ཉེ་དུས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་སྟེ། ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ཚན་པ་བདུན་དང་མཉམ་འབྲེལ་ཐོག ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་བཅགས་ཏེ་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་ཕྲན་དང་། ཁེར་གཉེར་བཟོ་ཚོང་དུད་ཁྱིམ་གྱི་ཁང་གླའི་གནོན་ཤུགས་ཆུང་དུ་གཏང་རྒྱུར་སྔར་བས་རོགས་སྐྱོར་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་ནས་ཁང་གླ་ཆག་ཡང་དང་། ནོར་ཁྲལ་གྱི་གཟིགས་སྐྱོང་། དངུལ་རྩའི་རྒྱབ་སྐྱོར། ཁང་པ་བོགས་གཏོང་སོགས་ཀྱི་ཐད་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་ཕྲན་དང་ཁེར་གཉེར་བཟོ་ཚོང་དུད་ཁྱིམ་གྱི་ཁང་གླའི་གནོན་ཤུགས་ཆུང་དུ་གཏང་རྒྱུར་སྔར་བས་རོགས་སྐྱོར་བྱ་རྒྱུ་རེད།
ལག་བསྟར་ཇུས་གཞི་དེའི་ནང་། ཁང་གླ་ཆག་ཡང་དང་ཡང་ན་རྩ་ཆག་དང་བོགས་དངུལ་སྤྲོད་ཡུན་དུས་འགྱངས་གཏོང་བའི་སྲིད་ཇུས་ཀྱིས་གཙོ་བོ་ཚོང་གཉེར་དཀའ་ངལ་ཡོད་པའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་ཕྲན་དང་། ཁེར་གཉེར་བཟོ་ཚོང་དུད་ཁྱིམ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ནད་ཡམས་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ཚོང་གཉེར་དཀའ་ངལ་འཕྲད་པའི་བཟའ་བཏུང་དང་འགྲུལ་ཁང་། ཡུལ་སྐོར། སློབ་གསོ་སྦྱོང་བརྡར། ནང་ལས། གློག་བརྙན་ཁང་དང་ཟློས་གར་ཁང་། རྣམ་པ་མཛེས་བཟོ་དང་སྐྲ་མཛེས་བཟོ་སོགས་ཀྱི་ལས་རིགས་ལ་སྔོན་ལ་རོགས་སྐྱོར་བྱ་རྒྱུ་ཁ་གསལ་བཏོན་ཡོད་པ་རེད།
ལག་བསྟར་ཇུས་གཞི་དེས་གཞུང་ཁོངས་སྡོད་ཁང་བོགས་མར་ལེན་མཁན་གྱི་དཀའ་ངལ་ཡོད་པའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་ཕྲན་དང་། ཁེར་གཉེར་བཟོ་ཚོང་དུད་ཁྱིམ་ལ་ལོ་སྟོད་ཟླ་བ་གསུམ་གྱི་ཁང་གླ་རྩ་ཆག་གཏང་རྒྱུ་དང་། བོད་ཀྱི་ཁོངས་སུ་ཡོད་པའི་ཀྲུང་དབྱང་ཁོངས་གཏོགས་ཀྱི་གཞུང་ཁོངས་སྡོད་ཁང་ཁང་གླར་གཏོང་བའི་རིགས་ལ་གཏན་འབེབས་གཞིར་བཟུང་སྟེ། ཚོང་གཉེར་དཀའ་ངལ་ཡོད་པའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་ཕྲན་དང་། ཁེར་གཉེར་བཟོ་ཚོང་དུད་ཁྱིམ་ལ་ཁང་གླའི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱ་རྒྱུ། གཞུང་ཁོངས་མ་ཡིན་པའི་སྡོད་ཁང་བོགས་མར་ལེན་མཁན་དཀའ་ངལ་ཡོད་པའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་ཕྲན་དང་། ཁེར་གཉེར་བཟོ་ཚོང་དུད་ཁྱིམ་ལ་ཁང་གླ་གཏོང་མཁན་གྱིས་ཁོ་ཚོའི་དོན་དངོས་དཀའ་ངལ་ལ་གཞིགས་ཏེ། ཕྱོགས་གཉིས་ཀས་གྲོས་མོལ་གྱི་རྨང་གཞིའི་ཐོག་ཁང་གླ་ཆག་ཡང་དང་ཡང་ན་དུས་འགྱངས་བྱེད་པའི་སྐུལ་མ་གཏང་རྒྱུ་བཅས་རེད།
ལག་བསྟར་ཇུས་གཞི་དེའི་ནང་། ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་ཕྲན་དང་། ཁེར་གཉེར་བཟོ་ཚོང་དུད་ཁྱིམ་གྱི་ཁང་གླ་ཆག་ཡང་གཏོང་བའི་བོགས་གཏོང་མཁན་ལ་རང་སྐྱོང་ལྗོངས་ཁྲལ་དོན་ཅུད་ཀྱིས་ཁེ་ལས་ཆུང་ཕྲན་གྱི་ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་གཅོག་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། རང་ལྗོངས་ཀྱི་ཁེ་ལས་ཆུང་ཕྲན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་ཀྱི་དཔྱ་ཁྲལ་གཅོག་པའི་སྲིད་ཇུས་དང་། འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་དཔྱ་ཁྲལ་འཇལ་མཁན་གྱི་ཁྲལ་བབ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། གཞི་ཁྱོན་ཆུང་བའི་དཔྱད་ཁྲལ་འཇལ་མཁན་གྱི་འཕར་ཁྲལ་ཕྱིར་འཚོང་བྱ་སྤྱོད་ཀྱི་ཁྱོན་བསྡོམས་ཟླ་རེར་ཕྱིར་འཚོང་བྱས་ཚད་སྒོར་ཁྲི་༡༠ལས་བརྒལ་བའི་རིགས་ལ་འཕར་ཁྲལ་ཆག་ཡང་གཏང་རྒྱུ། དམིགས་བསལ་དཀའ་ངལ་འཕྲད་དེ་དུས་བཀག་ལྟར་དཔྱ་ཁྲལ་འཇལ་མི་ཐུབ་པའི་ཁེ་ལས་ལ་དུས་ཚོད་རིང་ཤོས་ཟླ་བ་གསུམ་ལས་མི་བརྒལ་བའི་ཁྲལ་དངུལ་དུས་འགྱངས་བྱེད་པ་དང་། བོགས་མར་གཏོང་མཁན་གྱི་ཁྲལ་བསྡུའི་ཁུར་པོ་ཡང་དུ་གཏང་རྒྱུ་བཅས་བཏོན་ཡོད་པ་རེད།
དེ་དང་ཆབས་ཅིག གཞུང་ཁོངས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ཚན་པས་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་ཕྲན་དང་། ཁེར་གཉེར་བཟོ་ཚོང་དུད་ཁྱིམ་ལ་ལོའི་ནང་ཚུན་དུ་དངུལ་བུན་དེ་ཅམ་འཕར་སྣོན་བྱས་ཏེ། ཞིབ་མཆན་མགྱོགས་པོ་འགོད་པའི་ཐབས་ལམ་བཟོས་ཏེ་ཆེད་མངག་ཁང་གླ་སྤྲད་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད།