༄༅།།བརྩི་བཀུར་གྱི་སྟོབས་ཤུགས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-17
སྔོན་བྱོན་མཁས་པ་དག་གིས“གཞན་ལ་བརྩེ་བ་ཕུལ་ན་རང་ལ་བརྩེ་བ་ཐོབ།གཞན་ལ་བཀུར་བསྟི་བྱས་ན་རང་ལ་བཀུར་བསྟི་ཐོབ”ཅེས་བཤད་ཡོད་པ་ནང་བཞིན།མི་ཞིག་ལ་བརྩི་བཀུར་ལྡན་མིན་དེ་ནི་མི་དེའི་མི་གཤིས་བཟང་ངན་ལ་བལྟ་བའི་མེ་ལོང་ལྟ་བུ་རེད།
ཧུའུ་ཧྲི་ཐང་ལ་བརྩི་བཀུར་མི་ལྡན་པས་དགག་ལན་སྤྲད་པ།
ཡོན་རྒྱལ་རབས་ཀྱི་སྐབས་སུ་ཧུའུ་ཧྲི་ཐང་ཟེར་བའི་མི་ཞིག་ཡོད་ལ།ཤེས་ཡོན་ཞེ་དྲག་ལྡན་པས་མཚན་སྙན་གང་སར་ཁྱབ་ཡོད་མོད།འོན་ཀྱང་བྱ་སྤྱོད་ཕྲན་ཚེགས་ལ་དོ་སྣང་མི་བྱེད་པ་ཞིག་རེད།
རྗེས་སུ། ཁོ་རང་གདེང་ཚོད་ཡོད་པའི་སྒོ་ནས་རྒྱལ་སར་རྒྱུགས་སྤྲོད་དུ་སོང་།གོང་མས་དངོས་སུ་ཁོ་ལ་ཐུག་འཕྲད་མཛད་ཅིང་། གོང་མ་དང་མཇལ་སྐབས་ཧུའུ་ཧྲི་ཐང་གི་མགོའི་ཞྭ་མོ་གཡོན་འདུག་ནའང་ཁོས་དེར་དོ་སྣང་མ་བྱས་པ་རེད།
གོང་མ་རྒྱལ་པོས་ཁོར“ཁྱོད་ཀྱིས་དུས་རྒྱུན་ཅི་ཞིག་ལ་སློབ་སྦྱོང་བྱས་པ་ཡིན”ཞེས་དྲིས་པར།ཧུའུ་ཧྲི་ཐང་གིས“རྒྱལ་ཁབ་བསྐྱངས་ཏེ་གནམ་འོག་བདེ་ལ་འགོད་པའི་གནས་ལུགས་རྐྱང་རྐྱང་ལ་སློབ་སྦྱོང་བྱས་པ་ཡིན”ཞེས་ལན་བཏབ།
གོང་མ་དགོད་ཞོར་དུ“ཁྱོད་ཀྱིས་རང་གི་ཞྭ་མོ་ལའང་བདག་སྐྱོང་བྱེད་མི་ཐུབ་པས་ན།རྒྱལ་ཁབ་བསྐྱངས་ཏེ་གནམ་འོག་བདེ་ལ་འགོད་ཐུབ་བམ”ཞེས་བཤད་པ་དང་།མཇུག་མཐར་གོང་མས་ཁོ་རང་བཀོལ་སྤྱོད་མ་བྱས་པ་རེད།
གུས་ལུགས་དང་འགལ་བའི་ཤེས་ཡོན་ལ་རིན་ཐང་མི་ལྡན་པར་མ་ཟད།དངུལ་སྒོར་ལའང་རིན་ཐང་གང་ཡང་མི་ལྡན་ནོ། །
གུས་ལུགས་དང་འགལ་བའི་སྦྱིན་བདག་ཆེན་མོའི་ལག་ཏུ་འཁྲབ་གཞུང་མ་ཐོབ་པ།
ཟློས་གར་ཁང་ཆུང་ཆུང་ཞིག་གི་སྦྱིན་བདག་གིས་རིན་གོང་ཧ་ཅང་དམའ་མོའི་སྒོ་ནས་ཀྲུང་མ་ཆེ་བས(ཧྥ་རན་སིའི་འཁྲབ་གཞུང་རྩོམ་པ་པོ་གྲགས་ཅན)བྲིས་པའི་འཁྲབ་གཞུང་ཧ་ཅང་ལེགས་པོ་ཞིག་ཉོ་ཐུབ་སོང་བས།ཟློས་གར་ཁང་ཆེན་མོ་ཞིག་གི་སྦྱིན་བདག་ཧ་ཅང་མ་དགའ་བ་རེད།རྒྱུ་མཚན་ནི་ཁོས་སྔོན་ཆད་ལྡབ་གཉིས་ལས་མཐོ་བའི་རིན་གོང་གིས་ཀྲུང་མ་ཆེ་བའི་ལག་ནས་འཁྲབ་གཞུང་ཉོ་རྩིས་བྱས་ཀྱང་ཉོ་མ་ཐུབ་པས་རེད།
དེ་བས་སྦྱིན་བདག་ཆེན་མོ་དེ་འཁང་སེམས་དང་བཅས་ཏེ་ཀྲུང་མ་ཆེ་བར་མཇལ་དུ་སོང་བ་དང་།མཇལ་འཕྲད་བྱུང་མ་ཐག་མགོའི་ཞྭ་མོའང་མ་ཕུད་པར། ཁོང་ཁྲོ་ཆེན་པོས“ཁྱེད་ཀྱིས་འཁྲབ་གཞུང་ལེགས་པོ་དེ་དེ་འདྲའི་རིན་གོང་དམའ་མོའི་སྒོ་ནས་སྦྱིན་བདག་ཆུང་ཆུང་གན་ལ་བཙོང་དོན་ཅི་ཡིན།ངས་ལྡབ་གཉིས་ལས་མཐོ་བའི་རིན་གོང་བྱིན་ཡང་མ་བཙོང་བ་མིན་ནམ”ཞེས་དྲིས།
ཀྲུང་མ་ཆེ་བ་དགོད་ཞོར་དུ“དོན་དངོས་སུ་ཁྱོད་དང་ལས་རིགས་གཅིག་པ་དེས་ནུས་ཤུགས་ཏིལ་ཙམ་ཡང་བཏོན་མེད”ཅེས་བཤད།
“དེའི་དོན་ཅི་ཡིན”ཞེས་དྲིས་པར།
“ཁོས་ང་ལ་འབྲེལ་འདྲིས་བྱེད་པ་ནི་གཟི་བརྗིད་ཅིག་ཏུ་རློམ་ཡོད་པར་མ་ཟད།མཇལ་ཐེངས་རེ་རེར་བརྩི་བཀུར་ལྡན་པའི་སྒོ་ནས་ཞྭ་མོ་ཕུད་པ་རེད”ཅེས་བཤད།
མཚམས་ལན་རེར་བརྩི་བཀུར་ལ་ཤེས་ཡོན་དང་རྒྱུ་ནོར་ལས་ཀྱང་སྟོབས་ཤུགས་ཆེ་བས་གནད་དོན་མང་པོ་ཐག་གཅོད་བྱེད་ཐུབ་བོ། །