༄༅།།མེ་ཏོག་གསོས་ན་ལུས་ཟུངས་གསོ་ཐུབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-14



མེ་ཏོག་གི་མཛེས་པར་རོལ་བ་དེ་བསམ་བློའི་བརྟེན་ས་རུ་འགྱུར་དགོས།
        ཧྥ་རན་སིའི་རྩོམ་པ་པོ་མོ་ལོ་ཨ་ཡིས་བཤད་རྒྱུར།“ཆེས་ཁོད་ཡངས་ཤིང་ཆེས་བྱམས་སེམས་ལྡན་པའི་གནོད་བྱོལ་ཁང་ནི་རང་བྱུང་ཁམས་ཆེན་མོ་ཡིན”ཞེས་པ་ལྟར།མེ་ཏོག་སྣ་བརྒྱ་རྣམ་པར་བཞད་པའི་དུས་ཚིགས་འདིར།རང་བྱུང་ཁམས་ཀྱི་མཛེས་རྒྱན་དུ་གྱུར་པའི་མེ་ཏོག་སྣ་བརྒྱའི་མཛེས་ཉམས་དེ་ང་ཚོའི་མིག་གི་ལོངས་སྤྱོད་ཅིག་ཅི་ལ་མིན།ང་ཚོ་ཚང་ཚིང་གཡུ་ལོས་བསྐོར་ཞིང་མེ་ཏོག་སྣ་བརྒྱ་རྣམ་པར་བཞད་པའི་རང་བྱུང་ཁམས་དང་ཉེ་བར་བཅར་ན།རྟོགས་དཀའ་བའི་གསང་བ་མི་ཉུང་བ་ཞིག་གིས་མི་སེམས་ལ་སྤྲོ་བ་ཚད་མེད་སྦྱིན་ཐུབ།མེ་ཏོག་ལ་དགའ་བ་ནི་མིའི་རིགས་ཀྱི་ལུས་སྟེང་དུ་ལྷན་སྐྱེས་སུ་མངའ་བ་ཞིག་ཡིན་པས།མེ་ཏོག་གི་སྒེག་ཉམས་དང་མེ་ཏོག་གི་གསོན་ཉམས།མེ་ཏོག་གི་མཛེས་པ།མེ་ཏོག་གི་ཞི་དུལ་སོགས་ཀྱིས་མིའི་ནང་སེམས་གཙང་མར་བཀྲུས་ཏེ་སེམས་ཁོང་གི་སྐྱོ་བ་ཡོད་ཚད་འདག་ཐུབ་པར་མ་ཟད།སེམས་རྒྱ་ཇེ་ཡངས་སུ་གཏོང་ཐུབ་པ་རེད།

མེ་ཏོག་གསོ་བ་ནི་སྤྲོ་སྣང་གིས་ཁེངས་པའི་ངལ་རྩོལ་ཞིག་ཡིན།
        མེ་ཏོག་གསོ་བ་ནི་འཚོ་བར་སྤྲོ་སྣང་སྦྱིན་པའི་ཆེད་ཡིན་པས།ལས་འཁྱུར་ངལ་གསོ་བྱས་པའི་རྒན་པ་མི་ཉུང་བ་ཞིག་གིས་མེ་ཏོག་གསོས་ནས་རང་ཉིད་ཀྱི་འཚོ་བར་སྤྲོ་བ་སྦྱིན་ཅི་ཐུབ་བྱེད་ཀྱིན་ཡོད།མེ་ཏོག་གསོ་བའི་གོ་རིམ་དེ་ནི་སེམས་པ་བག་ཕེབས་ཡོང་བར་ཕན་པའི་བྱ་སྤྱོད་ཅིག་ཡིན་ལ།དེ་ནི་བདེ་ཐང་ཡོང་བ་དང་རིག་སྟོབས་འཕེལ་བ།ཚེ་ཐག་རིང་བ་བཅས་ལ་ཕན་པའི་ངལ་རྩོལ་ཞིག་རེད།མེ་ཏོག་ཡག་པོ་གསོ་འདོད་ན།གཞོང་བ་བརྗེ་བ་དང་ས་སོབ་སོབ་བྱེད་པ།ལུད་འཇོག་པ།ཆུ་ལྡུག་པ།ཡལ་ག་གཅོད་པ་སོགས་ཀྱི་ལྡུམ་རའི་ལག་རྩལ་ཤེས་བྱ་མི་ཉུང་བ་ཞིག་སློབ་དགོས་པ་དང་།ངལ་རྩོལ་དེ་དག་ནི་རྐང་ལག་གི་འགུལ་སྐྱོད་ལ་བརྟེན་དགོས་པས།ལུས་ཕུང་སྦྱོང་བརྡར་བྱེད་པར་ཡང་ཕན་པ་ཡོད། ལའོ་ཧྲེ་ཡིས་ཀྱང་ཁོས་བྲིས་པའི་ལྷུག་རྩོམ་ཁྲོད“ངས་རྒྱུན་དུ་རྩོམ་ཡིག་ཅུང་ཙམ་ལ་བྲིས་རྗེས།ལྡུམ་རའི་ནང་དུ་སོང་ནས་མེ་ཏོག་གི་ཡལ་ག་གཅོད་པ་དང་ཆུ་ལྡུག་པ། ཡང་ན་གཞོང་བ་འདི་ཕར་འཇོག་པ་དང་གན་ཚུར་ལེན་པ་སོགས་ཀྱི་ངལ་རྩོལ་ཅུང་ཙམ་བྱས་རྗེས།ཡང་བསྐྱར་ཁང་པའི་ནང་དུ་སོང་ནས་རྩོམ་ཡིག་འབྲི་བ་དང་།ཡུན་ཙམ་གྱིས་ཡང་བསྐྱར་ལྡུམ་རའི་ནང་དུ་འགྲོ་བ་སོགས་བྱས་ཏེ།ཀླད་པའི་རྩོལ་ཤུགས་དང་ལུས་པོའི་ངལ་རྩོལ་གཉིས་སྙོམ་སྒྲིག་ཡོང་དུ་འཇུག་བཞིན་ཡོད།དེ་ལྟར་བྱས་ན་ལུས་སེམས་བདེ་ཐང་ཡོང་བར་ཕན་པས།སྨན་འཐུང་བ་ལས་བཟང་ངོ་།།”ཞེས་བྲིས་ཡོད་པ་ལྟ་བུ་རེད།

མེ་ཏོག་གི་དྲི་ཞིམ་གྱིས་ལུས་ཟུངས་གསོ་ཐུབ་པ།
        ཁ་དོག་སྣ་ལྔ་རྣམ་པར་བཞད་པའི་མེ་ཏོག་གི་ཁྲོད་དུ་དལ་གྱིས་བསྐྱོད་ན།སྣ་ལམ་དུ་འཐུལ་བའི་དྲི་ཞིམ་གྱིས་མི་སེམས་ལ་བདེ་སྣང་བཤད་མི་ཤེས་པ་ཞིག་སྦྱིན་པ་དང་།མི་སེམས་ལྷོད་ལ་འབབ་ཏུ་འཇུག་ཐུབ།ཀྲུང་ལུགས་སྨན་རྫས་ཀྱི་ནང་དུ་མེ་ཏོག་འདུས་པ་དང་།ཟས་རིགས་ཀྱི་རྒྱུ་ཆའི་ནང་དུའང་མེ་ཏོག་གིས་གོ་གནས་གལ་ཆེན་ཟིན་ཡོད་པར་མ་ཟད།ཀྲུང་ལུགས་ཕྱི་ནད་སྨན་བཅོས་ཀྱི་ཁྲོད་དུའང་དྲི་མར་སྣོམ་པ་དང་ལུས་ལ་དྲི་རྫས་འདོགས་པ།དྲི་རྫས་བསྲེག་པ། དྲི་རྫས་ཀྱིས་ཁྲུས་བྱེད་པ་སོགས་ཀྱི་བཅོ་ཐབས་མང་པོ་བཏོན་ཡོད་པ་རེད།
