོབ་གཙོ་བོར་མཛད་པ་དེའི་རིགས་ཡིན་ལ། ཚིག་འདི་འདྲ་ལ་ཕྱིས་ཀྱི་སྲོལ་བཞིན་འབྲུ་དོན་རེ་རེ་ནས་བསྒྱུར་ཏེ་གོ་རིམ་ཅུང་བསྣོལ་ཡང་གོ་ཐུབ་པ་ཙམ་ཞིག་འོང་མཆི་སྟེ།……འདི་ལྟར་བྱས་ཚེ་ཚིག་འབྲུ་རེ་རེ་སྦྱོར་ཐུབ་ཅིང་། སྙན་དངགས་བཟང་དུ་སོང་བ་འདྲ་ཞིག་བྱུང་ཡང་། དོན་ལ་གོ་དཀའ་བ་རུ་བཏང་བ་ལགས”[2]ཞེས་གསུངས། དེ་བཞིན་དུ“མདོ་སྡེ་རྒྱན་འདི་དོན་ཐོབ་གཙོ་བོའི་འགྱུར་ཤིན་ཏུ་གུ་ཡངས་པ་ཞིག་ཡོད་འདྲ་ན་ཡང་བོད་གཞུང་མ་རྙེད་པས་ལེགས་པར་མ་ཤེས།”[3]ཞེས་དང་། “རྣམ་འགྲེལ་དང་དུས་འཁོར་ལྟ་བུའི་གཞུང་བོད་སྐད་ལ་གོ་དཀའ་བ་རྣམས། ལེགས་སྦྱར་གྱི་གཞུང་དང་ཐད་ཀར་སྦྱོར་བདེ་ལ། སྤྱོད་འཇུག་དང་འདུལ་བ་ལུང་ལྟ་བུའི་སྔ་དར་སྐབས་ཀྱི་འགྱུར་བོད་སྐད་ལ་གོ་བདེ་བ་རྣམས་སྐབས་མང་པོར་རྒྱ་སྐད་ལ་སྦྱོར་མི་བདེ་ཡང་དོན་གྱི་གོ་བ་ཇི་ལྟ་བ་བཞིན་འཐོན་པས་ཤིན་ཏུ་ངོ་མཚར།”[4]ཞེས་པ་ལྟ་བུ་སོགས་དང་། ཡང“དེས་ན་རྙིང་མའི་མཁས་པ་འགའ་ཞིག་གི་གསུང་ལས། སྔོན་དུས་ཀྱི་སྤྲུལ་བའི་ལོ་ཆེན་དེ་ཀུན་རྩ་འགྲེལ་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་ནས་གང་བདེར་བསྒྱུར་བས། ཚིག་འཇམ་ལ་དོན་གསལ། ཕྱིས་སུ་ལོ་ཙཱ་པ་བལ་ཡུལ་དུ་དགུན་ཐོག་བསྡད་པ་དག་གིས་འབྲུ་རེ་རེ་ལ་ཞིབ་ཚགས་ཆེ་བ་སྐད་བསྒྱུར་ཏེ། ཚིག་གྱོང་ཞིང་དོན་གྱི་ངོ་བོ་གོ་དཀའ་བར་སོང་ཞེས་བཤད་པ་ཡང་། རྣམ་པ་གཅིག་ཏུ་ན་ཐུགས་མད་པ་ཡིན་སྙམ། འདི་རྣམས་ཞིབ་ཏུ་བརྟགས་ན་འུ་ཅག་གིས་རྒྱ་དཔེ་མ་མཐོང་བཞིན་བོད་ཚིག་ལ་བལྟས་ནས་འདིའི་སྐད་དོད་འདི་འདྲ་ཡིན་ཅེས་མོ་བཏབ་དེ་ཡང་མཐའ་གཅིག་ཏུ་བདེན་པ་མེད་ལ། དེ་ལས་ཀྱང་བོད་གཞུང་ལ་བལྟས་ནས་དེ་རྒྱ་སྐད་དུ་ཕར་བསྒྱུར་བ་སྐད་དུ་བྱ་བ་འདི་ལ་ཤིན་ཏུ་ཡང་ཉེན་ཆེ།”[5]ཞེས་སོགས་གསུངས་པ་འདི་དག་ལས་ཤེས་གསལ་ལྟར་ན། སྒྱུར་ལུགས་སྔ་མ་ལྟར་དོན་ཐོབ་གཙོར་བཟུང་ན་འགྱུར་གུ་ཡངས་པ་དང་ཚིག་འཇམ་པ། དོན་གསལ་ཞིང་གོ་བདེ་བ་སོགས་ཀྱི་དགེ་མཚན་ལྡན་མོད། འགྱུར་ལུགས་དེའི་སྐྱོན་ནི་རྒྱ་སྐད་ལ་ཕར་སྦྱོར་མི་བདེ་བ་སྟེ། རྒྱ་བོད་ཤན་སྦྱར་གྱི་བལྟ་དེབ་འདྲ་པོ་ཞིག་བཟོ་མི་བདེ་ལ། བོད་འགྱུར་རྣམས་སླར་ཡང་ལེགས་སྦྱར་སྐད་དུ་བསྒྱུར་ན་གདོད་མའི་མ་ཡིག་ལྟ་བུ་ཞིག་མི་འབྱུང་། ཕྱི་མ་ཚིག་ཟིན་ལྟར་བསྒྱུར་ན་ལེགས་སྦྱར་གཞུང་དང་ཐད་ཀ་ཐད་ཀར་སྦྱོར་བདེ་བས་བོད་འགྱུར་རྣམས་སླར་ཡང་ལེགས་སྦྱར་ཡི་གེར་བསྒྱུར་དུས་མ་ཡིག་ལྟར་འབྱུང་བདེ་ཞིང་། རྒྱ་བོད་ཤན་སྦྱར་གྱི་བལྟ་དེབ་འདྲ་པོ་བཟོ་བདེ་བ། གཞན་བསྒྱུར་བྱ་གང་གི་རྩོམ་ཉམས་དང་བཅས་པར་བསྟུན་ཅི་ནུས་བྱས་ཡོད་པས་དེ་དག་སོ་ན་བཞག་སྟེ་སྙན་དངགས་བཟང་དུ་སོང་བ་འདྲ་ཞིག་འབྱུང་བ་སོགས་ནི་དེའི་དགེ་མཚན་ཡིན། འགྱུར་ལུགས་དེའི་སྐྱོན་ནི་དོན་གྱི་ངོ་བོ་གོ་དཀའ་བར་བཏང་ཞིང་ཚིག་གྱོང་དུ་འགྲོ་བ་དེའོ། །
སྤྱིར་ན་བོད་ཀྱི་ལོ་ཙཱའི་ལོ་རྒྱུས་འཕེལ་རིམ་སྤྱི་ལ་གཞིགས་ན།བསྟན་པ་སྔ་དར་གྱི་འགྱུར་རྣམས་ནི་སྐབས་དེའི་རྒྱལ་བློན་ལོ་པཎ་རྣམས་ཀྱིས་བཀས་བཅད་པ་སྟེ། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལའང་གར་བདེ་བར་གྱིས་ཤིག་ཅེས་པའི་དགོངས་དོན་ལྟར་མཚོན་དོན་གཙོ་བོར་བྱེད་པའི་སྒྱུར་ལུགས་ཤུགས་ཆེ་བ་དང་། ཕྱིས་སུ་ཆོས་རྗེ་ས་པཎ་གྱི་ལོ་ཙཱའི་དགོངས་པ་དང་དེའི་ཤུགས་རྐྱེན་སོགས་ལ་བརྟེན་ནས་བོད་ཀྱི་ལོ་ཙཱའི་སྡེ་ལ་སྒྲ་དོན་ཡན་ཆད་རྒྱ་གར་ལེགས་སྦྱར་སྐད་ལ་བསྟུན་པའི་སྲོལ་ཞིག་དར་བ་སྟེ། དེ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“ཡར་ཀླུངས་གྲགས་པ་རྒྱལ་མཚན་གྱི་འགྱུར་རྣམས་གོ་དཀའ་བ་ཡང་རྣམ་དབྱེ་རྣམས་ཇི་ལྟ་བ་བཞིན་བསྒྱུར་བས་ཡིན།”[6]ཞེས་གསུངས་པ་དང་། ལོ་ཆེན་བྱང་ཆུབ་རྩེ་མོས་བསྒྱུར་བའི་སྙན་ངག་གི་བསྟན་བཅོས《སྤྲིན་གྱི་ཕོ་ཉ》ཡང་སྒྲ་དོན་བཞིན་བསྒྱུར་པ་ཐལ་དྲགས་པས་ཀུན་གྱིས་གོ་དཀའ་བར་གྲགས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་དབྱངས་ཅན་སྒྲ་མདོའི་རྣམ་དབྱེ་དང་ཚིག་ཟུར་ཡན་ཆད་རྒྱ་གར་དང་མཐུན་པར་ཞུ་དག་བགྱིས་པ་སོགས་ཀྱིས་བོད་འདིར་ཚིག་ཟིན་ལ་བསྒྱུར་བའི་ལུགས་ཤིག་ཀྱང་རིམ་གྱིས་དར་བ་མཚོན་ནོ། །
དེས་ན་ལོ་ཆེན་དགེ་འདུན་ཆོས་འཕེལ་ལགས་ནི་སྒྱུར་ལུགས་དེ་གཉིས་ལས་སྔ་མའི་དོན་ཐོབ་གཙོ་བོར་བསྒྱུར་པ་དེར་མཉེས་པོ་ཡོད་དེ། ཁོང་གི་ཞལ་ནས།”སྤྱིར་བོད་ལ་འགྱུར་སྔ་ཕྱི་གཉིས་ལ་ཁྱད་པར་བསམ་གྱིས་མི་ཁྱབ། སྔ་བཻ་རོ། ཀ་ཅོག་སོགས་ཀྱིས་བསྒྱུར་བའི་རྒྱ་དཔེ་རེ་གཉིས་མཇལ་བས་ཤིན་ཏུ་ཡ་མཚན། ཆེན་པོ་ཕར་ཞོག འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ།ཞེས་པའི་ཚིགས་བཅད་འདིའི་རྒྱ་དཔེ་ཞིག་མཐོང་བས་དེའི་ནང་བོད་སྐད་ཚིགས་བཅད་འདི་བཻ་རོས་ག་འདྲས་བཏོན་པ་ཡིན་ནམ་སྙམ་ང་ནི་ཧ་ལས་གསུངས་ཕྱག་ཐལ་མོ་སྦྱར། ཚུལ་མདོའི་མཆོད་བརྗོད་འདིའི་རྒྱ་དཔེ་ལ།(རཏྣ་ཀོ་ཥ)ཡོད་པ་ཐག་ཆོད། དེས་ན་རིན་ཆེན་མཛོད་མཉེས་པ་མི་ཟེར་བར། དཀོན་མཆོག་མཛོད་ཅིའི་ཕྱིར་ཟེར། ནོར་བུ་དང་ཆོས་མཚུངས་རྟག་པར་སྦྱར་ག་ལ་དགོས། འདི་ནི་རི་བོང་གི་མཆོངས་སྟངས་ཡིན་པ་འདྲ་གསུངས་ནས་བཞད་ཆ་མཛད།”[7]ཅེས་པ་སོགས་བོད་ཀྱི་སྔ་འགྱུར་དེ་དག་གོ་བདེ་བར་བྱུང་བ་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་། སྒྲ་དོན་བཞིན་གཙོ་བོར་བསྒྱུར་ནས་གོ་དཀའ་བར་གྱུར་པ་ལ་དགག་གཞག་མཛད་པ་སྟེ།“ལོག་པའི་ཉེར་བསྒྱུར་རེ་རེ་ལ་ཞིབ་ཚགས་བྱས་ཏེ་དཔང་ལོ་ལྟ་བུའི་མཁས་པ་དག་གིས་བསྒྱུར་བའང་བཅོས་འདུག་པ་ནི་ཤིན་ཏུ་ཡང་མི་འཚམ་པར་སེམས་སོ”[8]ཞེས་དཔང་ལོའི་དོན་ཐོབ་ལྟར་བསྒྱུར་བ་དེའང་བཅོས་འདུག་པ་སྐྱོན་དུ་བརྗོད་ལ། འདི་ལས་དཔང་ལོ་ལ་སོགས་ཕྱི་དར་གྱི་ལོ་ཙཱ་པ་མི་ཉུང་བ་ཞིག་གིས་སྔར་བཞིན་དོན་ཐོབ་གཙོར་བསྒྱུར་པ་མིག་འབྲས་བཞིན་བརྩིས་ཡོད་པར་གསལ་ཞིང་། དགེ་འདུན་ཆོས་འཕེལ་ཉིད་ཀྱི་ལོ་ཙཱའི་དགོངས་པ་གང་ཡིན་ཡང་གསལ་པོར་རྟོགས་ནུས་སོ། །
