གལ་ཏེ་བོད་རང་སྐྱོང་ལྗོངས་ལྷ་ཉིང་མཐོ་རིམ་གཞུང་ལམ་བརྒྱུད་མྱོང་བའི་མི་ཞིག་ཡིན་ཚེ་དེ་ལ་ལམ་བར་གྱི་གྲོང་ཚོ་གང་ཞིག་ནི་ཁྱེད་ཀྱིས་དོ་སྣང་ཆེན་པོ་བྱེད་སྲིད་དམ་ཞེས་དྲིས་ཚེ། དེའི་ལན་མང་ཆེ་བ་ནི་བྲག་ཆུ་གྲོང་ཚོ་ཡིན་ངེས། ཁྱོད་ཀྱིས་རྡོ་ཕུག་མཚེའུ་(རྡོ་ཕུག་ཆུ་མཛོད)ཡི་ལྷོ་ངོགས་སུ་ཆགས་པའི་གྲོང་ཚོ་དེའི་མིང་མི་ཤེས་ཀྱང་སྲིད་མོད། འོན་ཀྱང་ཁྱོད་ཀྱིས་དེ་མཐོང་མྱོང་བ་ཁོ་ཐག་ཡིན། དེ་སྔོན་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོར་གནས་པའི་གྲོང་ཚོ་ཞིག་ལ་ད་ཆ་གསར་ཐོན་སྟོབས་ཤུགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བཞིན་འདུག
ཆུ་རྒྱས་དུས་ཀྱི་རྡོ་ཕུག་མཚེའུ་ཡི་ལྷོ་ངོགས་སུ་ཆགས་པའི་བྲག་ཆུ་གྲོང་ཚོ།
བྲག་ཆུ་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་མོན་པ་མི་རིགས་ཤང་གི་ཁོངས་སུ་གཏོགས་པ་དང་། གྲོང་ཚོ་ཡོངས་ལ་དུད་ཚང་41དང་མི་177ཡོད་པ་རེད། བལྟས་ཚོད་ཀྱིས་དེ་འདྲའི་ཆེན་པོ་མེད་པའི་གྲོང་ཚོའི་འདིའི་ནང་བོད་རིགས་དང་མོན་པ་རིགས། ལྷོ་པ་རིགས། རྒྱ་རིགས་བཅས་ཀྱི་ཡུལ་མི་རྣམས་ཀྱིས་འཚོ་བ་སྐྱེལ་བཞིན་ཡོད་ལ། དུས་ཡུན་རིང་པོའི་མཉམ་འདྲེས་ཁྲོད་མི་རིགས་ཁག་དབར་འཆམ་མཐུན་མཉམ་གནས་བྱུང་ནས་ཕན་ཚུན་བརྩི་བཀུར་དང་དགའ་ཞེན་བྱེད་པའི་ཡུལ་སྲོལ་དང་གྲོང་སྲོལ་ཞིག་ཆགས་ཡོད།
“མི་རིགས་ཁག་གི་དུས་ཆེན་གྱི་སྐབས་སུ་ཚང་མས་མཉམ་དུ་གླུ་ལེན་གར་རྩེད་དང་ཤ་ཟ་ཆང་འཐུང་གིས་དུས་ཆེན་ལ་རོལ་ཞིང་། གྲོང་ཚོའི་ཐུན་མོང་གི་ངལ་རྩོལ་བྱེད་སྐབས་ཀྱང་ཚང་མས་རང་ཉིད་གྲོང་ཚོའི་ཆ་ཤས་ཤིག་ཡིན་པར་ངོས་ཟིན་ནས་ཚང་མ་རོགས་པ་བྱེད་དུ་ཡོང་གིན་ཡོད་པས་མི་རིགས་ཁག་དབར་མཉམ་གནས་ཧ་ཅང་ཡག་པོ་བྱུང་ཡོད། ལྷོ་པ་རིགས་ཀྱི་ཏང་ཡོན་རྒན་གྲས་འབྲུག་ལེ་ཡིས་རྟག་ཏུ་མི་རིགས་ཁག་གི་ཁྱིམ་མཚེས་ལ་རང་ནུས་གང་ལྕོགས་ཀྱིས་བྱ་བ་སྒྲུབ་རོགས་བྱེད་ཀྱིན་ཡོད་པས་ཁོང་ནི་སེམས་རྩ་འཁོལ་པོ་ཞིག་རེད།”ཅེས་ལྷོ་པ་རིགས་ཀྱི་གྲོང་མི་ཟླ་བ་རིན་ཆེན་གྱིས་དེ་ལྟར་བཤད།
ཟླ་བ་རིན་ཆེན་གྱི་ཚ་བོ་ཁྱིམ་དུ་རྩེད་མོ་རྩེ་བཞིན་འདུག
