ཏོག་གསར་རིམས་ནད་ལས་འཛམ་གླིང་གི་བྱིས་པ་ས་ཡ་ཙམ་སློབ་ཤོར་འགྱུར་སྲིད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-15



    ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7ཚེས་13ཉིན། དབྱིན་ཇིའི་དགེ་སྒྲུབ་ལས་ཁུངས་ཏེ་བྱིས་པར་རོགས་སྐྱོར་ཚོགས་པས་སྙན་ཞུ་སྤེལ་དོན། ཏོག་གསར་གློ་ཚད་རིམས་ནད་མཆེད་པ་ལས་སློབ་གསོའི་སྔོན་རྩིས་ཉུང་དུ་བཏང་བ་དང་དབུལ་ཕོངས་ཀྱི་གནས་ཚུལ་ཇེ་སྡུག་ཏུ་གྱུར་བས། ད་ལོའི་ཚུན་དུ་གོ་ལ་ཧྲིལ་པོར་ཉུང་མཐར་ཡང་བྱིས་པ་ཁྲི་970ཚེ་འདིར་སློབ་གྲྭར་འགྲོ་བའི་གོ་སྐབས་ཤོར་སྲིད་པ་བརྗོད། 
    སྙན་ཞུའི་ནང་རིམས་ནད་ཀྱི་དབང་གིས་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ནས། མ་འོངས་པའི་ཟླ་18རིང་གོ་ལ་ཧྲིལ་པོའི་ཆེས་དབུལ་པོ་དང་དར་རྒྱས་བྱུང་མེད་པའི་རྒྱལ་ཁབ་ཀྱི་སློབ་གསོའི་གཏོང་སྒོ་ཨ་སྒོར་དུང་ཕྱུར་770ཉུང་དུ་འགྲོ་རྒྱུ་ཡིན། གལ་ཏེ་རིམས་ནད་མུ་མཐུད་ཚབས་ཆེར་ཕྱིན་ན།སྲིད་གཞུང་གིས་ནོར་སྲིད་ཀྱི་ཐོན་ཁུངས་སྔར་ལས་མང་བ་ཞིག་རིམས་འགོག་ཁྱབ་ཁོངས་སུ་མི་སྤྱོད་ཐབས་མེད་ཡིན་པས། 2021ལོའི་ལོ་མཇུག་བར་སློབ་གསོའི་སྔོན་རྩིས་མི་འདང་བའི་ཚད་ནི་ཨ་སྒོར་དུང་ཕྱུར་1920ཟིན་རྒྱུ་རེད།
    སྙན་ཞུའི་ནང་དུ་རིམས་ནད་ཀྱི་རྐྱེན་པས་སློབ་མཚམས་བཞག་པའི་རིང་ལ།རྒྱལ་ཁབ་ཁ་ཤས་ཀྱི་བྱིས་པ་དང་ལྷག་པར་དུ་བུ་མོར་གཉེན་སྒྲིག་སྔ་པོ་བྱེད་དུ་འཇུག་པའམ་གླ་རྒྱག་བྱིས་པ་བྱེད་དུ་འཇུག་པའི་ཉེན་ཁ་དེ་བས་ཆེ་བ་ཡོད་པས། དེ་ནས་སློབ་གྲྭར་ཕྱིར་ལོག་ཐབས་རྩ་བ་ནས་བྲལ་རྒྱུ་རེད།གཞན་ཡང་།བྱིས་པ་དུང་ཕྱུར་5ལ་རིམས་ནད་ཐོན་རིང་རྒྱང་རིང་སློབ་སྦྱོང་གི་གོ་སྐབས་ཐོབ་ཐབས་མེད་ཅིང་། དེའི་ཁྲོད་དུ་ཁྱིམ་ཚང་དབུལ་པོ་མང་ཆེ་བའི་ཕ་མས་ཡི་གེ་མི་ཤེས་པས། སློབ་སྦྱོང་ཐད་དུ་མ་མཐའི་རོགས་རམ་ཡང་ཐོབ་མི་ཐུབ། རྒྱུ་རྐྱེན་འདི་དག་གི་དབང་གིས་ཁོ་ཚོས་སློབ་སྦྱོང་མྱུར་ཚད་ཀྱི་རྗེས་སྙེག་མི་ཐུབ་པར་མ་ཟད་རྩ་བ་ནས་སློབ་མཚམས་ཆད་པའི་ཉེན་ཁའང་ཇེ་ཆེར་གྱུར་ཡོད་པ་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1