དེ་ནས་ཀྱང་ཁོང་གིས་དོན་ཐོབ་གཙོར་བཟུང་ནས་བསྒྱུར་པ་ལ་ཐོག་མར་སྐད་ལུགས་སོ་སོའི་ཕྲད་རྣམ་དབྱེའི་སྦྱོར་ལུགས་མི་འདྲ་ཞིང་གནས་སྐབས་སུ་དོན་ཐོབ་ལྟར་གང་ལ་ཅི་ཐོབ་དེ་ལ་དེར་བསྟུན་བྱ་ཤེས་དགོས་པར་བསྟན་ཡོད་དེ། “འདིར་ཨསྱ་བྱ་བ་དྲུག་པའི་མཐའ་ཡིན་ཡང་བོད་སྐད་ལ་འདི་ནི་བྱ་བ་ལས་བསྒྱུར་མ་བཏུབ་ཅིང་། སྤྱིར་རྒྱ་གར་གྱི་དྲུག་པ་ཕལ་ཆེར་བོད་སྐད་ལ་གཉིས་པ་དང་དང་པོ་ཁོ་ན་ཡིན་ཅིང་། པ་ཚབ་སོགས་ཀྱིས་དེ་ལྟར་བསྒྱུར་འདུག་པས་སྔོན་གྱི་འགྱུར་རྣམས་གོ་བདེ་བའི་རྒྱུ་མཚན་གཅིག་དེ་ཡིན་ལ། ཡར་ཀླུངས་གྲགས་པ་རྒྱལ་མཚན་གྱི་འགྱུར་རྣམས་གོ་དཀའ་བ་ཡང་རྣམ་དབྱེ་རྣམ་དབྱེ་རྣམས་ཇི་ལྟ་བ་བཞིན་བསྒྱུར་བས་ཡིན། འདིར་དོན་ཐོབ་ལ་གཉིས་པ་ཡིན་ཀྱང་། དམིགས་བསལ་གྱིས་དྲུག་པ་སྦྱར་སོགས་ཟེར་བ་ཡང་། སྐད་ལུགས་སོ་སོའི་རྣམ་དབྱེའི་སྦྱོར་ལུགས་ཤིན་ཏུ་མི་འདྲ་བ་རྒྱུས་མེད་པ་སྟེ། ལེགས་སྦྱར་ལ། ཆུ་ཡིས་གང་བའི་བུམ་པ་བྱ་བ་ལ་ཆུ་ཡི་གང་བའི་བུམ་པ་དང་། ཝ་ར་ན་སའི་རྒྱལ་པོ་བྱ་བར། ཝ་ར་ཎ་ས་ན་རྒྱལ་པོ་སོགས་རྟག་ཏུ་འོངས་བས་བོད་སྐད་དང་ཡེ་མ་འདྲ། བོད་སྐད་དང་རྒྱ་ནག་དབུས་ཀྱི་སྐད་ལྟ་བུ་གཉིས་བསྡུར་དང་ཡང་རྣམ་དབྱེ་སྦྱོར་ལུགས་མི་འདྲ་བ་ཤེས་ཡོང་། སྐད་དེ་ལ་སྦྱོར་ལུགས་དེ་དོན་ཐོབ་ཡིན་གྱིས་དམིགས་བསལ་ག་ལ་ཡིན།”[9]ཞེས་གསུངས་པ་ལྟར། དོན་ཐོབ་ལྟར་བསྒྱུར་བ་ནི་གོ་བདེ་བ་འབྱུང་བའི་རྒྱུ་མཚན་གཅིག་ཡིན་པ་དང་། དེ་ནི་སྐད་ལུགས་སོ་སོའི་ཁྱད་པར་མི་འདྲ་བ་མཁྱེན་ཅིང་། གང་ལ་ཅི་འབྱོར་དེ་ལ་དེར་བསྟུན་སྤྱོད་ཤེས་པའི་སྟབས་ཀྱིས་ཡིན། སྐད་ལུགས་སོ་སོའི་ཕྲད་རྣམ་དབྱེ་སྦྱོར་ཚུལ་ཤིན་ཏུ་མི་འདྲ་བཞིན་དུ་ཚིག་ཟིན་ལ་བསྒྱུར་བས་གོ་དཀའ་ཞིང་། དེ་ནི་ལོ་ཙཱ་པ་རྣམས་ཀྱིས་སྐད་རིགས་སོ་སོའི་ཁྱད་པར་ལ་དོ་གལ་ཆེ་བར་མ་མཛད་པའི་སྟབས་ཀྱིས་ཡིན་ལ། ཕྲད་རྣམ་དབྱེ་སྦྱོར་ཚུལ་ནི་དོན་ཐོབ་ལྟར་བྱ་བ་ལས་དམིགས་བསལ་མིན་ཚུལ་བསྟན་པ་ཡིན། དོན་ཐོབ་ལྟར་གོ་བདེ་ཙམ་དུ་བསྒྱུར་པའི་དཔེ་ལ་ཁོང་གིས“འདིའི་ཤཱརྡུལ་བྱ་བ་དེ་རང་རེ་རྣམས་ཀྱིས་སེངྒེ་རྐང་བརྒྱད་བྱ་བ་ཞིག་གི་མིང་ཡིན་ཟེར། འདིར་སྟག་ཏུ་བསྒྱུར། འཆི་མེད་མཛོད་དུ་ཡང་སྟག་ཏུ་བསྒྱུར། རྒྱ་གར་བ་ཞིག་ལ་དྲིས་པས། གཟིག་ཡིན་ཡང་ཟེར། སྤྱང་ཀི་སྐྱ་ཡུག་ལྟར་འདུག སྤྱིར་ལོ་ཆེན་གྱིས་ཚིག་དོ་གལ་ཆུང་བ་འདི་འདྲའི་རིགས། གོ་བདེ་ཙམ་དུ་མཛད་པ་ཡང་ཡོད་སྣང”[10]ཞེས་གོ་བདེ་ཙམ་དུ་མཛད་ཅེས་པ་འདི་ལྟ་བུའང་དོན་གྱིས་དོན་ཐོབ་གཙོ་བོར་བསྒྱུར་པའི་ཁྱད་ཆོས་སུ་བགྲང་རུང་བ་ཡིན་ནོ། །
གཉིས་པ། སྐད་ཡིག་དང་ལོ་ཙཱའི་འབྲེལ་བའི་སྐོར་གྱི་དགོངས་པ།
ང་ཚོས་ཤེས་གསལ་བཞིན། ལོ་ཙཱ་ཞེས་པ་ནི་མཐར་གཏུགས་ན་སྐད་དང་ཡི་གེ་ཕན་ཚུན་ལ་བསྒྱུར་བའི་རིག་གནས་བྱེད་སྒོ་ཞིག་ཡིན་ལ། སྐད་དང་ཡི་གེ་གང་ཞིག་གིས་བསྟན་པའི་དོན་དེ་སྐད་ཡིག་གཞན་ཞིག་གིས་ཇི་ལྟར་མཚོན་པར་བྱ་བར་ཁ་གཏད་ཀྱི་བརྗོད་སྟངས་འཚོལ་བ་ནི་དེའི་གནད་འགག་ཡིན། དེས་ན་བརྗོད་བྱའི་དོན་གང་ཞིག་ཚུལ་ཇི་ལྟར་བརྗོད་དགོས་པའི་ཕྱོགས་སུ་ཡིག་རིགས་སོ་སོར་ཐུན་མོང་གི་ཆ་ལྡན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ལྡན། ཡིན་ནའང་དེ་ནི་སྐད་རིགས་སོ་སོའི་བརྡ་སྤྲོད་ཐབས་ཀྱི་ཁྱད་པར་ཙམ་ཡིན་པ་ལས་དེའི་ནུས་པ་ལ་མཆོག་དམན་གྱི་ཁྱད་པར་བྱུང་བ་མིན་པ་དགེ་ཆོས་ལགས་ཀྱིས《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》ལས། “རྒྱ་བོད་ཀྱི་སྐད་ལ་ནུས་པ་ཆེ་ཆུང་གི་ཁྱད་ཆེན་པོ་ཞིག་ཡོད་སྐད་ཀུན་གྱི་ཁ་ན་བྱང་བ་འདི་ཡང་། སྒྲ་རྟོག་སེལ་འཇུག་ཏུ་ཆོས་ཀྱི་གྲགས་པ་སློབ་མ་དང་བཅས་པས་སྒྲུབ་སྒྲུབ་པ་དེ་ལ་གོ་བ་ཅུང་ཟད་ཅིག་རྙེད་ན། བུམ་པ་ལྟ་བུའི་དོན་གཅིག་སྟོན་པ་ལ། སྐད་རིགས་ཡོད་ཚད་ཀུན་ལ་ནུས་པ་ཆེ་ཆུང་དང་། དོན་ཟབ་མི་ཟབ་ཀྱི་ཁྱད་ཅི་ཡང་མི་འོངས་པ་གོ་ནུས། གཞན་སྒྲ་སྒྲུབ་འཇུག་ཏུ་འདོད་པའི་བྲམ་ཟེ་རྣམས་ཀྱིས་ཨོཾ་ལ་འགྲེལ་བ་ཆེན་པོ་བྱས་པ་དང་། བོན་པོ་རྣམས་ཀྱིས་ཞྭ་དཀར་པོ་རྩེ་བརྒྱད་ལ་ཟབ་དོན་མང་པོ་བྱས་པ་དེ་གཉིས་བཤད་ཐབས་གཅིག་ཏུ་སྣང་བས། གལ་ཏེ་སྨྲ་ན་ཡང་ཨོཾ་གྱི་མཚོན་དོན་ཙམ་ཡིན་ནོ་སྨྲས་པས་ཆོག་གི་ཨོཾ་བྱ་བའི་ཚིག་ལ་དོན་དེ་ཙམ་ཡོད་དོ་ཞེས་འཆད་ག་ལ་རུང”[11]ཞེས་གསུངས་པ་ལྟར་བརྗོད་བྱའི་དོན་གཅིག་སྟོན་པ་ལ་སྐད་རིགས་ཐམས་ཅད་ལ་ནུས་པ་ཆེ་ཆུང་དང་དོན་ཟབ་མི་ཟབ་ཀྱི་ཁྱད་པར་མེད་པར་བསྟན་ནོ། །
དེ་བཞིན་དུ་ཡང་ཁོང་གིས“རྒྱ་སྐད་ཀྱི་སྐོར་ལ་ཤན་ངན་པ་ཞིག་ནི། རང་རེ་མཁས་པ་ཐམས་ཅད་ཀྱིས། ལེགས་སྦྱར་ཤིན་ཏུ་དོན་ཟབ་པ་སྐད་བྱས་ཏེ་ཡིག་འབྲུ་རེ་རེའི་ནང་ནས་དོན་འཛད་མེད་རེ་བཏོན་ཏེ། བླུན་པོ་ཐམས་ཅད་ལང་ལ་འཆོར་བ་ཞིག་བྱས། སམཡཨཔཱཏིམིཏཛྙཱནཿབྱ་བའི་ཡི་གེ་བཅུ་ཕལ་ཆེར་ཚེ་གཟུངས་ནང་ནས་ཡིན་རྒྱུ་བ་འདི་ལོ་ཆེན་བཻ་རོའི་མཚན་ལ་བསྙད་བཏགས་ཏེ་བོད་སྐད་དུ་བསྒྱུར་བར་སྔོན་གྱི་དམ་ཚིག་ཆེན་པོ་བདག་བསྐུལ་ནས། ཁྱེད་དང་མི་འཕྲད་པ་ཡི་རང་དབང་མེད། འགྲོ་བའི་སེམས་ཉིད་བདེ་བར་གཤེགས་པ་ཡིན། སྲིན་བུ་པད་མ་ཡན་ཆད་སངས་རྒྱས་རྒྱུ། སོགས་ཤོག་ལྡེབ་ཕྱེད་ཙམ་ལོང་བ་བྲིས། གོང་གི་རྒྱ་སྐད་དེ་ལ། དམ་ཚིག་དཔག་མེད་ཡེ་ཤེས་བྱ་བ་ཙམ་ལས་མེད། གལ་ཏེ་དེ་དོན་བསྒྱུར་བ་ཡིན་ཟེར་ན། སྲིན་བུ་པད་མ་སོགས་ཡི་གེ་གང་གི་དོན་ཡིན། ས་འབུ་ཐག་ནར་ཡན་ཆད་ཅེས་བསྒྱུར་ན་འགྱུར་སྐྱོན་ཨེ་ཡོང་། དེས་ན་བཻ་རོ་ལ་བསྟོད་འདོད་ན་ཡང་ཁོང་མངོན་ཤེས་ཐོགས་པ་མེད་པས། པཎ་ཆེན་ཉེར་ལྔའི་ཐུགས་ལ་གང་ཤར་དེ་མ་ཐག་མཁྱེན་པ་ཡིན་ནོ་ཞེས་བསྟོད་རིགས་ཀྱི་སྒྲ་ལ་མཁས་དྲགས་པས་ཚིག་དེ་ལས་དོན་དེ་ཙམ་བྱུང་བ་ཡིན་ནོ་ཞེས་མ་སྨྲ་ཞིག