ད་ལྟའི་འཚོ་བ་ནི་ཟླ་བ་རིན་ཆེན་གྱི་དེ་སྔའི་ཕུགས་བསམ་ཁྲོད་ཀྱི་རྣམ་པ་དེ་ཡིན། “སྔོན་ཆད་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་ནང་གི་ཕའེ་ལུང་ཤང་དུ་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བས་ཆར་དུས་སུ་རྟག་ཏུ་རི་ཉིལ་བ་དང་འདམ་རུད་པའི་གནས་ཚུལ་ཐོན་གྱིན་ཡོད་པས་མི་རྣམས་ཀྱང་གྲོག་རོང་ལས་ཕྱིར་བུད་པ་ཧ་ཅང་ཉུང་། 2000ལོར་ཟླ་བ་རིན་ཆེན་གནས་སའི་ཕའེ་ལུང་ཤང་ཧྲིལ་པོ་གྲོག་རོང་ཆེན་མོ་ནས་གནས་སྤོས་ཏེ་ད་ཆའི་བྲག་ཡིབ་ཆུས་དགུན་ཚང་མོན་པ་མི་རིགས་ཤང་དུ་གཞིས་ཆགས་ཤིང་། 2011ལོར་བོད་རང་སྐྱོང་ལྗོངས་ཀྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”གཙོ་གནད་ལས་གྲྭའི་རྣམ་གྲངས་ཏེ་རྡོ་ཕུག་ཆུ་ཤུགས་གློག་ཁང་གི་གནས་ཡུལ་དགུན་ཚང་བདམས་པ་དང་། གནས་སྤོ་བྱེད་དགོས་པའི་གྲོང་ཚོ་ཁྱོན་བསྡོམས་4ཡོད་པ་དེའི་ནང་ནས་3ནི་ཚང་མ་མོན་པ་རིགས་འདུས་སྡོད་གྲོང་ཚོ་ཡིན་ལ་བྲག་ཆུ་གྲོང་ཚོ་ཡང་རེས་སྐོར་གསར་པའི་གནས་སྤོ་བྱེད་འགོ་ཚུགས་པ་རེད། ཤིང་སྡོང་སྤོས་ན་སྐམ་འགྲོ། མི་སྤོས་ན་གསོན་འགྲོ་ཞེས་པའི་དཔེ་ལྟར་གནས་སྤོ་ཐེངས་གཉིས་བྱས་པས་ཟླ་བ་རིན་ཆེན་གྱི་ཁང་པའི་ནང་ཇི་ཙམ་བསྡད་པ་དེ་ཙམ་གྱིས་ལེགས་སུ་ཕྱིན་པ་དང་འཚོ་བ་ཡང་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་ཡོད། ད་ཆ་ཟླ་བ་རིན་ཆེན་གྱི་བུ་ཆེ་བས་སྐྱེལ་འདྲེན་བྱེད་པ་དང་བུ་ཆུང་བས་བརྡ་ཁྱབ་ཀུང་སི་ཞིག་གཉེར་བར་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་15ཙམ་བྱུང་ཡོད།
འབྲུག་ལེ་ཚང་གི་ཁང་པ་གསར་པ།
ཟླ་བ་རིན་ཆེན་ཚང་དང་འདྲ་བར་ད་ཆའི་འགྲིམ་འགྲུལ་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་འབྲུག་ལེ་ཡི་བུ་ཚེ་དབང་རྒྱ་མཚོ་ཡང་ཁྱིམ་ནས་ཐོན་ཏེ་སྐྱེལ་འདྲེན་ལས་ལ་གཞོལ་ནས་ལས་ཀ་ཙག་ཙིག་བསྒྲུབས་པ་རེད། “ལེགས་པའི་དུས་སུ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་7ནས་8ཡོད་པ་དང་། ཡག་པོ་མེད་དུས་སུ་ཡོང་འབབ་སྒོར་ཁྲི་5ནས་6ཡོད་ལ། ཆུང་མས་ཤང་ནང་གི་སློབ་ཆུང་དུ་ལས་ཀ་བྱེད་ཀྱིན་ཡོད་པས། ཟླ་གཅིག་ལ་གླ་ཕོགས་སྒོར་2500ཡོད། བྱིས་པ་ཡང་ཤང་ནང་གི་སློབ་ཆུང་དུ་སློབ་གྲྭར་འགྲོ་བཞིན་ཡོད་ལ་ཆུང་མས་ལས་ཀ་བྱེད་ཞོར་དུ་ཁོ་མོར་ལྟ་རྟོག་བྱེད་ཀྱིན་ཡོད།”ཅེས་ཚེ་དབང་རྒྱ་མཚོས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།
