༄༅།།སཱཙྪ་རྡོག་པོ་གསུམ།

སེང་རྡོར།​ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-17



མཚོ་བྱང་། སེང་རྡོར།
        ལེ་ཧྥིན་མཆོད་རྟེན་གྱི་འོག་ཏུ་སྦྲུལ་དཀར་འདྲེ་མོའམ་སྦྲུལ་དཀར་ཀླུ་མོས་མི་ལོ་བཅོ་བརྒྱད་ལ་དཀའ་སྡུག་ཚད་མེད་མྱངས་པ་རེད། འབྱུང་ལྔའི་རི་བོའི་འགབ་ཏུ་སུང་ཝུའུ་ཁུང་གིས་བགྲང་བྱ་ལྔ་བརྒྱའི་རིང་ལ་དཔྱིད་དབྱར་སྟོན་དགུན་གྱི་ཁ་དོག་བརྩིས་ཏེ་ངུ་འབོད་རྐྱང་རྐྱང་བྱས་ནས་ཡོང་བ་རེད། བཤད་ཚོད་ལ། ང་ཚོའི་ས་ཆའི་གདོང་སྣེ་ཞིག་ཏུ་མཆོད་རྟེན་ནག་པོ་ཁེར་ཆད་ཅིག་བཞེངས་ཡོད་པ་དེའི་ཞབས་སུ་ཡང་འདྲེ་རུ་གྱུར་པའི་འོད་གསལ་སྐྱིད་ཅེས་པ་ཞིག་འཆོར་མེད་དུ་མནན་ཡོད་ཟེར།
        དུས་ཀྱི་རང་མདངས་ཡང་ནས་ཡང་དུ་བརྗེས་ཀྱང་། ལོ་ཡི་འཁོར་ལོ་བསྐྱར་ནས་བསྐྱར་དུ་འཁོར་རུང་། ངས་འོད་གསལ་སྐྱིད་དང་ཐད་ཀར་འབྲེལ་བའི་བརྩེ་དུང་གི་གཏམ་རྒྱུད་སྐྱུར་མོ་དག་དུས་ནམ་ཡང་བརྗེད་པའི་བློ་ཞིག་མི་འདུག་ཨང་།
        མོའི་བརྩེ་དུང་གི་གཏམ་རྒྱུད་དག་ནི་སྐབས་རེར་འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་གཏམ་རྒྱུད་དང་འདྲ་ལ། ཡང་སྐབས་རེར་སྣང་ས་འོད་འབུམ་གྱི་སྐྱིད་སྡུག་དང་ཡང་མཚུངས་པས། ང་ཡི་སེམས་ཀྱི་གྲུ་ཁ་ཞིག་ཏུ་འོད་གསལ་སྐྱིད་ཅེས་པའི་འདྲེ་མོ་དེས་ཅུང་འཚེར་སྣང་དང་བཅས་མེ་བུས་ནས་ཇ་སྐོལ་བཞིན་འདུག མོའི་མིག་འོད་ལ་གཞན་གྱིས་གླེང་འགེལ་བྱས་པའི་སྐྱོ་མདངས་ཁོ་ཆད་པ་ཞིག་འཁྱིལ་ཡོད་ཅིང་། མོའི་རྣམ་འགྱུར་དུའང་མོ་རང་ལ་དག་སེལ་དཀར་འདོན་ཞིག་ཨེ་བྱེད་ཅེས་ཞུ་བ་བྱེད་པ་དང་མཚུངས་པའི་བྲོ་བ་ཁ་ཁ་ཞིག་མཆིས་སྙམ།
        འདི་ནས་ཡར་ལ་བརྩིས་པའི་ལོ་བཅུའི་སྔོན་གྱི་དགུན་མཇུག་ཅིག་ནས་བཟུང་། མི་ཚོས“བྲག་ལུང་དམར་རོལ་གྱི་འདབས་ན་འདྲེ་ཡོད་པ་རེད”ཅེས་ལབ་མགོ་བརྩམས་སོང་། སྐད་ཆ་འདི་ཁ་མང་པོས་ཐེངས་མང་པོར་ལབ་ཡོང་བ་ཞིག་རེད་ལ། འདྲེ་དེའི་རྩ་བ་རྒྱུད་པ་ཞིབ་ཏུ་དེད་ན་བུད་མེད་ཅིག་ལ་ཐུག་ཡོད་པ་སྟེ་དྲང་མོར་བཤད་ན་ངས་གོང་ནས་གླེང་བའི་འོད་གསལ་སྐྱིད་ལགས་རེད།
