རྒྱལ་སྲུང་པུས་ཨ་རིས་རང་རེའི་ལྷོ་རྒྱ་མཚོའི་དམག་སྦྱོང་ཐད་སྐྱོན་འཛུགས་བྱས་པར་དམིགས་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-13


     རྒྱལ་སྲུང་པུའུ་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་རེན་གོ་ཆང་གིས་ཚེས་9ཉིན་ཨ་རིའི་རྒྱལ་སྲུང་པུས་གནས་ཚུལ་སྤེལ་ནས་རང་རེའི་ལྷོ་རྒྱ་མཚོའི་དམག་སྦྱོང་ཐད་སྐྱོན་འཛུགས་བྱས་པར་དམིགས་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། རེན་གོ་ཆང་གིས་ཨ་རིའི་རྒྱལ་སྲུང་པུས་དོན་དངོས་ལ་མི་བལྟོས་པར་དཀར་ནག་གོ་ལྡོག་བྱས་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་འབྲེལ་བར་དཀྲུག་ཤིང་བརྒྱབ་ནས། བར་ཁེ་རག་ཐབས་བྱེད་པའི་རེ་ངན་འཆང་གི་ཡོད་པས། ང་ཚོ་དེའི་ཐད་ལ་གཏན་ནས་མི་འཐད་ཅིང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     གསར་འགོད་པ་ཞིག་གིས། ཟླ་7ཚེས་2ཉིན་ཨ་རིའི་རྒྱལ་སྲུང་པུས་ཀྲུང་གོའི་དམག་དཔུང་གིས་ཤིས་ཧྲ་གླིང་ཚོམ་ཉེ་འགྲམ་དུ་དམག་སྦྱོང་བྱས་པར་གནས་ཚུལ་ཡོངས་བསྒྲགས་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱི་བྱ་སྤྱོད་ལས་ལྷོ་རྒྱ་མཚོའི་གནས་བབ་ལ་ཟིང་ཆ་སློང་བར་སྐྱོན་འཛུགས་བྱས་པ་རེད། དེའི་ཐད་དཔྱད་གཏམ་གང་ཞིག་ཡོད་དམ་ཞེས་དྲིས་པར། 
     རེན་གོ་ཆང་གིས། ཉེ་ཆར་ཀྲུང་གོའི་དམག་དཔུང་གིས་ཀྲུང་གོའི་ཤིས་ཧྲ་གླིང་ཚོམ་མཚོ་ཁོངས་སུ་དམག་དོན་སྦྱོང་བརྡར་བྱས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཟླ་6ཚེས་27ཉིན་ཕྱི་ཕྱོགས་སུ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་ལོ་འཁོར་གྱི་སྦྱོང་བརྡར་འཆར་གཞིའི་ནང་གི་འཆར་ཅན་གྱི་བཀོད་སྒྲིག་ཡིན་ལ། དམིགས་ཡུལ་ནི་ཀྲུང་གོའི་དམག་དཔུང་གི་མཚོ་ཐོག་འགོག་སྲུང་བྱེད་ཤུགས་ཆེ་རུ་ནུས་ལྡན་བཏང་ནས། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་ཡིན། སྦྱོང་བརྡར་དེ་ནི་དམིགས་བསལ་གྱི་རྒྱལ་ཁབ་དང་དམིགས་འབེན་གང་རུང་ལའང་དམིགས་པ་མིན། ཨ་རིའི་རྒྱལ་སྲུང་པུས་དོན་དངོས་ལ་མ་བལྟོས་པར་དཀར་ནག་གོ་ལྡོག་བྱས་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་འབྲེལ་བར་དཀྲུག་ཤིང་བརྒྱབ་ནས། བར་ཁེ་རག་ཐབས་བྱེད་པའི་རེ་ངན་འཆང་གི་ཡོད། ང་ཚོ་དེའི་ཐད་ལ་གཏན་ནས་མི་འཐད་ཅིང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། 
     རེན་གོ་ཆང་གིས། མིག་སྔར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། ལྷོ་རྒྱ་མཚོའི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་དང་ལེགས་སུ་འགྲོ་བཞིན་ཡོད། གནས་བབ་དེའི་འོག ཨ་རིས་སྔོན་ཐོན་གྱི་དམག་གྲུ་འབོར་ཆེན་མངགས་ནས་ལྷོ་རྒྱ་མཚོར་འཁྲུག་རྐྱེན་སློང་བ་དང་དྲག་ཤུགས་སྟོན་པ་དང་། “མཚོ་འགྲུལ་བཙན་དབང”གི་བྱ་སྤྱོད་ཐེངས་མང་སྤེལ་ནས། ས་ཁུལ་དེ་གའི་བདེ་འཇགས་དང་བརྟན་ལྷིང་ལ་འཇིགས་སྣང་སྐུལ་བཞིན་ཡོད། དེ་ནི་ལྷོ་རྒྱ་མཚོའི་ས་ཁུལ་དམག་དོན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་མཁན་ཆེ་ཤོས་དེ་ཡིན་པ་དང་ས་ཁུལ་དེ་གའི་རྒྱལ་ཁབ་ཀྱི་ཞི་བདེར་དགའ་བའི་འབད་བརྩོན་དང་བསམ་འདུན་དང་རྒྱབ་འགལ་དུ་སོང་ཡོད་ཅེས་བརྗོད།
     རེན་གོ་ཆང་གིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ས་ཁུལ་དང་རྒྱལ་ཁབ་དབར་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་གཞོལ་ནས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་དར་སྤེལ་གཏོང་བཞིན་ཡོད། ང་ཚོས་ཨ་རི་ཕྱོགས་ཀྱིས་རང་སྐྱོན་རང་བརྟག་བྱས་ནས། ལྷོ་རྒྱ་མཚོར་དམག་དོན་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུ་དང་། ཀྲུང་གོ་ཕྱོགས་ལ་དོན་མེད་སྐྱོན་འཛུགས་བྱེད་མཚམས་འཇོག་རྒྱུ། ས་ཁུལ་དང་རྒྱལ་ཁབ་ལ་དབྱེན་སྦྱོར་དཀྲུག་ཤིང་བྱེད་མཚམས་འཇོག་རྒྱུ། ཛ་དྲག་ཆེ་བའི་གནས་ཚུལ་བཟོ་མཚམས་འཇོག་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་ནན་བཤད་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1