བྲག་ཆུ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་པོ་ཧུའུ་ཡུན་སེན་གྱིས་དེ་གར་གནས་སྤོ་བྱས་པའི་བྲག་ཆུ་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་སྐྱེལ་འདྲེན་དང་ལས་གཉེར། ནགས་ཚལ་ཐོན་ཁུངས་སོགས་ཀྱི་བྱེད་ཐབས་བརྒྱུད་ཡོང་འབབ་མང་དུ་བཏང་སྟེ་2016ལོར་ཚང་མ་དབུལ་སྒྲོལ་བྱས་ཡོད་ཅིང་། 2019ལོར་བྲག་ཆུ་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་5738025.3ལྷག་ཙམ་ཟིན་ནས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་19775.12ཟིན་ཡོད། ཅེས་མཚམས་སྦྱོར་གནང་བ་རེད།
ཆར་རྗེས་ཀྱི་འཇའ་ཚོན་འོག་གི་བྲག་ཆུ་གྲོང་ཚོ།
ད་ཆའི་བྲག་ཆུ་གྲོང་ཚོས་རྡོ་ཕུག་ཆུ་མཛོད་དང་ཡར་སྒང་ལུང་ཤུར་གྱི་གདོད་མའི་ནགས་ཚལ་སོགས་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་གསར་སྤེལ་བྱས་ཏེ་ཡུལ་མི་ཚོར་ཡུལ་སྐོར་གྱི་ཡོང་འབབ་རག་ཐབས་བྱ་རྒྱུ་དང་དུད་ཚང་ནས་ཐོན་མི་དགོས་པར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས། “རྡོ་ཕུག་ཆུ་མཛོད་འཛུགས་སྐྲུན་བྱས་པ་དེས་ད་ལྟའི་གྲོང་ཚོ་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཅིང་། རྗེས་ཕྱོགས་ཡུལ་སྐོར་གྲོང་ཚོ་བསྐྲུན་ཚེ་མི་མང་པོ་ཞིག་ཡོང་འདོད་ཡོད་ངེས”ཞེས་གསར་སྤེལ་ཡུལ་སྐོར་ཐད་ཟླ་བ་རིན་ཆེན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།
“ཁེ་ལས་མང་པོ་ཞིག་གིས་བྲག་ཆུ་གྲོང་ཚོའི་གསར་སྤེལ་ཡུལ་སྐོར་ལ་སྤྲོ་བ་ཡོད་ཀྱང་ང་ཚོས་ད་དུང་ཕུགས་ལ་བསམ་བློ་བཏང་ནས་སྤྱི་ཡོངས་གསར་སྤེལ་བྱ་རྒྱུར་བློ་ཁ་ཕྱོགས་ཡོད། མིག་སྔར་ཐོག་མའི་བསམ་ཚུལ་ཁ་ཤས་ཡོད་པ་སྟེ། མི་རིགས་ཁག་གི་ཁྱད་ཆོས་མངོན་པར་བྱ་རྒྱུ་གཙོ་བོར་འཛིན་རྩིས་ཡོད་པ་དང་། མཛེས་ལྗོངས་གཏོད་པ། རྐང་ཐང་ལ་བསྐྱོད་པའི་ཉམས་ལེན་སོགས་གཙོ་བོར་བཟུང་སྟེ། གྲོང་མི་ཚོས་ཀྱང་ཡུལ་འདིའི་ཡུལ་སྐོར་སྔ་མོ་ཙམ་ནས་ཇེ་ལེགས་སུ་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད”ཅེས་ཧུའུ་ཡུན་སེན་གྱིས་དེ་ལྟར་བཤད།