        ང་མ་སྐྱེས་པའི་ལོ་མང་པོའི་གོང་རོལ་ཏུ་བུད་མེད་དེ་སྡེ་བ་འདིའི་མཛེས་མ་སྐད་གྲགས་ཆོད་པ་ཞིག་ཡིན་ཁར། གསར་བུ་སྐོར་ཞིག་གི་དགའ་རོགས་སུ་ཡང་གྱུར་མྱོང་བ་སྟེ། མོའི་དགའ་རོགས་སུ་གྱུར་མྱོང་བའི་གསར་བུ་དེ་ཚོ་ནི་ད་ལྟའི་བགྲེས་སོང་དབང་ཆེན་དང་ཨ་ཇོ་སྟག་རིང་སོགས་རེད་ཟེར།
        འོད་གསལ་སྐྱིད་མོ་ལོ་ཉི་ཤུའི་ཐོག་ཏུ་བྲག་ལུང་དམར་རོལ་གྱི་འདབས་ནས་ལྕགས་སྡོང་ཞིག་ལ་ལྕེབས་པ་སྟེ། ཉིན་དེར་བྲག་ལུང་དམར་རོལ་གྱི་ལུང་མདོ་རུ་ས་རྡུལ་འདྲེས་པའི་འཚུབ་མ་དྲག་པོ་ཞིག་གིས་སྐོར་རྒྱག་བྱེད་ལ། དགུང་སྟོད་གནམ་གྱི་ཆ་ནས་སྤྲིན་དམར་ལིང་ལིང་ཞིག་གྱེན་དུ་ལྷོག་ལྷོག་འཕྱོ།
        སྐབས་དེ་འདྲ་ཞིག་ལ་འོད་གསལ་སྐྱིད་ཀྱིས་ཁོ་མོ་བརྩད་ནས་དབང་ཆེན་གྱིས་སྟག་རིང་བསད་འདུག་ཅེས་པའི་གཏམ་ཡན་ཞིག་ཐོས། དེ་ཐོས་རྗེས་མོས་སྐྲག་སྙིང་གིས་མ་བཟོད་པར་རང་ཤི་བརྒྱབ་སྐད། གཏམ་ཡན་དེ་འདྲ་ཞིག་མོའི་རྣ་ནང་ལ་སྐྱེལ་མཁན་ནི་མོ་རང་ལས་ལོ་སུམ་ཅུས་ཆེ་བའི་ཨ་ཅེ་མགོན་བྷེ་ཡིན་མོད། དོན་དངོས་སུ་དབང་ཆེན་དང་སྟག་རིང་གཉིས་ཀྱིས་ཚིག་རྩོད་ཅིག་བྱས་པ་ཙམ་ལས་ཕན་ཚུན་རྨས་ཙམ་ཡང་བྱས་མེད་ཙང་། འོད་གསལ་སྐྱིད་ཀྱི་རང་ཤི་ནི་གོ་འཛོལ་ཞིག་གིས་ཡིན་པས། ལན་ཁག་དེ་མ་བཟོད་ནས་མོ་རང་འདྲེ་རུ་གྱུར་པ་དང་། གྱུར་ནས་ཀྱང་ཐོག་མར་ཨ་ཅེ་མགོན་བྷེ་དམར་གསོད་བྱས་པ་དང་། དེའི་འཕྲོར་སྟག་རིང་གི་རྐང་པ་བཅགས་པ་དང་། དེའི་ཡང་རྗེས་ནས་དབང་ཆེན་གྱི་མིག་གཉིས་ཞར་དུ་བཅུག་པ་རེད་ཟེར།
        ཡིན་ནའང་མོའི་བུ་ཆུང་གི་ཨ་ཕ་སྟེ་རིག་འཛིན་སྐྱབས་ལ་གནོད་ཅི་ཡང་བསྐྱལ་མེད་ལ། རིག་འཛིན་སྐྱབས་དང་འོད་གསལ་སྐྱིད་གཉིས་ཀྱི་བུ་ཆུང་གི་མིང་ལ་སྐར་མ་ཐོགས་མེད་ཟེར་བ་དང་། ཁོ་རང་འོད་གསལ་སྐྱིད་མ་ལྕེབས་པའི་སྔ་ལོར་སྤྲུལ་སྐུ་ཞིག་ལ་ངོས་བཟུང་ཚར།
