རྩོམ་པ་པོ། སློབ་མ་ཚེ་དབང་མཐུ་སྟོབས།༼སྡེ་དགེ།༽
ངའི་ཕ་ཡུལ་ནི་སྡེ་དགེ་ཡིན། སྡེ་དགེ་ནི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དང་། ཁམས་པའི་རིག་གནས་ཀྱི་འབྱུང་གནས་ཡིན་ཞེས་པའི་མཚན་སྙན་རྒྱལ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད། རྒྱུ་མཚན་ནི་སའི་སྒོ་ནས་བརྗོད་ན་སྡེ་བཞི་དགེ་བཅུ་དང་ལྡན་པའི་མཚན་ཉིད་དང་། གྲུ་མཐའ་ཁག་གི་དགོན་སྡེ་རྣམས་མ་ཚང་བ་མེད་ལ། པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་དུ་རིག་པའི་གནས་མཐའ་དག་དང་། སངས་རྒྱས་ཆོས་ལུགས་དང་ཐུན་མོང་དང་ཐུན་མིན་གྱི་བསྟན་བཅོས་མ་འདུས་བ་མེད་ལ། གནས་འདི་རུ་སི་ཏུ་པཎ་ཆེན་གཙོས་པའི་མཁས་གྲུབ་མང་དུ་བྱོན་ཞིང་། ཁོང་གིས་དཔལ་སྤུངས་གདན་ས་ཆེན་མོ་རུ་བཟོ་གསོའི་བསྟན་པ་རླབས་པོ་ཆེ་སྤེལ་ཏེ། ད་བར་དུ་ཟུར་ལུགས་བོད་ཀྱི་གསོ་རིག་དང་། ཀརྨ་སྒར་བྲིས་ཀྱི་སྲོལ་རྒྱུན་མ་ཉམས་གོང་དུ་འཕེལ་བཞིན་མཆིས། ད་རུང་གེ་སར་སྒྲུང་ངག་དབྱངས་སུ་གྱེར་བའི་རྒྱུད་འཛིན་པ་དང་། སྡེ་དགེའི་བྲོ་ཆེན་ནམ་མདུན་བྲོ་ཞེས་པ་བོད་ཀྱི་ཞབས་བྲོ་ལས་ཁྱད་ཆོས་འབུར་དུ་ཐོན་པ་དང་ཞྭ་ལུགས་གོས་རྒྱན་སོགས་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པ། བྲིས་དཀར་ནག་དང་མགར་བཟོ་ལག་རྩལ་སོགས་མདོར་ན་བོད་ཀྱི་རིག་གནས་མཐའ་དག་སྔར་བཞིན་སྲོལ་རྒྱུན་མ་ཉམས་པ་དང་མ་ཚང་བ་མེད་པ་ཁྱད་ཆོས་ལྡན་པའི་སྒོ་ནས་ཟླ་བ་ཡར་ངོ་བཞིན་དུ་སྔོག་འདོན་དང་རྒྱུད་འཛིན་དར་སྤེལ་བྱེད་མུས་སུ་མཆིས།
སྡེ་དགེའི་རི་ཀླུང་དག་ནི་ཡིད་ལྷུང་ལྷ་མཚོ་གཙོས་པའི་མཚོ་དང་མཚེའུ་ཡི་ཆུ་ནི་དྭངས་ཤིང་གསལ་བ། ཆུ་རྟིང་གི་རྡེའུ་དང་ཉ་མོ་འཁྱུག་པ་ཡང་མཐོང་ཐུབ་ལ། མེ་ལོང་དང་ཀུན་ནས་མཚུངས། ཕ་ཡུལ་གྱི་ཆུ་ནི་ཧ་ཅང་ཞིམ་ཞིང་མངར་ཞད་དང་འཚོ་བཅུད་ཀྱང་བཟང་། ཕོ་བ་སོགས་ཀྱི་ནད་ལའང་ཕན། ཕ་ཡུལ་གྱི་ཆུ་འདི་འདྲའི་ཡོན་ཏན་ལྡན་པའི་ཆུ་མཐོང་མ་མྱོང་། ཁྲོ་ལ་རི་བོ་ནི་བརྗིད་ཅིང་རྔམ་ལ་མཐོ་ཚད་ཧ་ཅང་མཐོ། གནའ་དུས་ནས་ཆགས་པའི་ནགས་ཚལ་མང་ལ་རྩ་ཆེན་གྱི་གཅན་གཟན་སོགས་ཡོད་ལ། སྤང་ལྗོངས་ནེའུ་གསིང་དག་ཏུ་མེ་ཏོག་སྣ་ཚོགས་བཞད། རིའི་ཐོག་ཏུ་སྲོག་ཆགས་དང་སྨན་རྩྭ་སྣ་ཚོགས་སྐྱེ་བ། ད་དུང་རི་བོའི་ཐོག་ཏུ་དགོན་པ་ཡང་ཡོད། སྡེ་དགེའི་ཞོགས་པར། མཁའ་དབུགས་ཧ་ཅང་བཟང་། མི་རྣམས་སྔ་མོར་ལངས་ནས་པར་ཁང་སྐོར་བ་དང་། བསང་མཆོད་བྱེད་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན། ཕ་ཡུལ་གྱི་རི་ནི་ཅི་འདྲ་བའི་མཚར་བ། རི་བོ་རེ་རེ་ཀ་བ་ལྟར་གྱེན་དུ་འགྲེང་པ་མང་ཞིང་། ཕན་ཚུན་དུ་མི་འབྲེལ་ཏེ། ལ་ལ་ཁང་བ་འདྲ་བ། ལ་ལ་ནི་སེང་གེ་འདྲ། ཕ་ཡུལ་གྱི་རི་ཆུ་ལ་འགྲན་ཟླ་མེད། དེ་ལས་ཀྱང་སྲོལ་རྒྱུན་གྱི་རིག་གནས་དང་ལྡན་པའི་གནའ་རབས་ཀྱི་གྲོང་ཚོ་སྡེ་དགེའི་མངའ་ཁོངས་ལ་འགྲན་པ་སུ་ཡིས་ནུས། ང་ཚོ་ན་གཞོན་རྣམས་ཀྱིས་རྒྱུད་འཛིན་དང་དར་སྤེལ་དགོས་པ་ནི་ལྡོག་མེད་ཀྱི་འོས་འགན་ཡིན།
ང་རང་རིག་གནས་དང་ཁྱད་ཆོས་ཀྱི་ཕྱུག་པའི་ཕ་ཡུལ་དང་། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་དགའ། ང་རང་བརྗིད་རྔམ་ལྡན་པའི་རི་བོ་ལ་དགའ། ང་རང་ཕ་ཡུལ་གྱི་རི་ཀླུང་ལ་དགའ། མ་ཚད་སྲོལ་རྒྱུན་གྱི་རིག་གནས་ལ་དགའ་ཞེན་ཚད་ལས་འདས།
སྡེ་དགེ་རྫོང་སློབ་འབྲིང་གི་ལོ་རིམ་བརྒྱད་པའི་དྲ་རྒྱའི་འཛིན་གྲྭ།
༢༠༡༩ལོའི་ཟླ་བ་༡༠པའི་ཚེས་༡ཉིན།