གཞན་ཛྙཱ་ན་བྱ་བ་ཡེ་ཤེས་ལ་འཇུག དེ་ལ་སློབ་མི་སློབ་ཀྱིས་བསྡུས་པ་གཉིས། དེའི་ཡུལ་ལ་མཚན་ཉིད་གསུམ་སོགས་རྒྱས་པར་ཕྱེས་ན་རང་གིས་ཤེས་ཚད་མ་འཛད་ཀྱི་བར་དུ་འཆད་ནུས་མོད། དེ་ཐམས་ཅད་ཛྙཱ་ནའི་སྒྲ་བསྒྱུར་བ་ཡིན་ཅེས་ག་ལ་སྨྲ་ནུས། དེས་ན་བླུན་པོ་ཐམས་ཅད་འུར་དིང་ངེ་འགྲོ་བའི་སྲོལ་ངན་དེ་འདྲ་འབྱེད་པ་ལ་དེ་ཙམ་དུ་ནན་ཏན་མི་དགོས།”[12]ཞེས་དང་། “ལེགས་སྦྱར་ལ་གཙྪརི་བྱ་བའི་ཚིག་ཟུར་ཙམ་གྱིས་ཀྱང་། འགྲོ་མཁན་དེ་སྐྱེ་བུ་དང་པོ་དང་ལྡོག་པ་གཅིག་ཡིན་པ་སོགས་གོ་ནུས་ལ་བོད་སྐད་ལ་འགྲོ་བྱ་བ་ཙམ་གྱིས། ང་འགྲོ། ཁོ་འགྲོ། གཅིག་འགྲོའམ་གཉིས་འགྲོ་སོགས་མི་གོ་བས་ལེགས་སྦྱར་ལྷག་པར་ཟབ་སྙམ་པ་ཡང་རྨོངས་འཆར་ཡིན་ཏེ། བུད་མེད་ཅེས་བརྗོད་ན་མོ་ཙམ་ཡིན་པ་གོ ཆུང་མ་ཞེས་བརྗོད་ན་དེའི་སྟེང་དུ་སྐྱེས་པ་ཞིག་གིས་བདག་ཏུ་བཟུང་བའང་གོ མནའ་མ་ཞེས་བརྗོད་ན་དེའི་སྟེང་དུ་བུའི་ཆུང་མར་གོ བག་མ་ཞེས་བརྗོད་ན་དེར་མ་ཟད་གསར་དུ་འོངས་པར་ཡང་གོ་མོད། སུ་ཞིག་གིས་བུད་མེད་མནའ་མ་སོགས་ཀྱི་སྒྲ་ལ་ཟབ་མི་ཟབ་ཀྱི་ཁྱད་པར་སྨྲ། ཀུ་ཙུ་ཞེས་པ་ཙམ་གྱིས་ཀ་ནས་ཉའི་བར་གྱི་ཡིག་འབྲུ་བཅུ་དང་། ཧ་ས་ཞེས་བརྗོད་ན་གསལ་བྱེད་ཡོངས་རྫོགས་གོ་བ་སོགས་ཀྱང་བྲམ་ཟེ་རྣམས་ཀྱིས་བསྐུང་ཡིག་དང་བསྡུས་ཡིག་བྲིས་པ་ཙམ་སྟེ་ལྷ་ཚོགས་ལ་ལྷོགས་དང་། གཞན་ཡང་བཀྲས་ལྷུན་གྱི་ཡིག་ཆ་བྲིས་མ་རྣམས་ལ། ཁ་དོག་ཡིན་པར་ཐལ་ལ་ཁོག་ཡིན་ལ་བྲིས་པ་སོགས་དང་ཁྱད་ཅི་འདུག”[13]ཅེས་སོགས་གསུངས་ཏེ་སྐད་རིགས་གང་ཞིག་ཀྱང་བརྗོད་དོན་ངེས་ཅན་སྟོན་པ་ལ་སོ་སོར་གོམས་སྲོལ་གྱི་སྦྱོར་ལུགས་རེ་བྱུང་བ་མ་གཏོགས། དེ་དག་ལ་ཟབ་མི་ཟབ་དང་། དོན་མཚོན་པའི་ནུས་པ་ལ་མཆོག་དམན་གྱི་ཁྱད་པར་ཅི་ཡང་མེད་པར་བསྟན་ཡོད། གཞན་གོང་གི་འདི་ལས་ད་དུང་ལོ་ཙཱའི་གནད་དོན་གལ་ཆེན་གཞན་ཞིག་ཀྱང་བསྟན་ཡོད་པ་ནི། སྐད་གཉིས་ལོ་ཙཱ་བྱ་བ་ལ་ཡིག་རིགས་དེ་གཉིས་ཀྱི་ཕན་ཚུན་ཁ་གཏད་དུ་གནས་པའི་བརྗོད་སྟངས་འཚོལ་བ་སྟེ། ཡིག་རིགས་གཅིག་གིས་བསྟན་ཟིན་པའི་དོན་དེ་ཡིག་རིགས་གཞན་པ་དེས་ཇི་ལྟར་བརྗོད་ན་ཆེས་ལེགས་པའི་ཐ་སྙད་དང་ཚིག་སྦྱོར་སོགས་བཙལ་ནས་ཡང་བསྐྱར་མཚོན་པར་བྱེད་པ་མ་གཏོགས། བསྒྱུར་བྱ་མ་ཡིག་དེའི་མཚོན་དོན་ལ་འགྲེལ་བ་མཛད་པ་མ་ཡིན་པའི་གནད་དེ་ཡང་ལེགས་པར་བསྟན་ཡོད་དོ། །
ཡང་ཁོང་གིས་སྐད་ཡིག་ཐམས་ཅད་འདྲ་མཉམ་ཡིན་པའི་དཔེ་ལ”སྤྱིར་སྒྱུར་དེ་བསྒྱུར་བྱ་ལས་མང་དུ་འོང་བ་ཆོས་ཉིད་དང་གཙོ་བོར་རྗེས་འགྲེལ་རྣམས་ཡི་གེ་འོག་མའི་མགོར་བརྩེགས་ཤིང་། རང་རེའི་ཡི་གེ་ལ་བསྒྲིགས་ལྟ་བུའི་ཚིག་གཅིག་ལའང་། ཡིག་འབྲུ་བཞི་རེ་གྲལ་བསྒྲིགས་དགོས་པས་ཡིན་འདུག གཞན་ཚིག་གི་ནུས་པ་ཆེ་ཆུང་ཡོད་པས་མང་ཉུང་དེ་ལྟར་ཤོར་བྱ་བ་ཡང་ཅུང་མི་བདེན་པ་ཞིག་སྟེ། མུཁལ་ཁ། ཨགྣིལ། མེ་ཛལཾལཆུ་སོགས་རྒྱ་ཡིག་གཉིས་གསུམ་ལ་བོད་ཡིག་འབྲུ་རེ་ཡིན་པ་ཡང་མང་བའི་ཕྱིར་རོ། །”[14]ཞེས་དང་། “རྒྱ་དཔེ་དང་བོད་དཔེ་བསྡུར་ན་མང་ཉུང་ཤིན་ཏུ་ཆེ་བས་རྒྱ་སྐད་འདུ་ཆེ་སྙམ་ན་ཡང་མིན་ཏེ། སྤྱིར་འགྱུར་དེ་བསྒྱུར་བྱ་ལས་མང་ཙམ་མ་བྲིས་ན་མི་གསལ་བ་སྐད་ཐམས་ཅད་ལ་འདྲ་ཞིང་། ད་དུང་ཚིག་གི་དབང་དུ་བྱས་ན་རྒྱ་ཚིག་བརྒྱད་པ་རྣམས་བོད་སྐད་ལ་ཚེགས་བར་བདུན་དང་། བཅུ་པ་རྣམས་དགུར་བསྒྱུར་བས་བཀླགས་ན་བོད་སྐད་ཉུང་ཡང་སྔོན་རྗེས་ཀྱི་ཡིག་ཚོགས་ཆེ་བས་བོད་དཔེ་བོངས་ཆེ་བར་སྣང་བ་ཙམ་མོ། །”[15]ཞེས་གསུངས་པ་ཡང་ལོ་ཙཱའི་བྱ་བ་སྤྱི་ཡོངས་ལ་ཁྱབ་པའི་ཆོས་ཉིད་ཅིག་བསྟན་པ་སྟེ། དེ་ནི་ཡིག་རིགས་སོ་སོའི་གྲུབ་གཟུགས་ཀྱི་ཁྱད་པར་ལས་བྱུང་བ་ཙམ་མ་གཏོགས་སྐད་ཡིག་སོ་སོའི་དོན་བྱེད་ནུས་པའི་ཐད་ལ་མཆོག་དམན་གྱི་ཁྱད་པར་བྱུང་བ་མིན། དེང་སང་གི་རྒྱ་བོད་ལོ་ཙཱ་ལས་གནས་ཚུལ་འདིའི་རིགས་རྟག་ཏུ་འབྱུང་བས་ན། དེའི་རྒྱུ་རྐྱེན་གང་ཡིན་པ་ཉིད་ཀྱི་གསུང་འདི་དག་ལས་གསལ་པོར་ངེས་འོང་ངོ་། །
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྐད་ཡིག་དང་ལོ་ཙཱའི་འབྲེལ་བའི་ཐད་ལ་བཅངས་པའི་དགོངས་པ་འདི་ནི་ཨ་མེ་རི་ཁའི་ལོ་ཙཱ་སྨྲ་བ་གྲགས་ཅན་ཡུ་ཅིན•A•ནེ་ཏཱ(尤金•A•奈达)དང་ལོ་མན•ཡ་ཀི་པོ་སིན(罗曼•雅各布森)རྣམ་གཉིས་ཀྱི་ལོ་ཙཱའི་ལྟ་བ་དང་མ་བགྲོས་གཅིག་མཐུན་དུ་སོང་ཡོད། ཁོང་ཚོའི་ཐུན་མོང་གི་འདོད་ཚུལ་ལྟར་ན། འཛམ་གླིང་གི་ཡིག་རིགས་གང་ཡིན་ཡང་ཕན་ཚུན་ལ་ལོ་ཙཱ་མཛད་དུས་བརྗོད་དོན་མཚོན་པའི་ནུས་པའི་ཐད་ལ་མཆོག་དམན་གྱི་ཁྱད་པར་མེད་པར་འདྲ་མཉམ་ཡིན། དེ་ལ་ལོ་ཆེན་ནེ་ཏཱ་ཡི་དགོངས་པ་ལྟར་ན། མིའི་རིགས་ལ་ཐུན་མིན་གྱི་ཆ་ལས་ཐུན་མོང་གི་ཆ་མང་དུ་ལྡན་ཏེ། མིའི་རིགས་ཀྱི་ཉམས་མྱོང་དང་མཚོན་ཐབས་ཁྲོད་དུ་མཐུན་ཆ་ཞིག་ངེས་པར་དུ་ལྡན་ཡོད། ཡིན་ནའང་ཁོང་གིས་ཀྱང་སྐད་ཡིག་སོ་སོར་མཐུན་ཆ་ལྡན་པའི་ཞོར་དུ་ཁྱད་པར་ཅན་གྱི་སྒེར་གཤིས་ལྡན་པའང་ཁས་ལེན་ཏེ། སྐད་ཡིག་སོ་སོའི་ཁྱད་པར་ནི་གཙོ་བོ་མཚོན་ཐབས་རྣམ་པའི་ཆ་ནས་ལྡན་པར་འདོད། དཔེར་ན་སྐད་ཡིག་སོ་སོར་ཆེད་དུ་ལྡན་པའི་སྙན་ངག་གི་འགྱུར་ཁུགས་དང་སྒྲ་རྒྱན་ལྟ་བུ་རྣམས་ནི་སྒེར་གཤིས་ཅན་གྱི་སྐད་ཆའི་སྣང་ཚུལ་ཡིན་ལ། ཇི་ལྟ་ཇི་བཞིན་ལོ་ཙཱ་བྱེད་མི་ནུས་པའི་སྐོར་ཡང་ཡིན། ཁོང་གིས་བསྟན་དོན”སྐད་ཡིག་ཅིག་གིས་མཚོན་ནུས་པའི་བརྗོད་དོན་དེ་ནི་སྐད་ཡིག་གཞན་ཞིག་གིས་ཀྱང་མཚོན་ནུས་པ་ཤ་སྟག་ཡིན། འོན་ཀྱང་མཚོན་ཐབས་ཀྱི་རྣམ་པ་དེའང་མཚོན་བྱའི་རྩ་བའི་གྲུབ་ཆ་ཞིག་ཡིན་དུས་གནས་ཚུལ་མི་འདྲ་བར་འབྱུང་བ་ཡིན།”[16]ཞེས་གསུངས་ལ། སྐད་ཁོངས་མི་འདྲ་བའི་སྐད་ཡིག་ཕན་ཚུན་བར་གྱི་ལོ་ཙཱ་དེ་སྐད་ཁོངས་གཅིག་གི