        ད་ལྟ་སྐར་མ་ཐོགས་མེད་ནི་དགོན་སྡེ་ཞིག་གི་བདག་པོ་ཡིན་ཁར། འདྲེ་མོ་ཞིག་གི་ཕྲུ་གུ་ཡང་ཡིན་པས། ཁོ་ལ་དད་པ་བྱེད་མཁན་མང་ལ་དད་ལོག་བྱེད་མཁན་ཡང་མང་། གང་ལྟར་ད་ལྟ་ཡང་འོད་གསལ་སྐྱིད་དམ་འདྲེ་མོ་དེ་མཆོད་རྟེན་ནག་པོ་ཞིག་གི་མཐུ་འོག་ཏུ་ཡོད་ལ། མཆོད་རྟེན་གནས་སའི་ཐག་ཉེར་ངའི་གྲོགས་པོ་རྟ་མགྲིན་རྒྱལ་བས་གཙོ་གཉེར་བྱེད་ཀྱིན་པའི་ཚོང་ཁང་ཆུང་ངུ་དེ་ཆང་དྲི་ཐུལ་ཐུལ་དུ་ཡོད།
        ཚོང་ཁང་ཆུང་ངུ་དེའི་སྒོ་ཁ་ནས་ཕར་བལྟས་ན། འདྲེ་རུ་གྱུར་པའི་འོད་གསལ་སྐྱིད་ཀྱིས་སློག་པ་ཁ་ཆོན་མ་ཞིག་གྱོན་ནས་འཁྱུག་ཙམ་གྱིས་མངོན་ནས་ཡལ་འགྲོ་བ་དང་། མོ་རང་ཐོན་ས་ཞིག་ཡིན་ཕྱིན་ནད་འབྱུང་བ་མིན་ན་རྐུན་མ་ལྡང་བ། བྲག་ཉིལ་བ་མིན་ན་ས་གས་པ་སོགས་ཀྱི་ལྟས་ངན་ཞིག་སྟོན་མི་སྟོན་མེད་སྐད། མོའི་ཁ་ངོ་དབོས་པར་ལྟ་མི་ཚུགས་ཤིང་། མིག་གཉིས་པོའི་ནང་དུ་ཁྲག་དམར་ཤར་མོ་རེ་ཡང་བཞུར་ཡོད་ཟེར། ཁོ་མོ་མ་ལྕེབས་སྔོན་ལ་གྲྭ་པ་ཞིག་གི་སྡོམ་པ་ཡང་ཕྲོགས་མྱོང་ཞིང་གྲྭ་པ་དེ་ཡང་མི་རིང་བར་སྨྱོས་ནས་སྡེ་མི་འགས་ནང་ལོགས་ཀྱི་སྨན་ཁང་ཞིག་ལ་བསྐྱལ་སྐད།
        འདྲེ་མོ་དེའི་ཕ་མའི་ཕ་མ་ནི་སྡེ་བ་འདིའི་དཔོན་ཚང་གི་ཡིན་ལ། འདྲེ་མོ་དེའི་སྤུན་ཞིག་ངའི་གྲོགས་པོ་ཞིག་གི་ཆུང་མའང་ཡིན་པས། ང་རང་ཉིད་ཀྱང་འདྲེ་མོ་དེར་འབྲེལ་བ་ཕྲ་མོ་ཞིག་ཀྱང་མེད་ཟེར་ས་མི་འགྲོ་བ་འདྲ། འདྲེ་མོ་དེ་འཇིག་རྟེན་ན་དངོས་སུ་འཚོ་དུས་གླུ་མ་སྐད་གྲགས་ཅན་ཞིག་ཀྱང་ཡིན་པས། མོས་བླངས་པའི་ལ་གཞས་མང་པོ་ཞིག་སྒྲ་ཐག་ཏུའང་བཅུག་ཡོད་ཅིང་། ཉེ་ལམ་ཚོང་པ་ཞིག་གིས་སྒྲ་ཐག་དེ་རིགས་ཀྱི་ལ་གཞས་ཚང་མmp3གྱི་རྣམ་པས་དྲ་ལམ་སོ་སོར་བཏང་བས། ཤི་ནས་ལོ་མང་འགོར་ཞིང་ད་ཚོད་འདྲེ་མོར་འབོད་པའི་འོད་གསལ་སྐྱིད་ལགས་དྲ་ལམ་ནས་ཡང་བསྐྱར་གསོན་ཤུགས་ཀྱིས་འབར་བྱུང་།
