རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་འབྲུབ་འགོག་གི་འཕྲལ་སྡོམ་བརྡ་ལན་རིམ་པ་གསུམ་པ་ནས་རིམ་པ་གཉིས་པ་བར་སྤར་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-15
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། དྲག་ཆར་རྒྱུན་མི་ཆད་པར་བབས་ནས་འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་ཆུ་གཞུང་ཨ་མ་དང་། ཏུང་ཐིང་མཚེའུ། ཕན་དབྱང་མཚེའུ། ཐའེ་ཧུའུ་མཚེའུ་བཅས་ཀྱི་ཆུ་ཁ་མུ་མཐུད་མཐོ་རུ་ཕྱིན་ཞིང་། ཕན་དབྱང་མཚེའུ་ཡི་ཆུ་ལག་སྟེ་ཁྲང་ཅང་གཙང་པོ་དང་ཨན་ཧུའེ་ཡི་ཧྲུའེ་དབྱང་ཅང་གཙང་པོ་སོགས་ཡན་ལག་ཆུ་བོ་མང་པོ་ཞིག་ཏུ་འགན་ལེན་ཚད་གཞི་ལས་བརྒལ་བ་དང་ལོ་རྒྱུས་ཐོག་ཆུ་ལོག་འབྱུང་ཚུལ་ལས་བརྒལ་བའི་གནས་ཚུལ་སྔ་རྗེས་སུ་ཐོན་ཡོད། འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་ཆུ་གཞུང་ཨ་མའི་ཅན་ལི་མན་གཙང་དུམ་དང་། ཏུང་ཐིང་མཚེའུ། ཕན་དབྱང་མཚེའུ། ཐའེ་ཧུའུ་མཚེའུ་བཅས་ཀྱི་ཆུ་ཁ་རྒྱུན་མི་ཆད་པར་མཐོ་རུ་སོང་བས་འབྲུབ་འགོག་དང་ཆུ་འགོག་གི་དུས་བབ་ཛ་དྲག་པོ་ཡོད་པ་རེད།
ཚེས་12ཉིན་གྱི་ཆུ་ཚོད་16ལ་ཕན་དབྱང་མཚེའུ་མཚེའུ་ཁའི་ས་ཚིགས་ཀྱི་ཆུ་ཁ་སྨི་22.50ཡི་འགན་ལེན་ཆུ་ཁར་སླེབས་གྲབས་ཡོད། དེས་ན་ཚོགས་འདུ་འཚོགས་ཏེ་གྲོས་བསྡུར་དང་ཞིབ་འཇུག་བྱས་པ་བརྒྱུད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་འབྲུབ་འགོག་གི་འཕྲལ་སྡོམ་བརྡ་ལན་རིམ་པ་གསུམ་པ་ནས་རིམ་པ་གཉིས་པ་བར་སྤོར་རྒྱུའི་གཏན་འབེབས་བྱས་པ་དང་སྦྲགས་འབྲེལ་ཡོད་ས་ཁུལ་ལ་བརྡ་ཐོ་ཡང་བཏང་སྟེ། ཆར་པ་བབ་ཚུལ་དང་། ཆུ་བོ་རྒྱུག་ཚུལ། འབྲུབ་ཆུ་རྒྱས་ཚུལ་བཅས་ལ་ལྟ་ཞིབ་བྱས་ཏེ། དུས་ཐོག་ཏུ་འཕྲལ་སྡོམ་བརྡ་ལན་གྱི་རིམ་པ་ལེགས་སྒྲིག་བྱེད་དགོས་པ་མ་ཟད། ད་དུང་དེ་མཚུངས་ཀྱི་འབྲུབ་འགོག་ཆུ་འགོག་དང་ཉེན་སེལ་གེགས་སེལ་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་ཡང་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་པུའུ་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་ལས་དོན་ཚོགས་ཆུང་དང་རིགས་གཅིག་མཁས་ཅན་ཚོགས་ཆུང་ཅང་ཤིས་སོགས་ལ་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པར་བསྐྱོད་པ་རེད།
ཚེས་12ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་གཙོ་གནད་ཞིང་ཆེན་གྱི་འབྲུབ་འགོག་ཆུ་འགོག་གི་བརྙན་ལམ་ཚོགས་འདུའི་གྲོས་བསྡུར་བཀོད་གཏོང་ཚོགས་འདུ་མུ་མཐུད་འཚོགས་ཤིང་། ཆུ་བེད་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། ཀྲུང་གོ་གནམ་གཤིས་ཅུས་བཅས་སྒྲིག་འཛུགས་བྱས་ཏེ། མིག་སྔར་ཆར་པ་འབབ་ཚུལ་དང་འབྲུབ་ཆུ་རྒྱས་ཚུལ་གྲོས་བསྡུར་དང་ཞིབ་འཇུག་བྱས་པ་དང་། ཨན་ཧུའེ་དང་། ཅང་ཤིས། ཧུའུ་པེ། ཧུའུ་ནན་སོགས་གཙོ་གནད་ས་ཁུལ་ལ་བརྙན་ལམ་བརྒྱུད་འབྲུབ་འགོག་ཆུ་འགོག་དང་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་བཀོད་སྒྲིག་ཚགས་ཚུད་བྱས་ཡོད།
ཅང་ཤིས་དང་། ཧུའུ་ནན། ཀུའེ་ཀྲོའུ་བཅས་ཞིང་ཆེན་གྱི་རེ་ཞུ་གཞིར་བཟུང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ། ཚེས་11ཉིན་ཅང་ཤིས་ལ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་བཀོད་གཏོང་བྱས་པའི་རྨང་གཞིའི་ཐོག ཚེས་12ཉིན་ཧུའུ་ནན་དང་ཀུའེ་ཀྲོའུ་ཞིང་ཆེན་གཉིས་ལ་གུར་2000དང་། ལྟེབ་ཁྲི་5000 ཕོ་ཁེབས་ཁྲི་1 ཀམ་པ་ལི་ཁྲི་1 ཨ་ཅོར་གྱི་ཉལ་གཟན་5000བཅས་ཛ་དྲག་ངང་གཏོང་སྤྲོད་བྱས་ཡོད། འབྲུབ་དུས་ཤར་ཚུན། རིམ་རྩིས་བྱས་ན་གུར་དང་། ལྟེབ་ཁྲི། ཕོ་ཁེབས། ཀམ་པ་ལི། ཨ་ཅོར་གྱི་ཉལ་གཟན་སོགས་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་ཁྲི་9.3གཏོང་སྤྲོད་བྱས་ཡོད།