་སྐད་ཡིག་བར་གྱི་ལོ་ཙཱ་ལས་དཀའ་ཁག་ཆེ་བར་འདོད་དོ། །དེ་བཞིན་དུ་ཨ་རིའི་ལོ་ཙཱ་སྨྲ་བ་གྲགས་ཅན་ལོ་མན•ཡ་ཀི་པོ་སིན་ལགས་ཀྱང་སྐད་ཡིག་སྤྱི་མཐུན་སྨྲ་བ་ཞིག་སྟེ། ཁོང་གིས”ངོས་འཛིན་ལས་བྱུང་བའི་ཉམས་མྱོང་དང་དེའི་རིགས་དབྱེ་རྣམས་ནི་སྐད་ཡིག་གང་གི་ཁྲོད་དུའང་མཚོན་པར་བྱ་ནུས”[17]ཞེས་བརྗོད་ཅིང་། སྐད་ཡིག་སོ་སོའི་བརྗོད་དོན་མཚོན་པའི་ནུས་པ་ནི་འདྲ་མཉམ་ཡིན་པར་འདོད།སྐད་ཡིག་སོ་སོའི་ཁྱད་པར་གླེང་དུས་ཁོང་གིས”སྐད་རིགས་སོ་སོའི་རྩ་བའི་ཁྱད་པར་ནི། དེ་དག་གིས་ཅི་ཞིག་མཚོན་ནུས་པ་དེ་མ་ཡིན་ཏེ། ངེས་པར་དུ་ཅི་ཞིག་མཚོན་དགོས་པ་དེའོ།།”[18]ཞེས་སྐད་ཡིག་སོ་སོར་བཙན་ཤུགས་རང་བཞིན་གྱི་ཁྱབ་ཁོངས་རེ་ལྡན་པར་བསྟན་ནོ། །མདོར་ན། ཁོང་རྣམ་པའི་གསུང་འདི་དག་ལས་དེང་དུས་ལ་ལས་སྐད་ཡིག་སྤྱོད་མཁན་གྱི་མི་གྲངས་ཀྱི་མང་ཉུང་ལ་ལྟོས་ནས་སྐད་རིགས་ལ་མཆོག་དམན་དགར་བ་དེ་དག་ལ་གསལ་འདེབས་དང་ཁ་ཏ་བཟང་པོ་ཞིག་གནང་འདུག་ཅིང་། ཚན་རིག་རང་བཞིན་མངོན་པར་བརྟས་པའི་ལེགས་བཤད་ཀྱི་ཉི་འོད་ཤར་བ་ན། ཕྱོགས་ཞེན་དང་ལོག་ལྟའི་མུན་པ་ཅིག་ཅར་དུ་གཞོམ་ནུས་པ་གོར་མ་ཆག་གོ།
གཞན་ཡང་ལོ་ཆེན་དགེ་འདུན་ཆོས་འཕེལ་གྱིས་སྐད་ཡིག་དང་ལོ་ཙཱའི་འབྲེལ་བའི་ཐད་ལ་གནང་བའི་ལེགས་བཤད་དུ། མི་རིགས་གང་ཞིག་ཡིན་རུང་ལོ་ཙཱའི་བྱ་བ་རྒྱ་ཆེར་དར་བའི་དུས་སྐབས་ལ། རང་སྐད་ལ་མིང་ཚིག་གིས་མི་འདང་བའི་ཉམས་སྣང་ཞིག་ཅིས་ཀྱང་འཆར་སྲིད་ལ། དེ་ཡང་གཅིག་ན་བསྒྱུར་བྱའི་རིག་གནས་དེར་གོམས་མ་གོམས་ཀྱི་ཁྱད་པར་ལས་བྱུང་བ་དང་། རྣམ་པ་གཞན་ཞིག་ན་རང་སྐད་ལ་མ་བྱང་བའི་སྟབས་ཀྱང་ཡིན། ཞེས་གསུངས་པ་འདི་ལས། མི་རིགས་ཤིག་གི་སྐད་ཡིག་དང་ལོ་ཙཱའི་བར་གྱི་འབྲེལ་བ་དེ་གཏིང་ཟབ་པའི་སྒོ་ནས་བསྟན་ཡོད་དེ། ང་ཚོས་མཁྱེན་གསལ་བཞིན། འཛམ་གླིང་གི་མི་རིགས་གང་ཞིག་ཡིན་ཡང་སྐད་ཆ་བྱུང་བའི་ཐོག་མའི་དུས་ནས་ཕྱོགས་གང་ཐད་ཀྱི་མིང་བརྡ་ཡོད་ཚད་བྱུང་ཡོད་པ་ཞིག་གཏན་ནས་མ་ཡིན་པར། སྤྱི་ཚོགས་དང་སྐད་ཆ་འཕེལ་བའི་འགྲོས་དང་བསྟུན་ནས་སྔར་མེད་ཀྱི་ཐ་སྙད་རིམ་གྱིས་གསར་བཟོ་བྱེད་པ་ཡིན། ལོ་ཙཱའི་ལག་ལེན་ནི་མིང་ཚིག་གསར་པ་བསྐྲུན་པའི་ཐབས་ལམ་གཙོ་བོ་ཞིག་སྟེ། གསར་བྱུང་གི་ཐ་སྙད་ཕར་ཆེར་ཞིག་ནི་ལོ་ཙཱའི་ལས་ལ་བརྟེན་ནས་བྱུང་བར་མངོན།འདི་ནི་བོད་རང་གི་ལོ་ཙཱའི་ལོ་རྒྱུས་ལས་ཀྱང་ར་སྤྲོད་གང་ལེགས་བྱ་ནུས་ཏེ། བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་རྒྱ་ཆེར་བསྒྱུར་བ་དང་བསྟུན་ནས་སྔར་མེད་ཀྱི་བརྡ་དང་ཐ་སྙད་ཀྱང་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་གསར་བཟོ་གནང་བ་མིག་མཐོང་ལག་ཟིན་དུ་གནས་ཡོད་པ་འདིས་ཀྱང་མཚོན་ནོ། །དེ་བས་ང་ཚོས་ལོ་ཙཱའི་ལག་ལེན་ཁྲོད་དུ་བོད་རང་ལ་སྔར་བྱུང་མ་མྱོང་ཡང་ད་ལྟ་ངེས་པར་མཁོ་བའི་མིང་བརྡ་གསར་གཏོད་བྱ་དགོས་ཏེ། འདི་ནི་མི་རིགས་ཤིག་གི་ཐ་སྙད་ཀྱི་བང་མཛོད་ཇེ་ཕྱུག་དང་སྐད་ཡིག་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད། སྐད་ཡིག་དེར་བརྟེན་ནས་གནས་པའི་རིག་གནས་གང་ཞིག་འཛམ་གླིང་གི་འཕེལ་འགྲོས་དང་བསྟུན་ནས་གོང་འཕེལ་ཡར་རྒྱས་འབྱུང་བའི་དགོས་ངེས་ཀྱི་མཐུན་རྐྱེན་གལ་ཆེན་ཞིག་ཀྱང་ཡིན། གཞན་ཁོང་གི་གསུང་འདི་ལས་ལོ་ཙཱ་ཞེས་པ་ནི་སྐད་དང་ཡི་གེ་སྤྱོད་པའི་རིག་གནས་བྱེད་སྒོ་ཞིག་ཡིན་པ་དང་། སྐད་ཡིག་དང་ལོ་ཙཱའི་བར་གྱི་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་སྐུལ་འདེད་བྱ་བའི་འབྲེལ་བ་དེའང་ལེགས་པར་བསྟན་ཡོད་དོ། །
གསུམ་པ། བྱེ་བྲག་གི་སྒྱུར་ཐབས་བསྟན་པ།
དེ་ཡང་བྱེ་བྲག་གི་སྒྱུར་ཐབས་སྐོར་ལ་གཙོ་བོ་གཤམ་གྱི་ཕྱོགས་འགའ་ལྡན་ཏེ།
1. ཐུན་མོང་མ་ཡིན་པའི་མིང་གི་སྒྱུར་ཚུལ།
བརྡ་དང་ཐ་སྙད་བསྒྱུར་དུས་ཆེས་དཀའ་ཁག་ཆེ་བ་ནི་ཐུན་མོང་མ་ཡིན་པའི་རིགས་ཡིན་ལ། འདིར་ཡང་རང་བྱུང་ཁོར་ཡུག་ལས་བྱུང་བ་དང་སྤྱི་ཚོགས་ཁོར་ཡུག་ལས་བྱུང་བ་ཞེས་རིགས་གཉིས་ཙམ་ལྡན། དེ་ལས་སྔ་མ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས“རང་རེའི་ཡུལ་དབུས་གཙང་ཕྱོགས་སུ་ནི་རྒྱ་གར་གྱི་བྱ་རི་དྭགས་མེ་ཏོག་སོགས་དངོས་མ་མེད་པས་ཆོས་མཚུངས་མང་བ་གཞན་ཞིག་ཏུ་བསྒྱུར་བའམ་ཡང་ན་སྐད་རང་སོར་འཇོག་པ་ལས་འོས་མ་མཆིས་ལ། རྒྱ་ནག་ནི་ས་གཤིན་ཅིང་དྲོ་བའི་རྒྱ་གར་གྱི་མེ་ཏོག་ལྗོན་པ་སོགས་རང་སྐད་དུ་བསྒྱུར་ནས་ཡུལ་གྱི་མི་ལ་ངོ་སྤྲོད་ཐུབ་པས་བཙུན་པ་ཐང་ཟན་ཙང་སོགས་ཀྱིས་ཚིག་ཐམས་ཅད་ཁ་ཐད་དུ་བསྒྱུར་པ་ཡོད་འདུག་པས། གལ་ཏེ་འདི་ལྟ་བུ་མིང་འདྲ་ལ་དོགས་པ་སྐྱེས་ན་རྒྱ་ནག་ཏུ་ཚིག་ཅི་ལྟར་བསྒྱུར་བ་རྩད་ཆོད་ཚེ་ཡང་ཤིན་ཏུ་འཁྲུལ་མེད་འོངས་པ་དགོངས་པར་གྱིས་ཤིག”[19]ཅེས་བསྟན་པ་བཞིན། བོད་རང་ཡུལ་ན་མེད་པའི་དངོས་པོ་སྟེ་བྱ་རི་དྭགས་མེ་ཏོག་ལ་སོགས་པའི་མིང་ནི་ཇི་ལྟ་བ་བཞིན་གྱི་མིང་བརྡ་བྱུང་མེད་པས་ན། བསྒྱུར་བྱའི་སྐད་གདངས་ལྟར་རང་སོར་འཇོག་དགོས་པར་བསྟན། དེ་ཡང་འཛམ་གླིང་གི་མི་རིགས་སོ་སོའི་འཚོ་གནས་ཁོར་ཡུག་དང་ཐོན་སྐྱེད་རྒྱུ་ཆ་སོགས་མི་འདྲ་བའི་དབང་གིས་ཕན་ཚུན་ལ་མ་གྲགས་པའམ། ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པའི་དངོས་པོའི་རིགས་མང་དུ་ཡོད་སྲིད་དེ། དེ་དག་ནི་སོ་སོའི་སྐད་དུ་སོར་འཇོག་བྱ་དགོས་པ་བོད་སྔ་འགྱུར་གྱི《སྒྲ་སྦྱོར་བམ་གཉིས》ལས་ཀྱང་གསལ་པོར་བསྟན་ཡོད་ལ། རང་སོར་འཇོག་སྟངས་ཀྱི་ཐད་ལའང་ཡོངས་སུ་རང་སོར་འཇོག་པ་དང་། ཕྱེད་དོན་སྒྱུར་ཕྱེད་སོར་འཇོག མིང་གཅིག་བླ་ཐབས་སུ་བསྣན་ནས་རང་སོར་འཇོག་པ་བཅས་རིགས་འགའ་མཆིས་པ་ང་ཚོས་གཞུང་གཞན་དག་ལས་ཤེས་དགོས་སོ། །
