སྔོ་ཚལ་ཐོན་ལས་དར་བ་ཡིས།། དབུལ་བྲལ་གྲུབ་འབྲས་བརྟན་པོར་གྱུར།།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 07-14



ཀ་ཐོག་ཡུལ་ཚོའི་མང་ཚོགས་ཀྱིས་རབ་ཁ་གྲོང་སྡེའི་ཐོན་ལས་རྟེན་གཞི་རུ་ཞོག་ཁོག་དང་གླང་རྔ་འདེབས་བཞིན་པ།

     ཟླ་7པར། འཛམ་ཐང་རྫོང་ཀ་ཐོག་ཡུལ་ཚོ་རབ་ཁ་གྲོང་སྡེ་རུ་བསྐྱོད་སྐབས། ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་ཞིང་ཁྱིམ་རེའི་སྒོ་ཁར་ཤར་གཏོང་བྱུང་ཡོད་ཅིང་། མཛེས་ཤིང་གྲལ་དག་པའི་ཞིང་བའི་སྡོད་ཁང་དང་། ལམ་འགྲམ་གྱི་ཉི་ནུས་གློག་སྒྲོན་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ། རབ་ཁ་གྲོང་སྡེ་རུ་བདེ་ཞིང་སྐྱིད་པའི་རྣམ་པས་ཁེངས་འདུག
     རབ་ཁ་གྲོང་སྡེའི་མི་རྣམས་ལ་བཞག་པའི་བག་ཆགས་ཟབ་ཤོས་ནི་གྲོང་གསེབ་གསར་བའི་འགྱུར་ལྡོག་དང་མང་ཚོགས་ཀྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བ་དེ་ཡིན་ཞིང་། སྡེ་མི་ཚོ་སྔོ་ཚལ་འདེབས་འཛུགས་རྟེན་གཞི་རུ་ས་སློག་པ་དང་། ས་བོན་འདེབས་པ། འགྱིག་ཤོག་འགེབ་པ་བཅས་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་དང་། རབ་ཁ་གྲོང་སྡེའི་བདེ་སྐྱིད་ཀྱི་འཚོ་བ་ནི་སྡེ་མི་ཚོའི་བརྩོན་པ་ལས་བྱུང་བ་ཡིན།
     ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་གནམ་གཤིས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། ཤུགས་ཆེན་གྱིས་མཐོ་སྒང་གི་སྔོ་ཚལ་འདེབས་འཛུགས་ལས་རིགས་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་སུ་བཏང་བ་དང་། ཐོན་ལས་དབུལ་སྐྱོར་སྐུལ་སྤེལ་བཏང་སྟེ་དབུལ་བྲལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་བོའི་ཡོང་འབབ་བརྟན་འཇགས་ཡོང་བར་འགན་ལེན་བྱས།
     ཛམ་བྷ་ལ་དབྱིན་ཏིང་ཧྲན་རོང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི་ནི་རང་ཁུལ་གྱི་རོང་འབྲོག་ཐོན་རྫས་ཕྱིར་ཚོང་བྱེད་མཁན་གྱི་གཙོ་ཁྲིད་ཁེ་ལས་ཤིག་ཡིན་ཞིང་། ཁེ་ལས་བརྒྱ་ཡིས་གྲོང་སྡེ་བརྒྱ་ལ་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་གནད་འཁེལ་གྱི་ལས་དོན་ཁྲོད། ཀུང་སི་དེས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཁེ་ལས་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་པ་དང་། ཀ་ཐོག་ཡུལ་ཚོ་རབ་ཁ་གྲོང་སྡེས་2019ལོར་ཞིང་ས་སྐོར་སྤྱོད་བྱས་པ་བརྒྱུད་ནང་འདྲེན་བྱས་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་དང་མཉམ་ལས་ཀྱི་དུས་ཚོད་ལོན་རྗེས་མཉམ་ལས་རོགས་ཟླ་གཞན་ཞིག་འཚོལ་བཞིན་པ་ཤེས་རྗེས། ཀུང་སི་དེས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ། ལྗང་མདོག་བདེ་ཐང་བཅས་དང་། ཁེ་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འདུ་ཤེས་བཅངས་ཏེ། དུས་ཐོག་ཏུ་རབ་ཁ་གྲོང་སྡེ་དང་མཉམ་ལས་གྲོས་མཐུན་བཀོད་ཡོད།


ཀ་ཐོག་ཡུལ་ཚོའི་མང་ཚོགས་ཀྱིས་རབ་ཁ་གྲོང་སྡེའི་ཐོན་ལས་རྟེན་གཞི་རུ་ཞོག་ཁོག་དང་གླང་རྔ་འདེབས་བཞིན་པ།