        དྲ་གྲོགས་ཚོས་ནི་འོད་གསལ་སྐྱིད་ཅེས་པ་སུ་ཡིན་མི་ཤེས་ལ། འདྲེ་མོ་ཞིག་ཡིན་པ་དེ་བས་ཀྱང་མི་ཤེས། འོན་ཀྱང་མོའི་གླུ་སྐད་དང་གླུ་ཚིག་གིས་མི་སེམས་མང་པོར་ནེམ་བག་འབབ་ཏུ་བཅུག་ཁར། མོའི་ལ་གཞས《ཟླ་བརྒྱད་པའི་འབོད་པ་ཐོན་ཐལ》ཞེས་པ་དང《ངའི་རྣམ་ཤེས་སྦྲང་མ་འདྲ་བོ》ཞེས་པ་གཉིས་ཉིན་ཞག་གཅིག་ལ་སྤེལ་གྲངས་ས་ཡ་བཞི་ལྷག་ལས་བརྒལ་བ་སྟེ། ངེས་པ་དོན་གྱིས་ཉན་མཁན་མང་པོའི“རྣ་བའི་གསོས”སུ་གྱུར་པས། འོད་གསལ་སྐྱིད་ལ་གྲོགས་ཤིག་བསྒྲིག་དགོས་ཟེར་མཁན་ཡང་ཇེ་མང་ནས་ཇེ་མང་རེད་ལ། དྲ་གྲོགས་ལ་ལས་མོའི་སྐད་གདངས་ལ་མཉན་ན་མཛེས་མ་ཞིག་ཡོད་པའང་ཐག་གིས་ཆོད་པས་མོ་རང་གང་ན་ཡོད་ལུགས་དང་མོའི་ཁ་པར་ཨང་གྲངས་སོགས་རྩད་གཅོད་བྱ་དགོས་ཟེར་གྱིན་འདུག
        ངས་ཁ་སང《བར་དོ་ཐོས་གྲོལ》བཀླགས་ནས་འོད་གསལ་སྐྱིད་ལགས་མཆོད་རྟེན་ནག་པོ་དེའི་འོག་ནས་ལེན་ཐབས་ཤིག་ཨེ་རྙེད་བལྟས་པ་ཡིན། བར་དོ་ཞེས་པ་དཀར་སེར་དམར་ལྗང་ཞིག་རེད། བར་དོ་ཞེས་པ་སྨུག་རྒྱུའི་རི་མོ་དང་ན་བུན་གྱི་ལམ་མདོ་ཞིག་ཀྱང་རེད། ཡིད་ལུས་སུ་ཡོད་པའི་སེམས་ཅན་ཡང་བྱེ་བ་ཕྲག་བརྒྱ་ཞིག་རེད། ཚ་གསུར་གྱི་དྲི་དང་མར་མེའི་འོད་ལ་ཞེན་པའི་འགྲོ་བ་ཡི་དྭགས་སོགས་ཀྱང་གང་གཱའི་ཀླུང་གི་བྱེ་མ་དང་གྲངས་མཉམ། སོང་ཙང་། ངས་དུས་ད་ལྟ་ཡང་འོད་གསལ་སྐྱིད་ཀྱི་སྒྲིབ་པ་ཐམས་ཅད་དག་ཡོད་མེད་དང་ལན་ཆགས་ཁ་ཚང་ཟད་ཡོད་མེད་མི་ཤེས་མོད། གལ་ཏེ་ཡོད་ན་ནི་ངའི་སྨོན་ལམ་བཟང་པོའི་མཐུ་སྟོབས་ལ་བརྟེན་ནས་མོ་རང་གིས་ངེད་ཚང་གི་གྱང་ཁའི་བྱེའུ་ཞིག་གི་སྐྱེ་བ་ལེན་པའམ། ངེད་ཚང་གི་ནོར་ཁྱུའི་གསར་བཙས་བེའུ་དེ་ཚོའི་གཅིག་ཡིན་ཡང་ཅི་ཆ་སྙམ།
        འབུ་མང་པོ་ཞིག་ཚེ་ཚད་ཉི་མ་གཅིག་རེད། ཁྱི་ཞིག་གི་ཚེ་ཚད་སྤྱིར་བཏང་ལོ་བཅུ་ལྷག་རེད། གང་ལྟར་འོད་གསལ་སྐྱིད་ལགས་ཀྱིས་སྐྱེ་བའི་ཕྲེང་བ་འགའ་ཞིག་བརྒྱུད་རྗེས་ངའི་ཚ་བོའམ་ཚ་མོ་ཞིག་གི་ལུས་ལེན་ཡང་ཁྲིགས་ཁྲིགས་ཅི་ཡོད་སྙམ།