ཕྱི་མ་སྤྱི་ཚོགས་ཁོར་ཡུག་ལས་བྱུང་བའི་ཐུན་མིན་གྱི་མིང་ནི་དཔེར་ན་ཀྲུང་གོ་གུང་ཁྲན་ཏང་། X光ལX འོད། V粒子ལVརིལ་རྡུལ་ལྟ་བུ་སོགས་མི་རིགས་སོ་སོར་དར་བའི་ཐུན་མོང་མ་ཡིན་པའི་མིང་བརྡ་འདིའི་རིགས་ནི། མི་རིགས་གཞན་གྱི་སྐད་དུ་ཇི་བཞིན་བསྒྱུར་མི་བཏུབ་པའམ། ཆོས་མཚུངས་གཞན་ཞིག་ཏུ་བསྒྱུར་ནའང་མཚོན་དོན་ཇི་བཞིན་མི་འབྱུང་བས་སྐད་དང་ཡིག་གཟུགས་ཇི་བཞིན་རང་སོར་འཇོག་པ་ལས་ཐབས་གཞན་མེད་པར་བསྟན་ཏོ།།
2.རྒྱ་གར་སྐད་སོར་འཇོག་བྱེད་ཐབས།
ལེགས་སྦྱར་སྐད་བོད་དུ་རང་སོར་འཇོག་པ་འདི་ནི་བོད་བཙན་པོའི་དུས་ནས་རྒྱ་ཆེར་དར་བའི་སྒྱུར་ཐབས་གལ་ཆེན་ཞིག་ཡིན་ལ། དེ་ནི་རྒྱ་བོད་ཡིག་རིགས་གཉིས་ཀྱི་མ་བུ་ཁུངས་གཅིག་གི་འབྲེལ་བ་དམིགས་བསལ་ཅན་ལས་བྱུང་བའི་སྣང་ཚུལ་ཁྱད་པར་བ་ཞིག་ཀྱང་ཡིན། དེས་ན་རྒྱ་སྐད་བོད་དུ་སོར་འཇོག་བྱ་ཐབས་ལ་ལོ་རྒྱུས་འཕེལ་རྒྱས་ཁྲོད་རིགས་ཆེན་པོ་གཉིས་ཙམ་བྱུང་བ་སྟེ། དང་པོ་ནི་བསྒྱུར་བྱའི་རྒྱ་གར་སྐད་ཀྱི་སྒྲ་དོན་གཟུགས་གསུམ་པོ་མ་འགྱུར་བར་ཇི་བཞིན་རང་སོར་བཞག་པ་སྟེ་དེ་ལ་ཡིག་སྒྱུར་ཡང་ཟེར་ཏེ།དཔེར་ན་བུདྡྷ་ལ་སྐྱབས་སུ་འགྲོ་ཞེས་པ་དང་། དྷརྨ་ཞུ་ཆེན་གྱིས་ཞེས་པ་ལས་བུདྡྷ་དང་དྷརྨ་ལྟ་བུ། གཉིས་པ་ནི་ཡི་གེའི་སྒྲ་དོན་གཉིས་མ་འགྱུར་བར་གཟུགས་ཁོ་ན་འགྱུར་བ་སྟེ་དེ་ལ་སྒྲ་སྒྱུར་ཟེར་ཞིང་།དཔེར་ན་བཛྲ་ལ་འབའ་འཛར། པྲཛྙ་ལ་པར་འགྱའ་སོགས་སུ་བྲིས་པ་ལྟ་བུའོ། །
གོང་གི་སྒྲ་སོར་འཇོག་བྱ་ཐབས་གཉིས་ལ་ལོ་ཆེན་དགེ་འདུན་ཆོས་འཕེལ་ལགས་ཀྱིས། “ཨཱོ་ལ་རིང་ཆ་བྲིས་པ་མཁས་པ་རྣམས་ཀྱིས་སྡིག་དམོད་མང་དུ་བྱས་མོད། གནའ་བོའི་བྲིས་རྙིང་ཕལ་ཆེར་ལ་སྣང་ཞིང་། ལར་སྔོན་གྱི་རྒྱ་སྐད་གདངས་ཅི་ལྟར་ཐོན་པ་ཙམ་བོད་ཡིག་ལ་བྲིས་པ་ལས་མི་འདུག་ཅིང་། བཛྲ་སོགས་ལའང་། འབའ་འཛར་སོགས་སུ་ལོ་ཙཱ་པ་འགའ་ཞིག་གི་མཚན་གཤམ་དུ་གསལ་བའི་ཕྱག་བྲིས་ལ་ཡང་འདུག”[20]ཅེས་དང་། “ཆེས་རྙིང་མའི་དུས་སུ་རྒྱ་སྐད་བྲིས་པ་རྣམས་ལ་ཡང་བུདྡྷ་ལ་འབུད་འདའ། དྷརྨ་ལ་འདར་མ། སངྒ་ལ་སང་འགའ། པྲཛྙཱ་ལ་པར་འགྱའ། ཙཀྲ་ལ་ཙ་དཀར། ཏྲཻལོ་ཀ་ལ་ཏར་རེའི་ལོ་ཀ་སོགས་སྒྲ་གདངས་ཅི་ལྟར་འཐོན་པ་བྲིས་ལ། གནུབས་ཆོས་གྲགས་ཀྱི་ཕྱག་བྲིས་སུ་ཡང་། བུ་ལ་འབུ་སོགས་ལན་ཁ་ཡར་བྱུང་ངོ་། །”[21]ཞེས་སོགས་གསུངས་པར་གཞིགས་ན། གནའ་དུས་སུ་རྒྱ་སྐད་བོད་དུ་སོར་འཇོག་བྱེད་དུས་གཙོ་བོ་བོད་རང་གི་སྐད་ལ་ཀློག་བདེ་བའི་ཆེད་དུ་རྒྱ་གར་གྱི་གདངས་ཅི་ལྟར་ཐོན་པ་ཙམ་དུ་བྲིས་པ་སྟེ། ལེགས་སྦྱར་སྐད་ཀྱི་ཡི་གེའི་གྲུབ་གཟུགས་ལ་འགྱུར་བ་བཏང་ནས་དེའི་སྒྲ་དོན་གཉིས་སོར་འཇོག་བྱ་བའི་སྒྲ་སྒྱུར་གྱི་ཐབས་འདི་སྤྱོད་པ་ཡིན། འདི་ནི་རྒྱ་བོད་ལོ་ཙཱའི་དུས་སྐབས་སྔ་མར་སྤྱོད་པ་སྟེ། ཕྱིས་སུ་རིམ་གྱིས་རྒྱ་གར་གྱི་ཡི་གེ་ཇི་ལྟ་བ་བཞིན་འབྲི་དགོས་པའི་བཀས་བཅད་མཛད་པ་སྟེ། འདི་ལ་དགེ་ཆོས་ལགས་ཀྱིས“ལེགས་སྦྱར་གཙང་སང་རྒྱ་ཡིག་ཇི་ལྟ་བ་བཞིན་བྲིས་ཆོག་པ་འདི་ཕྱིས་ཙ་ན་མཁས་པ་རྣམས་ཀྱིས་མཛད་པ་ཞིག་ཏུ་སྣང་། འོན་ཀྱང་འདིའི་པྲཛྙཱ་སོགས་རྒྱ་ཡིག་བཞིན་བྲིས་པས་ད་ལྟའི་ཀློག་ལ་བོད་སྐད་ཀྱི་དཔེ་བཀབ་སྟེ། ཊཛྙར་སོང་ཞིང་། གནའ་བྲིས་ཕལ་ཆེར་དུ་པར་འགྱའ་ཞེས་བྲིས་པས་ཀློག་ལ་དེ་ལེགས་པར་མངོན་ནོ།།”[22]ཞེས་གསུངས་པ་བཞིན་རྒྱ་གར་སྐད་བོད་དུ་བསྒྱུར་བ་ལ་ཡི་གེའི་སྒྲ་དོན་གཟུགས་གསུམ་པོ་རང་སོར་འཇོག་པའི་ཡིག་སྒྱུར་གྱི་ཐབས་དམ་པ་འདི་ནི་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་མཛད་པ་ཞིག་དང་། སྒྱུར་ཐབས་འདི་བྱུང་བ་དང་བསྟུན་ནས་གོང་གི་སྒྲ་དོན་ཙམ་བསྒྱུར་བའི་ཐབས་དེའང་མི་མཁོ་བར་བྱས་པར་མངོན་ལ། བོད་རང་གི་སྐད་ལ་ཀློག་བདེ་བ་ནི་སྒྱུར་ཐབས་སྔ་མ་ལྟར་ཡིན་པར་གསུངས་སོ། །
དེ་ལྟར“སྔོན་གྱི་དཔེ་རྙིང་རྣམས་ལ་རྒྱ་སྐད་རང་སོར་བཞག་པ་ཡང་མང་སྟེ། དཔེར་ན་བུདྡྷ་ལ་སྐྱབས་སུ་འགྲོ་བ་སོགས་དང་། གཅེན་ཨ་སཾགས་ཡགཙརྱའི་ལྟ་བ་སྲོལ་ཕྱེས་ཏེ་བྱ་བ་དང་། སྒྲ་སྦྱོར་བམ་གཉིས་སུ་དྷརྨ་ཞུ་ཆེན་གྱི་སོགས་དང་། གཞན་ཡང་དཔལ་བརྩེགས་ཀྱི་མདོ་བཏུས་བྱ་བ་བསྟན་འགྱུར་དུ་བཞུགས་པ་དེ་དཔེ་རྙིང་འཁྲུལ་མེད་ཅིག་འདུག་པས་དྲོནའིབུནིཏལའོ། བུདྡྷའི་སྲས་ནི་ར་ཧུ་ལའོ། སོགས་རྒྱ་སྐད་མང་དུ་བྲིས”[23]པ་འདི་དག་ནི་རྒྱ་བོད་ལོ་ཙཱའི་དུས་སྐབས་དང་པོར་བྱུང་བའི་སྣང་ཚུལ་ཡིན་ལ། སྤྱིར་ན་སྐད་ཡིག་གང་ཞིག་ཀྱང་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བར་བསྟུན་ནས་འགྱུར་ལྡོག་འབྱུང་བ་ཆོས་ཉིད་ཡིན་ཙ་ན། རྒྱ་སྐད་སོར་འཇོག་བྱས་པ་དེའང་ལོ་རྒྱུས་ཀྱི་དུས་སྐབས་དེ་ཙམ་དུ་བྱུང་བ་ཡིན་ལ། བརྗོད་བྱའི་དོན་ལྟར་བསྒྱུར་ནུས་ཀྱང་མི་བསྒྱུར་བར་རྒྱ་གར་སྐད་རང་སོར་བཞག་པ་དེའི་རིགས་ལ་སྐྱོན་བརྗོད་དང་འགྱུར་བཅོས་གཏོང་དགོས་པར་ཐལ་ལོ། །
3.གོ་རིམ་བསྣོར་ནས་སྒྱུར་ཚུལ།
སྤྱིར་ན་གོ་རིམ་བསྣོར་ནས་བསྒྱུར་བ་འདི་ནི་བོད་བཙན་པོའི་དུས་ཀྱི《སྒྲ་སྦྱོར་བམ་གཉིས》ལས་བཀས་བཅད་གནང་བའི་སྒྱུར་ཐབས་ཤིག་སྟེ། ཚིག་སྔ་ཕྱིའི་གོ་རིམ་བསྣོར་བ་དེའང་བོད་རང་གི་སྐད་ལ་བརྗོད་བདེ་ཞིང་གོ་བ་བསྐྱེད་སླ་བའི་ཆེད་དུ་ཡིན་ལ། སྣོར་ཚུལ་ཐད་ལའང་ཚིགས་བཅད་དང་ཚིག་ལྷུག་གཉིས་སུ་ཕྱེས་ནས་བསྟན་ཡོད། གོ་རིམ་བསྣོར་དགོས་ཀྱང་མ་བསྣོར་བར་རྒྱ་སྐད་ཇི་ལྟ་བ་བཞིན་བསྒྱུར་ན་བརྗོད་དོན་རྟོགས་པའི་གེགས་སུ་འགྱུར་ངེས་ཏེ།ལེགས་སྦྱར་བང་མཛོད་ལས། ཤྱམཱིཀརཎཏཱདཱིནིཤིཥྱཁཊྒཔཐཽཅཡཽ།།མ་ཧཱནུཤཾསོདྲྀགྨརྒཨེཧིཀཱམུཏྲིཀཻརྒུནཻཿ། ༡ མོག་མོག་པོར་བྱེད་ལ་སོགས་དང་། ། ༢ སློབ་མ་བསེ་རུའི་ལམ་གང་དང་། ། ༤ འདི་དག་གཞན་པའི་ཡོན་ཏན་གྱིས། ། ༣ ཕན་ཡོན་ཆེ་བ་མཐོང་བའི་ལམ།།རྒྱ་སྐད་ཀྱི་རིམ་པ་ཨང་ཡིག་ལྟར་རོ། །[24]ཞེས་པ་བཞིན་རྒྱ་གར་སྐད་ཀྱི་ཚིག་རྐང་གསུམ་པ་དང་བཞི་བ་གཉིས་ཀྱི་གོ་རིམ་སྔ་ཕྱིར་བསྣོར་ནས་བསྒྱུར་བས་བོད་ལ་གོ་བདེ་བར་བྱས་ཤིང་། དེ་བཞིན་ཡང་རྩ་ཤེའི་མཆོད་བརྗོད་དུ། ཨནིརོདྷམནུཏྤཱདམནུཙྪེདམཤཱཤྭཏཾ། །ཨནེཀརྠམནཱརྠམནཱགམམནིརྒམཾ། །ཡཿཔྲཏཱིཏྱསམུཏྤཱདཾཔྲཔཉྩཨུཔཤམཾཤིབཾ། །དེཤཡཱམཱསསམྦུདྡྷསྟབནྡེབདཏཱཾབརཾ།། ༥ གང་གིས་བརྟེན་ཅིང་འབྲེལ་བར་འབྱུང་། ། ༡ འགག་པ་མེད་པ་སྐྱེ་མེད་པ། ། ༢ ཆད་པ་མེད་པ་རྟག་མེད་པ། ། ༤ འོངས་པ་མེད་པ་འགྲོ་མེད་པ། ། ༣ ཐ་དད་དོན་མིན་དོན་གཅིག་མིན། ། ༦ སྤྲོས་པ་ཉེར་ཞི་ཞི་བསྟན་པ། ། ༧རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། ། ༨ དཾ་པ་དེ་ལ་ཕྱག་འཚལ་ལོ། །རྒྱ་སྐད་ཀྱི་གོ་རིམ་ཨང་ཡིག་བཞིན་ནོ། །[25]ཞེས་མ་ཡིག་གི་བསྟན་དོན་ཇི་བཞིན་མཚོན་པ་ལ་ཚིག་སྔ་ཕྱིའི་གོ་རིམ་ཅི་བདེར་བསྣོར་ནས་བསྒྱུར་དགོས་པ་དཔེའི་སྒོ་ནས་གསལ་བཤད་ལེགས་པར་མཛད་ཡོད་དོ། །
4.རྣམ་དབྱེའི་སྒྱུར་ཚུལ།
སྐད་གཉིས་ལོ་ཙཱའི་ལས་ལ་འཇུག་པར་ཐོག་མར་བསྒྱུར་བྱ་སྒྱུར་བྱེད་ཡིག་རིགས་གཉིས་ལ་མཁས་དགོས་ཞེས་པ་ལྟར། ཡིག་རིགས་སོ་སོའི་བརྡ་སྤྲོད་ཀྱི་གཞུང་ལ་ཞིབ་ཏུ་སྦྱངས་ནས་དེ་དག་གི་རྣམ་དབྱེ་ཚིག་ཕྲད་སྦྱོར་སྟངས་དང་བཅས་པར་ནང་བྱན་ཆུད་པར་བྱ་དགོས། དེས་ན་སྐད་རིགས་སོ་སོའི་ཚིག་ཕྲད་རྣམ་དབྱེའི་སྦྱོར་སྟངས་སོགས་ཀྱང་འདྲ་མིན་ཐ་དད་ཡིན་ཏེ། ཇི་སྐད་དུ་ལོ་ཆེན་དགེ་ཆོས་ལགས་ཀྱིས”སྐད་ལུགས་སོ་སོའི་རྣམ་དབྱེའི་སྦྱོར་ལུགས་ཤིན་ཏུ་མི་འདྲ་བ་རྒྱུས་མེད་པ་སྟེ། ལེགས་སྦྱར་ལ། ཆུ་ཡིས་གང་བའི་བུམ་པ་བྱ་བ་ལ་ཆུ་ཡི་གང་བའི་བུམ་པ་དང་། ཝ་ར་ན་སའི་རྒྱལ་པོ་བྱ་བར། ཝ་ར་ཎ་ས་ན་རྒྱལ་པོ་སོགས་རྟག་ཏུ་འོངས་བས་བོད་སྐད་དང་ཡེ་མ་འདྲ། བོད་སྐད་དང་རྒྱ་ནག་དབུས་ཀྱི་སྐད་ལྟ་བུ་གཉིས་བསྡུར་དང་ཡང་རྣམ་དབྱེ་སྦྱོར་ལུགས་མི་འདྲ་བ་ཤེས་ཡོང་།”[26]ཞེས་གསུངས་པ་ལྟར་ཡིན་ལ། རྒྱ་གར་གྱི་རྣམ་དབྱེ་ཇི་ལྟ་བ་བཞིན་བོད་སྐད་དུ་བསྒྱུར་ཚེ་སྐྱོན་དུ་འགྲོ་བའང་ཡོད་དེ། དེའི་རིགས་ཀྱི་དཔེ་ལ་དགེ་ཆོས་ལགས་ཀྱིས”ཨབྷིསམཡཱལངྐཱརེཔྲཛྙཱཔཱརམིཏོཔདེཤཤཱསྟེཉནུཔཱུརྦཱབྷིསམཡཱདྷིཀཱརཿཥ༔ཥྚཿ། མངོན་རྟོགས་རྒྱན་ལ། ཤེར་ཕྱིར་མན་ངག་གི་བལྟོས་ལ་མཐར་གྱིས་པའི་མངོན་རྟོགས་ནི། སྐབས་དྲུག་པའོ། །ཞེས་བསྒྱུར་བ་བཞིན། དབྱེ་བ་འབྱེད་ཚེ་དབྱེ་གཞི་ལ་རྣམ་དབྱེ་བདུན་པ་འདི་བོད་སྐད་ལའང་འདུག་མོད། དབྱེ་བའི་ཡ་གྱལ་སྨྲ་ཚེ་རྣམ་དབྱེ་ལྔ་པ་སྦྱར་ལ། རྒྱ་སྐད་ལ་དེ་གཉིས་ཀ་ལ་བདུན་པ་སྦྱར།”[27]ཞེས་དང་། ཡང”ལེགས་སྦྱར་གྱི་སྲོལ་ཐུན་མོང་མིན་པ་སྐད་གཞན་དང་མི་འདྲ་བ་དེ་འདི་ཡིན་མོད། རང་རེས་སྒྲ་པོ་ཏི་གཅིག་ལ་སྦྱངས་ནས་རྒྱ་སྐད་མང་པོ་རྩོམ་པའི་ཁུལ་བྱེད་ཀྱང་སྣང་དག་ཙམ་ཡང་མ་བཏང་བ་དེར་འདུག འདི་མེད་པས་འོ་ཅག་གི་འབྲུག་དང་པ་ཊས་བསྐོར་བའི་སྐད་དེ་ཀུན་རྒྱ་གར་བ་ཚོས་གོ་བའི་རེ་བ་བྲལ། སྐྱོན་གཙོ་བོ་ཞིག་ཚིག་གི་གོ་རིམ་དང་རྣམ་དབྱེ་ཐམས་ཅད་ལ་བོད་སྐད་ཀྱི་འགྲོས་རྐྱང་གབ་པས་ལན། རྒྱ་སྐད་ཀྱི་རྣམ་དབྱེ་དང་པོ་དང་བོད་ཀྱི་གསུམ་པ། བོད་ཀྱི་གཉིས་པ་གསུམ་པ་དང་རྒྱ་སྐད་ཀྱི་དྲུག་པ་རྣམས་ཕལ་ཆེར་མགོ་མཚུངས་སུ་ཡོད་པས་མཚོན་སྦྱོར་ལུགས་མི་འདྲ་བ་ག་ལ་ཡོང་།”[28]ཞེས་སོགས་གསུངས་པ་བཞིན། ཡིག་རིགས་མི་འདྲ་བ་སོ་སོའི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ལེགས་པར་སྦྱངས་ནས་ཁོང་དུ་ཆུད་པར་བྱས་ཏེ། སོ་སོའི་སྐད་ལུགས་བཞིན་གང་ལ་ཅི་ཐོབ་དེ་ལ་དེར་བསྟུན་གྱིས་བསྒྱུར་དགོས་པ་མ་གཏོགས། རྒྱ་བོད་ཀྱི་རྣམ་དབྱེ་རྣམས་རྣམ་པ་ཐམས་ཅད་དུ་དྲང་ཐད་དུ་བསྒྱུར་མི་རུང་། འདི་ནི་ཁོང་གིས་དོན་ཐོབ་གཙོ་བར་བསྒྱུར་བའི་ལོ་ཙཱའི་དགོངས་པ་དེ་དང་མཐུན་པར་བསྟན་པའི་རྣམ་དབྱེའི་སྒྱུར་ཚུལ་ཞིག་གོ །
5.བརྡ་གོམས་སྲོལ་གྱི་སྦྱོར་ལུགས།
སྤྱིར་ན་མི་རིགས་གང་ཞིག་ཡིན་རུང་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་ངོ་བོ་མཚོན་པའི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྦྱོར་ལུགས་ཤིག་གོམས་གཤིས་སུ་ཆགས་ཡོད་དེ། བརྡ་སྤྲོད་ཀྱི་གཞུང་དང་གཏན་ཚིགས་ལ་མི་བསྟུན་པར་སྐད་ཆའི་གནས་སྐབས་ཀྱི་དབང་གིས་གོ་བའི་ཡོངས་གྲགས་ཀྱི་ཚིག་གི་སྦྱོར་བ་ཞིག་གོམས་སྲོལ་དུ་ཆགས་ཡོད། དེར་བརྟེན་སྐད་གཉིས་སྨྲ་བའི་ལོ་ཙཱ་པ་ཞིག་ཡིན་ཕྱིན་བསྒྱུར་བྱ་སྒྱུར་བྱེད་ཡིག་རིགས་གཉིས་ཀྱི་གོམས་སྲོལ་དུ་གྲུབ་པའི་སྐད་ཆའི་སྦྱོར་ལུགས་དེར་འདྲིས་ཆ་མེད་ན། བརྡ་སྤྲོད་གཞུང་ལུགས་སོགས་སུ་མ་བསྟན་པའི་བརྡ་ གོམས་སྲོལ་གྱི་སྐད་ཆའི་སྦྱོར་སྟངས་དེའི་རིགས་བསྒྱུར་དཀའ་སྟེ། འདི་ནི”དཔེར་ན། བོད་སྐད་མི་ཤེས་པ་ཞིག་གིས། རྩེ་ན་བུ་ཆུང་ལག་པའི་ཞིག་སྦྲང་མ། ཞེས་བྲིས་པ་ལ། དེ་མ་དག་གི བུ་ཆུང་ལག་པའི་རྩེ་ན་སྦྲང་མ་ཞིག ཅེས་བྲིས་དགོས་མོད། འོན་ཀྱང་སུམ་རྟགས་ཀྱི་ལུང་ཞིག་དྲངས་ནས་སྔ་མ་ལ་སྐྱོན་སྟོན་དགོས་ན་ཅི་ཡང་མི་རྙེད་པར་ཡུད་ཙམ་གྱིས་གང་ན་སྡོད་དགོས་པ་མྱོང་བས་གྲུབ། གཞན་ཡང་དཔེར་ན། རང་རེའི་ཚིགས་བཅད་ལ། ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ། ཞེས་བྲི་དགོས་ཀྱི། ཆོས་དབྱིངས་ཀྱི་ནམ་མཁའ་ལ་ནི། ཞེས་བྲིས་ན་གཅོད་མཚམས་ཉམས། དེ་བཞིན་གཟུགས་སུ་བལྟ་བྱ་བ་དེ་ཉིད་དང་། གཟུགས་ལ་བལྟ་བྱ་བ་ལས་སུ〔བྱ་བར〕འགྱུར། འོན་ཀྱང་འདི་ཀུན་མཁས་པ་ཐམས་ཅད་ཀྱིས་ཁ་མ་གྲགས་པར་ཐོས་པ་ཙམ་གྱིས་ཤེས་མོད། ཡི་གེའི་བསྟན་བཅོས་གང་ན་སྦྱོར་ལུགས་དེ་དག་བཤད་འདུག་པ་སྟོན་ཅིག”[29]ཅེས་གསུངས་པ་ལྟར། མི་རིགས་སོ་སོའི་སྐད་ཆའི་སྦྱོར་སྟངས་ལ་རང་གི་ཐུན་མིན་གྱི་ཁྱད་ཆོས་ཤིག་གོམས་སྲོལ་དུ་གྲུབ་འདུག་པ་འདི་ནི་ལོ་ཙཱ་གཉེར་མཁན་ཞིག་ལ་མཚོན་ན་ངེས་པར་དུ་བྱང་ཆུབ་པར་བྱ་དགོས། རྒྱུ་མཚན་བརྗོད་དུ་མེད་པའི་སྐད་ཆའི་སྦྱོར་ལུགས་འདི་དག་ཤེས་རྟོགས་བྱ་བ་ལ་སྐད་རིགས་སོ་སོར་རྒྱུན་དུ་མྱོང་གོམས་བྱ་དགོས་ཤིང་། གཞན་དཔེ་མང་ལྟ་ཀློག་བརྒྱུད་དེ་སོ་སོའི་ཐུན་མིན་གྱི་སྐད་ཆའི་བརྗོད་སྟངས་སོགས་ལ་འདྲིས་ཆ་ལྡན་པར་བྱ་དགོས་པ་མ་གཏོགས། བརྡ་སྤྲོད་གཞུང་ལུགས་སྦྱངས་པ་ཙམ་གྱིས་ད་དུང་དཔྱིས་ཕྱིན་པ་རྟོགས་མི་ནུས་སོ། །