     ཛམ་བྷ་ལ་དབྱིན་ཏིང་ཧྲན་རོང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཝུན་ཅིང་གིས། ད་ལོར་ང་ཚོས་སྔོ་ཚལ་མང་བོ་ཚོད་འདེབས་བྱས་པ་དང་། སྔོ་ཚལ་གྱི་ཚོང་རྟགས་བཟོས་ཏེ་སྔོ་ཚལ་གྱི་ཚོང་ལམ་རྒྱ་སྐྱེད་ཡོད་ལ། ཀུང་སིས་ད་དུང་སྡེ་མི་ཚོར་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་ཁྲིད་སྟོན་བྱས་ཡོད་ཅེས་བཤད།
     རབ་ཁ་གྲོང་སྡེའི་སྡེ་མི་རྡོ་རྗེ་ཡིས། སྔོན་ཆད་ངེད་ཚང་གིས་སྔོ་ཚལ་འདེབས་མྱོང་མོད། འོན་ཀྱང་ལག་རྩལ་གྱིས་མི་འདང་བས་ཐོན་ཚད་ཞན་ལ་ཡོང་འབབ་མང་བོ་མེད། ད་སྐབས་ངས་ངེད་ཚང་གི་ཞིང་ས་ཀུང་སིར་གླས་པ་དང་། ཀུང་སིས་ངེད་ཚང་ལ་གླས་གླ་སྟེར་བར་མ་ཟད། སྔོ་ཚལ་རྟེན་གཞི་རུ་ཞོར་ལས་གཉེར་ནས་ཟླ་རེར་ཟླ་ཕོགས་ཡོད་ཅེས་བཤད། མིག་སྔར་རབ་ཁ་གྲོང་སྡེ་རུ་སྡེ་མི་རྡོ་རྗེ་དང་འདྲ་བའི་ཞིང་བ་མང་བོ་ཡོད།
     རྒྱུས་ལོན་པ་ལྟར་ན། རབ་ཁ་གྲོང་སྡེའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཡིས་ཀུང་སི་དང་རྟེན་གཞི། ཞིང་ཁྱིམ་སྦྲེལ་བའི་བདག་གཉེར་བྱེད་ཐབས་སྤེལ་ཞིང་། ལོ་རེར་ཞིང་ས་མུའུ་གཅིག་ལ་གླས་གླ་སྒོར་450ཡིན་པ་དང་། སྡེ་མི་ཚོས་ལོ་ཕྱེད་ཙམ་ལ་རྟེན་གཞི་རུ་ཞོར་ལས་གཉེར་ཆོག་ལ། ཉིན་རེར་གླ་ཆ་སྒོར་90ཡོད་པ་དང་། མི་རེར་ལོ་རེར་སྒོར་10000ཡོད།
     ཐོན་ལས་ཀྱི་རྟེན་གཞི་བཙུགས་པ་དེས་ངལ་རྩོལ་བྱེད་ནུས་ཡོད་པའི་མང་ཚོགས་དང་། ལོ་ན་མཐོ་བའི་ཞིང་བ་བཅས་ཀྱི་ལས་ཞུགས་འགན་སྲུང་གང་ལེགས་བྱས་པ་དང་ཆབས་ཅིག ས་རྒོད་ཀྱང་བེད་སྤྱོད་གང་ལེགས་བྱས་ཡོད།
     ད་ལོར། ཛམ་བྷ་ལ་དབྱིན་ཏིང་ཧྲན་རོང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིས་རབ་ཁ་གྲོང་སྡེའི་ཞིང་ས་མུའུ་1116སྐོར་སྤྱོད་བྱས་ཏེ་ས་ཞིང་མུའུ་སྟོང་ཡོད་པའི་སྔོ་ཚལ་རྟེན་གཞི་བསྐྲུན་ཡོད། རྒྱུས་ལོན་པ་ལྟར་ན། ཀུང་སིས་ད་དུང་ཞིང་ས་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་བསྣན་ནས་འདེབས་འཛུགས་ལག་རྩལ་གྱི་གསོ་སྦྱོང་སྤེལ་བ་དང་། འདེབས་འཛུགས་ལག་རྩལ་ཡོད་པའི་སྡེ་མི་ནི་རྟེན་གཞིའི་ལས་བཟོ་བ་ཡིན་པ་གཏན་ལ་འཁེལ། ཁོ་ཚོར་འཚོ་བ་འགན་ལེན་དང་ཟླ་རེར་གླ་ཕོགས་སྟེར་བ་སོགས་ཀྱི་ཆ་རྐྱེན་ཡག་པོ་མཁོ་འདོན་བྱས་ནས་སྡེ་མིས་སྔོ་ཚལ་འདེབས་འཛུགས་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་གྱི་ཕྱོགས་སུ་བསྐྱོད་པའི་བརྩོན་སེམས་ཇེ་ཆེར་སོང་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1