        མེ་ཏོག་གི་དྲི་མ་མི་འདྲ་བ་ལ་ལུས་ཁམས་གསོ་བའི་ནུས་པ་མི་འདྲ་བ་ཡོད་དེ།དེང་རབས་གསོ་བ་རིག་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན།མེ་ཏོག་ཙི་ལོ་ལན(紫罗兰)གྱི་དྲི་མར་མི་སེམས་བདེ་ལ་འབབ་པ་དང་སྐྱིད་ལ་འཁོད་པའི་ཕན་ནུས་ལྡན་པ་དང་།མེ་ཏོག་རྒྱ་སེའི(玫瑰花)དྲི་མས་སེམས་ཁམས་ལྷོད་ལ་འབབ་པར་མ་ཟད།ཡི་མུག་པ་དང་རེ་ཐག་ཆད་པ་སོགས་ཀྱི་སེམས་ཁམས་མི་ལེགས་པ་འདོར་བར་ཕན་པ་ལྡན་པས།རྒྱུན་དུ་མེ་ཏོག་རྒྱ་སེའི་དྲི་མར་སྣོམ་ན་དབང་རྩ་ཉམས་པ་གསོ་བར་ཕན་པ་ཆེན་པོ་ལྡན།མེ་ཏོག་ཤིང་ཅུ་གང(天竺葵)གི་དྲི་མར་སེམས་རྣལ་དུ་འབབ་པ་དང་ངལ་དུབ་སེལ་བའི་ཕན་ནུས་ལྡན་པ་དང་།མེ་ཏོག་ཁང་ནེ་ཞིན་གྱི(康乃馨)དྲི་ཞིམ་ལ་རིག་སྟོབས་ཉམས་པ་འགོག་པའི་ཕན་ནུས་ལྡན་ཞིང་།འཕང་མའི་མེ་ཏོག(金银花)གི་དྲི་ཞིམ་ལ་ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་ནུས་པ་ལྡན།གསེར་སྤོས་མེ་ཏོག(桂花)གི་དྲི་ཞིམ་ལ་སེམས་པ་རྣལ་དུ་ཕབ་པའི་ནུས་པ་ལྡན་པར་མ་ཟད།ད་རུང་མགོ་ན་བ་དང་ངལ་དུབ་སེལ་བའི་ཕན་ནུས་ལྡན་ནོ། །
        དབྱར་ཁར།ག་ས་གང་དུ་ཁྲ་ལམ་མེར་བཞད་པའི་མེ་ཏོག་སྣ་ཚོགས་ཀྱིས་རང་རང་གི་སྒེག་ཉམས་མངོན་ཅི་ཐུབ་བྱེད་ཀྱིན་ཡོད།དེས་ཁོར་ཡུག་ལ་མཛེས་སྡུག་ཁྱད་པར་བ་ཞིག་བསྣན་ཡོད་པར་མ་ཟད།མི་རྣམས་ཀྱི་སེམས་ཁམས་ལའང་དབྱར་ཁའི་བརྩེ་བ་འཇམ་པོ་ཞིག་བསྣན་ཡོད་པས། རང་བྱུང་ཁམས་དང་ཉེ་བར་བཅར་ཏེ་མེ་ཏོག་གི་མཛེས་པ་ལོངས་སུ་སྤྱད་ན།སེམས་པ་སྐྱིད་ཅིང་ལུས་ཁམས་བདེ་ཐང་ཡོང་བར་ཕན།མེ་ཏོག་གསོ་བ་དང་མེ་ཏོག་གི་མཛེས་པ་ལོངས་སུ་སྤྱོད་པ་ནི་ལུས་སེམས་བདེ་ཐང་ཡོང་བར་ཕན་པའི་བྱ་འགུལ་ཞིག་ཡིན་ལ།བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་ལུས་ཟུངས་གསོ་བར་ཕན་པ་ཆེན་པོ་ལྡན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1