བཞི་པ། མིང་དང་ཚིག་གི་འགྱུར་སྐྱོན་བསྟན་པ།
གོང་དུ་བརྗོད་པའི་ལོ་ཆེན་དགེ་ཆོས་ལགས་ཀྱི་ལོ་ཙཱའི་དགོངས་པ་དང་སྒྱུར་ཐབས་སོགས་གང་ཞིག་ཀྱང་ཉིད་ཀྱིས་སྔ་འགྱུར་ལ་དཔྱད་བརྗོད་མཛད་པའི་གོ་རིམ་ཁྲོད་བསྟན་པ་ཡིན་ལ།འགྱུར་དཔྱད་ཁྲོད་མིང་དང་ཚིག་བསྒྱུར་བ་ལས་བྱུང་བའི་འགྱུར་སྐྱོན་ཡང་རེ་འགའ་བསྟན་པ་སྟེ།
1. མིང་གི་འགྱུར་སྐྱོན།
མིང་གི་སྒྱུར་ཚུལ་ཐད་དུ་ལོ་ཆེན་འདིས་རྒྱ་གར་སྐད་རང་སོར་འཇོག་པར་སྒྲ་སྒྱུར་དང་ཡིག་སྒྱུར་གཉིས་སུ་ཕྱེས་ནས་བསྟན་པ་གོང་དུ་བརྗོད་ཟིན་པ་ལྟར་ཡིན་ལ། མིང་གི་འགྱུར་སྐྱོན་ཕྱོགས་སུ་གཙོ་བོ་རྒྱ་གར་དང་བོད་ཀྱི་མིང་བརྡ་ཕན་ཚུན་བསྒྱུར་དུས་དོན་ལ་ནོར་འཁྲུལ་བྱུང་ཡོད་པའི་རིགས་བསྟན་ཡོད་དེ། ཇི་སྐད་དུ་ལེགས་སྦྱར་བང་མཛོད་ལས། “ཨ་ནུ་བྷཱུ་ཏི་ལྟ་བུ་ཉམས་མྱོང་ཅན་བྱ་བའི་དོན་ཡིན་པ་ལ། རྗེས་སུ་འབྱོར་བ་ཞེས་བསྒྱུར་འདུག ཤཱརྡུལ་བྱ་བ་རང་རེ་རྣམས་ཀྱིས་སེངྒེ་རྐང་བརྒྱད་བྱ་བ་ཞིག་གི་མིང་ཡིན་ཟེར། རྣམ་འགྲེལ་དུ་སྟག་ཏུ་བསྒྱུར། འཆི་མེད་མཛོད་དུའང་སྟག་ཏུ་བསྒྱུར། རྒྱ་གར་བ་ཞིག་ལ་དྲིས་པས། གཟིག་ཡིན་ཡང་ཟེར། སྤྱང་ཀི་སྐྱ་ཡུག་ལྟར་འདུག”[30]ཅེས་དང་། ”བྱིན་རླབས་ཀྱི་སྐད་དོད་ཨདྷིཥྛལྷག་གནས་སུ་བསྒྱུར་བ་དང་། དབང་གི་སྐད་དོད་ཨདྷིཀརི་ལྷག་བྱེད་དུ་བསྒྱུར་བ་དང་། ག་ཏི་རྟོགས་བྱ་བ་སོང་བྱ་བར་བསྒྱུར་བ་སོགས” [31]དང་། “ཨཱརྱཱ་རིགས་དང་རྗེ་བོ་ལའོ་བྱ་བ་དང་། ཨརྱཱཎ་བྱ་བའི་རིགས་ཡོད་པ་འདིའི་མིང་དུ་གོ་དགོས་ཀྱི། མང་པོ་དག་གི་ཨཱརྱ་རིགས་ཀྱི་སྐད་དོད་དུ་ཡིན་སྙམ་ནས་རིགས་གསུམ་མགོན་པོ་ལ་ཨཱརྱ་ཏྲི་སོགས་བྲིས་པ་ཡང་ཤིན་ཏུ་ནོར་རོ། །”[32]ཞེས་སྔ་རབས་ལོ་ཙཱ་པས་དོ་གལ་མེད་པར་མཛད་པ་སོགས་ལ་ཞིབ་ཆ་བཏོད་ནས་བརྗོད་དོན་ལ་ནོར་བ་བྱུང་འདུག་པའི་མིང་གི་འགྱུར་སྐྱོན་རིགས་དཔེ་ཉུང་ངུ་དང་བཅས་གསལ་སྟོན་མཛད་ཡོད་དོ། །
གཞན་ཡང་ཉིད་ཀྱི་ཞལ་ནས།”འབྲི་གུང་དཔལ་འཛིན་གྱིས། དང་པོ་འབུས་པས་འབུ་ད་ཡ། བར་དུ་དར་བས་དར་མ་ཡ། མཐའ་མར་སངས་པས་སངྒ་ཡ་ཞེས་པའི་སྒྲ་བཤད་རྒྱུད་དུ་བྲིས། ཞེས་བུདྡྷདྷརྨ་སངྒའི་སྒྲ་བཤད་བླུན་པོ་འགའ་ཞིག་གིས་བྲིས་པ་ལ་དགག་པ་མཛད་པ་ལ། བླ་མ་སོག་ཟློག་པས། དེ་འདྲ་ཡོད་ན་བླུན་ཚིག་ལས་འོས་ཅི་ཡོད་དེ། འོན་ཀྱང་གང་ན་འདུག་སྟོན་ཅིག་ཅེས་ངར་མཛད་ཀྱང་། སྒྲ་ཐལ་འགྱུར་གྱི་ལུང་ཐེག་མཆོག་མཛོད་དུ་དྲངས་པ་ཞིག་ཏུ་ཡང་། ས་ཞེས་བྱ་བ་བསྐྱེད་པའི་དོན། །མ་ཞེས་བྱ་བ་མ་ཉམས་ན། །ཡ་ཞེས་བྱ་བ་གཡེལ་གྱུར་ན། །སོགས་ས་མ་ཡའི་སྒྲ་བཤད་པ་ཡང་། ས་གཞི་དང་མ་མཉམ་བྱ་བའི་ཚིག་གཉིས་ཀྱི་ཡི་གེ་དང་པོ་གཉིས་དང་། གཡེལ་བྱ་བའི་མིང་གཞིའི་ཡི་གེ་ལ་བསམ་ནས་བྲིས་པ་ལྟར་འདུག་པས། རང་རེའི་རྙིང་མའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ལ་བར་སྐབས་སུ་འདི་འདྲ་རེ་ཡོད་པ་ལ་ཡང་བསྙོན་དུ་མེད་པས་དེ་ཙམ་དུ་ཡུས་ཆེ་རྒྱུ་ཡང་མི་འདུག”[33]ཅེས་བསྟན་པ་བཞིན། རྒྱ་གར་ལེགས་སྦྱར་ཡི་གེ་སོར་འཇོག་བྱས་པ་བོད་ཡིག་ཏུ་འཁྲུལ་ནས་སྒྲ་བཤད་བྱས་པ་ནི་ཡིག་སྒྱུར་ལ་དོན་སྐྱོན་བྱུང་བར་བརྗོད་ཅིང་། མིང་གི་འགྱུར་སྐྱོན་འདིའི་རིགས་ནི་དེང་དུས་ཀྱང་མི་ཉུང་བར་འབྱུང་བཞིན་ལགས་ན། སྐད་གཉིས་ལོ་ཙཱ་པ་རྣམས་ཀྱིས་ཐུགས་མཉམ་བཞེས་དགོས་པར་འདུག་གོ།
2.གཏན་ཚིགས་དང་འགལ་བའི་འགྱུར་སྐྱོན།
ཆོས་རྗེ་ས་པཎ་ལགས་ཀྱིས་བསྟན་པའི་ས་མཚམས་འཆུགས་པ་དང་གཅོད་མཚམས་ཉམས་པ། མུན་སྤྲུལ་དུ་བསྒྱུར་བ་སོགས་ཀྱིས་གཏན་ཚིགས་དང་འགལ་ཏེ་བརྗོད་དོན་ནང་འགལ་བྱུང་བ་ལ།ལོ་ཆེན་དགེ་ཆོས་ལགས་ཀྱིས་ཀྱང་དཔེ་དང་བཅས་དགག་གཞག་མཛད་དེ་འགྱུར་བཅོས་གནང་ཡོད་པ་ནི། 《ལེགས་སྦྱར་བང་མཛོད》ལས། མེ་ལོང་མའི་འགྱུར་ནོར་གནད་ཆེ་བ་གཅིག་ནི། ལེའུ་གསུམ་པའི་ནང་ལུང་འགལ་གྱི་དཔེར་བརྗོད་དུ། བདེ་གཤེགས་འདུས་བྱས་འཇིག་པར་ནི། །གསུངས་ལ་བདེན་མོད་དེ་ལྟ་ནའང་། །ཞེས་པ་འདི། བདེ་གཤེགས་འདུས་བྱས་མི་འཇིག་པར། །བདེན་པར་གསུངས་པ་དེ་བཞིན་ཏེ། །ཙ་ཀོ་ར་ཡི་མིག་ཅན་མ། །བདག་གི་སྙིང་ལ་ད་དུང་གནས།།ཞེས་འདོན་དགོས་ཏེ། སཏྱལེབཱཧསུ་གཏཿསཾསྐརཱནབིནཤྭརཱ་ན། །ཏཐཱཧིསཱཙཀོརཱཀྵིསྠིཏཻབཱདྱཱཔིམེཧྲྀདི། སཏྱམ། བདེན་པར། ཨེབ་ཉིད། ཨཱཧ་གསུངས། སུ་གཏ བདེ་གཤེགས། སཾསྐརཱན འདུས་བྱས་རྣམས་ལ།ཨབིནཤྭརཱ་ན མི་འཇིགས་པ་རྣམས་སུ། ཏཐཱ དེ་བཞིན། ཧི ཡིན། སཱམོ། ཙཀོརཨཀྵི ཙ་ཀ་རའི་མིག་ཅན་མ། སྠིཏཱ གནས་པ་མོ། ཨདྱ དེ་རིང་། ཨཔི ཡང་། མེ བདག་གི ཧྲྀདི སྙིང་ལ། རྒྱ་སྐད་ཀྱི་སྦྱོར་ལུགས་འདི་དག་ལ་དྲི་བའི་ཚིག་བར་དུ་བཅུག་ན་རྣམ་པ་གསལ་དུ་འགྲོ་སྟེ།དཔེར་ན། བདེན་པ་ཁོ་ནར་གསུངས་སོ། །སུས། དེ་བཞིན་གཤེགས་པས་སོ། །ཅི་ཞིག འདུས་བྱས་རྣམས་མི་འཇིགས་པར་རོ། །དེ་ལྟར་བདེན་ནམ། དེ་བཞིན་ནོ། །ཅིའི་ཕྱིར་རམ་ཡང་ན་ཇི་ལྟར། ཙཀོརའི་མིག་ཅན་མ་ནི་གནས་སོ། །ཇི་སྲིད་དུ། དེ་རིང་ཡང་། གང་ན། བདག་གི་སྙིང་ལའོ། །ཞེས་པ་ལྟ་བུའོ། །དེ་ལྟར་གོང་དུ་བསྒྱུར་བ་དེ་ལྟར་བྱས་ན། ནང་པའི་རིགས་པ་དང་འགལ་བའི་དཔེར་བརྗོད་ཡིན་པ་ཤིན་ཏུ་གསལ་ཏེ། གཞན་དུ་ན། འཇིག་པར། གསུངས་པ་བདེན་མོད་དེ་ལྟ་ནའང་། ཞེས་པ་ལྟར་བྱས་ཚེ། རིགས་པ་དང་འགལ་བའི་སྐྱོན་མེད་པར་མ་ཟད། ཚིག་སྦྱོར་ཤིན་ཏུ་ཕུན་སུམ་ཚོགས་པ་འགྱུར་ལ། དེ་རིགས་པར་འགལ་བ་ནན་གྱིས་བཙུད་ན། བསྙོན་དོར་དང་འགོག་རྒྱན་དོན་གཞན་བཀོད་སོགས་ཐམས་ཅད་རིགས་པ་དང་འགལ་བར་འགྱུར་རོ། །འདི་ལྟར་བྱས་ན་འདུས་བྱས་ཐམས་ཅད་མི་རྟག་པར་གསུངས་པ་ནི་ནང་པ་སངས་རྒྱས་པའི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིར་གཏོགས་པ་ཡིན་པས། ནང་པའི་རིགས་པ་དང་མི་འགལ།དེ་བོད་ལ་ཚིགས་བཅད་དུ་བསྒྲིགས་ན། བདེ་གཤེགས་འདུས་བྱས་མི་འཇིག་པར། །བདེན་པར་གསུངས་པ་དེ་བཞིན་ཏེ། །ཙ་ཀོ་ར་ཡི་མིག་ཅན་མ། །བདག་གི་སྙིང་ལ་ད་དུང་གནས། །ཞེས་པ་ལྟར་འགྱུར་བས། བདེ་གཤེགས་ཏེ་སངས་རྒྱས་ཀྱིས་འདུས་བྱས་མི་འཇིག་པར་གསུངས་པ་དེ་ནང་པའི་རིགས་པ་དང་དངོས་ནས་འགལ་ལོ། །[34]ཞེས་སོགས་གསུངས་པ་ལྟར་རོ། །