        ང་ནི་འདྲེ་མོ་ཞིག་གི་རྣམ་ཤེས་ཀྱི་ར་མདའ་ཡིན། ང་ནི་ཡིད་ལུས་ཤིག་གི་ལོ་མང་གི་རྗེས་གཅོད་ཡིན།
        ང་འཇིག་རྟེན་དཀར་ངོགས་སུ་ཐོན་པའི་ལོ་དེར་འོད་གསལ་སྐྱིད་ལགས་འདྲེ་རུ་གྱུར་སོང་བ་རེད། དེས་ན། ལོ་ཚོད་ཀྱི་ཆ་ནས་བཤད་ན་མོ་ནི་ངའི་རྨོ་མོ་ཞིག་རེད། རིག་འཛིན་སྐྱབས་ནི་ངའི་ཁུ་བོ་ཞིག་ཡིན་པས། ངས་རང་གི་ཁུ་བོའི་ཆུང་མའི་དོན་ལ་དམྱལ་བའི་ལས་མཁན་དག་ལ་ཞེ་བསམ་པས་ཁ་མཆུ་ཞིག་རྒྱག་ན་འདོད་ལ། སྐར་མ་ཐོགས་མེད་ནི་ངའི་སྤུན་ཡ་ཞིག་ཡིན་ལབ་ཀྱང་མི་ཆོག་པ་མེད་པས། ངས་རང་གི་སྤུན་ཡང་ཡིན་ལ་སྤྲུལ་སྐུ་ཡང་ཡིན་པའི་མ་མེད་དྭ་དྲུག་དེའི་ཆེད་དུ་སྙིང་ཐག་པ་ནས་བར་དོའི་ཁམས་ལ་བདེན་པ་ཞིག་རྩོད་ན་འདོད།
        ང་དེ་རིང་ཡང་བསྐྱར་མཆོད་རྟེན་ནག་པོའི་དེའི་འཁྲིས་ལ་ཐོན་ཡོད། མཆོད་རྟེན་གྱི་ལོགས་སུ་མེ་ཏོག་དཀར་པོ་རྐང་གཅིག་སྐྱེས་འདུག་ལ། མེ་ཏོག་དེའི་ཟུར་ཞིག་ཏུ་ཕྱེ་ལེབ་ཁྲ་བོ་འགའ་ཧ་ཅང་བག་ཕེབས་ཀྱིས་རྒྱུ། མཆོད་རྟེན་གྱི་བང་རིམ་ཞིག་ཏུ་རྡོ་ལེབ་སྔོན་པོ་ཞིག་གི་ཐོག་ཏུ་མ་ཎི་ཡིག་དྲུག་བརྐོས་ཡོད་ཅིང་། མཆོད་རྟེན་གྱི་བང་རིམ་གཞན་ཞིག་ཏུ་སཱཙྪ་རྡོག་པོ་གསུམ་ཧ་ཅང་འགྲོས་དོད་པོར་བསྒྲིགས་ནས་འདུག
        རྒྱུ་རྐྱེན་ཅི་ཞིག་གིས་ཡིན་པ་མི་ཤེས་མོད། ད་ལྟའི་ངའི་ཚོར་སྣང་ཞིག་ལ་འོད་གསལ་སྐྱིད་གཞི་ནས་མཆོད་རྟེན་གྱི་ཞབས་འོག་ནས་ཐར་ཟིན་ལ། མོ་རང་རླུང་རྒྱུན་ཞིག་དང་འགྲོགས་ནས་ངའི་ཁྱིམ་ཚང་གི་ཕྱོགས་སུ་འཕུར་བཞིན་པ་འདྲ། ད་ཚོད་མོ་རང་འདྲེ་ཡིན་ནམ། ངས་སྐད་གདངས་འཇམ་པོས་འོད་གསལ་སྐྱིད་ཅེས་ལན་འགར་བོས་རྗེས། མཆོད་རྟེན་ནག་པོ་དེར་གཡོན་སྐོར་ཞིག་བརྒྱབ་ནས་ཤར་ལྷོའི་ཕྱོགས་སུ་ཆས་པ་ཡིན། ཡང་ངས་ཨོ་རྒྱན་པད་མས་དམ་ལ་བཏགས་པའི་བརྟན་མ་བཅུ་གཉིས་སོགས་མོ་རྒྱུད་ཀྱི་ལྷ་ཚོགས་མང་པོ་ཞིག་ད་དུང་ལྷ་མིན་འདྲེ་མིན་གྱི་མཚམས་སུ་ལུས་ཡོད་པ་རིམ་གྱིས་དྲན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1