3. འགྱུར་ལྷག་དང་འགྱུར་ཆད་བྱུང་བའི་སྐྱོན།
སྤྱིར་ན་འགྱུར་ལྷག་པ་དང་འགྱུར་ཆད་པ་གཉིས་ནི་བོད་བཙན་པོའི་རིང་ནས་འགྱུར་སྐྱོན་བརྒྱད་ཀྱི་གྲས་སུ་བགྲང་ཡོད་ལ། སྔ་མ་འགྱུར་ལྷག་པ་ཞེས་པ་ནི་བསྒྱུར་བྱ་མ་ཡིག་ན་མེད་ཀྱང་ལོ་ཙཱ་པས་རང་འདོད་དུ་ལྷད་བརྒྱབ་པར་བྱ་ཞིང་། དེ་དང་སྣོན་སྒྱུར་གཉིས་ལ་ངོ་བོའི་ཁྱད་པར་ལྡན་ཏེ། མེད་བཞིན་ཁ་སྣོན་བྱས་པ་འགྱུར་ལྷག་པའི་སྐྱོན་དུ་སོང་ཞིང་། སྣོན་སྒྱུར་ནི་བརྗོད་དོན་གོ་བདེ་ཞིང་རང་སྐད་ལ་འབྲེལ་ཆགས་པའི་ཆེད་དུ་ཚིག་ཟུར་ཅུང་ཟད་རེ་བསྣན་ནས་བསྒྱུར་བ་ལ་གོ དེས་ན་ལོ་ཆེན་དགེ་འདུན་ཆོས་འཕེལ་ལགས་ཀྱིས་སྔ་འགྱུར་རྣམས་རྒྱ་དཔེ་ལ་གཏུགས་ནས་འགྱུར་ལྷག་དང་འགྱུར་ཆད་གང་བྱུང་གསལ་འདོན་བྱས་ཡོད་དེ། དགོངས་འགྲེལ་འགྲེལ་ཆེན་དུ་ཐོགས་མེད་ཀྱི་ལུང་བསྟན་དྲངས་པར། དེ་བཞིན་གཤེགས་པ་ང་འདས་ནས། །སོགས་ཀྱི་ཚིག་དང་པོ་གཉིས་བུ་སྟོན་གྱིས་ད་ལྟའི་རྩ་རྒྱུད་ལ་མི་སྣང་ཟེར་བ་དང་། འདར་ལོས་དཔག་བསམ་འཁྲི་ཤིང་གི་རྒྱ་དཔེར་གཏུགས་ནས། བོད་སྐད་ལ་ཡོད་ཀྱང་རྒྱ་དཔེ་ལ་མེད་པ་རྣམས་ཕར་ཆད་བསབ་བྱས་པར་གསུངས་པ་ལྟ་བུ་དང་། ཡང་རིག་བྱེད་འགོག་སྐབས་ཁྱི་ཤ་ཟ་ཞེས་བྱ་བ་ལ་ཁཱདཙྩམཱཾསམཱིཏི་སོགས་ཤ་ཟོ་ཞེས་བྱ་བ་ལས། ཁྱི་ཤ་ཞེས་པའི་ཚིག་མི་འདུག་པས་ཁྱེད་ཀྱི་བླ་མ་ལོ་ཙཱ་པས་ངེད་ཅག་ལ་སྙིང་ནད་ཀྱིས་སྦྱར་འདུག་ཟེར་ནས་གད་མོ་ཤོར།[35]ཞེས་གསུངས་པ་ལྟར་མ་ཡིག་རྒྱ་གཞུང་ན་མེད་བཞིན་བོད་དུ་ཁ་སྣོན་བྱས་པའི་སྐྱོན་དུ་བརྗོད་ཡོད་དོ། །ཕྱི་མ་འགྱུར་ཆད་པ་ཞེས་པ་ནི་བསྒྱུར་བྱ་མ་ཡིག་ལས་བརྗོད་དོན་སྟོན་པར་མེད་དུ་མི་རུང་བའི་མིང་དང་ཚིག་ཁ་ཤས་འགྱུར་ཡིག་ཁྲོད་ཆད་པ་ལ་བྱ་ཞིང་། དེ་དང་འཕྲི་སྒྱུར་གཉིས་ལའང་ངོ་བོའི་ཁྱད་པར་ཡོད་དེ། སྔ་མ་ནི་ངེས་པར་འགྱུར་དགོས་ཀྱི་དོན་རྣམས་མ་བསྒྱུར་བས་སྐྱོན་དུ་སོང་ཞིང་། ཕྱི་མ་ནི་དགོས་མེད་ཀྱི་ཚིག་ལྷག་རྣམས་བསྐྱུངས་ཤིང་བརྗོད་དོན་ཉུང་ངུར་བསྡུས་ནས་མཚོན་པས་ན་ལོ་ཙཱ་བྱ་བའི་ཡོན་ཏན་དུ་མངོན་ནོ། །འགྱུར་སྐྱོན་འདིའི་རིགས་ལའང་ལོ་ཆེན་དགེ་ཆོས་ལགས་ཀྱིས་མ་གཞུང་ལ་གཏུགས་ནས་གསལ་པོར་བསྟན་ཞིང་ཁ་གསབ་མཛད་ཡོད་དེ།”སྙན་དངགས་མེ་ལོང་ནི་བོད་དུ་སྐད་གཉིས་ཤན་སྦྱར་ཞིག་ཡོད་པས་འདིར་ཚིགས་བཅད་སོགས་མ་དྲངས་ལ། རྒྱ་གར་གྱི་དཔེ་རྣམས་ལྟར་ན་འགྱུར་ཆད་པའི་ཆ་འདི་རྣམས་ཡོད་དེ། ལེའུ་གཉིས་པའི། ཨིདྲྀཤཾབཪྒཏེསདྡྷིཿཀཱརཎཾཏཏྲཅིནྟྱཏཱམ། །གུཎདོཥབིཅཱརཱཡསྭཡམེབམཱནཱིཥིབྷིཿ།། འདི་འདྲ་སྤངས་ཏེ་མཁས་རྣམས་ཀྱིས། །རྒྱུ་ཡང་འདིར་ནི་བསམ་པར་བྱོས། །བྱ་བའི་མཇུག་གི་རྒྱ་སྐད་ཚིག་རྐང་གཉིས་མ་བསྒྱུར། འདི་དཔེ་རྒྱན་གྱི་སྐྱོན་སེལ་སྐབས་ན་ཡོད། དེའི་རྗེས་མཚུངས་པ་གསལ་བྱེད་ཀྱི་སྒྲ་རྣམས་རྫོགས་ནས། སྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན། །བྱ་བའི་མཇུག་ཏུ། ཨུཔམཱཡཱམིམེཔྲོཀྟཱཿཀབིནཱཾབུདྡྷིསཽཁྱདཱཿ། བྱ་བའི་རྐང་བ་གཉིས་ཆད།”ཅེས་དང་།”ཡང་རབ་སྤེལ་གྱི་སྐབས། འདི་ལ་བྱ་དཀའ་ཅི་ཞིག་ཡོད། ཅེས་པའི་མཇུག་ཏུ། ལིམྤཏཱིབཏམོཉངྒཱནིབཎཏཱིཔཱཉྫནཾནབྷཿ།། ཨསཏྤུརུཥསེབེབདྲྀཥྚིརྦཕལཏཱཾགཏཱ། བྱ་བའི་ཚིགས་བཅད་དོ་གལ་ཆེ་བ་འདི་ཡང་ཆད།།……དེས་ན་རྒྱ་སྐད་ཚིགས་བཅད་བཞི་དང་རྐང་བ་གཉིས་པོ་འདི་སྙན་ངག་མེ་ལོང་མའི་འགྱུར་ཆད་ལགས་ཤིང་།……བོད་ཀྱི་ཡུལ་དུ་ལེགས་སྦྱར་བཀླག་ཤེས་པར་མ་ཟད། རྩོམ་ཡང་ཤེས་པའི་མཁས་པ་གྲངས་ཀྱིས་མི་ཆོད་པ་བཞུགས་པ་དེ་ཀུན་གྱིས། ཤོ་ལོ་ཀ་ཕྱེད་དང་ལྔ་པོ་འདི་དག་ལེགས་པར་བསྒྱུར་ནས་དཎྜིའི་གཞུང་ཆ་ཚང་བར་མཛད་པས་རིགས་སོ། །”[36]ཞེས་པ་བཞིན་དང་། གཞན་ཡང་འཆི་མེད་མཛོད་སོགས་གཞུང་དུ་མར་འགྱུར་ཆད་བྱུང་བའང་རེ་རེ་བཞིན་བསྟན་པར་མ་ཟད། འགྱུར་ཆད་པ་དེ་དག་ལེགས་པར་བསྒྱུར་ནས་ཁ་གསབ་མཛད་དགོས་པའི་འབོད་སྐུལ་ཡང་བཏང་ཡོད་དོ། །
དཔྱད་རྩོམ་འདི་ནི2013ལོའི་རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་ནུབ་ཁུལ་ལས་གཞི་སྟེ། བོད་ཀྱི་ལོ་ཙཱའི་གཞུང་ལུགས་མཐའ་དཔྱོད་ཅེས་པའི་དཔྱད་འབྲས་ཀྱི་ནང་གསེས་ཤིག་ཡིན། ཆོག་མཆན་ཨང་རྟགས་ནི13XWW023ཡིན།
ཟུར་བལྟའི་དཔྱད་གཞི།
[1][7] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིགསི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988:17.12.
[2][3][4][5][6][8][9][10][24][25][26][27][30][31][34][36] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990:399.390.420.400.370.421.370.366.406.415.371.412.366.462.448.445.445-446.
[11][12][13][14][15][19][20][21][22][23][28][29][32][33][35] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990:284.283.284.24.285.243.9.263.8.275.280.292.154.264.37.
[16][17][18] ཞུའུ་ཅིན་གྱིས་བསྒྲིགས། དེང་རབས་ཨ་རིའི་ལོ་ཙཱའི་གཞུང་ལུགས། རྒྱ་ཡིག་དེབ། ཧོ་པེ་སློབ་གསོ་དཔེ་སྐྲུན་ཁང་། 2000:62-63.84.85.