༄༅།།འཇམ་དབྱངས་ཆོས་སྒྲོན།

ཨོ་རྒྱན་དོན་གྲུབ་ཀྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-20


དབྱངས་ཀྱི་བདག་མོ། བོད་ཀྱི་གླུ་མ་འཇམ་དབྱངས་ཆོས་སྒྲོན་གྱི་གླུ་གར་སྒྱུ་རྩལ་གྱི་ལམ་བུ་ལ་ཕྱི་མིག་བལྟས་པ།

ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།    

དབྱངས་ཀྱི་བདག་མོ། བོད་ཀྱི་གླུ་མ་འཇམ་དབྱངས་ཆོས་སྒྲོན་གྱི་གླུ་གར་སྒྱུ་རྩལ་གྱི་ལམ་བུ་ལ་ཕྱི་མིག་བལྟས་པ།

        མིང་དུ་གྲགས་པའི་གླུ་མ་འཇམ་དབྱངས་ཆོས་སྒྲོན་ནི། ལོ་རབས་བརྒྱད་ཅུ་པའི་སྟོད་དུ་ཁམས་སྡེ་དགེ་རྫོང་དུ་སྐྱེས། ཆུང་དུས་དྲིན་ཕ་མའི་གཅེས་སྐྱོང་གི་འོག་ནས་མིང་སྲིང་དག་དང་ལྷན་དུ་འཚར་ལོངས་བྱུང་། རང་ལོ་ལྔ་ལ་སླེབས་སྐབས་ནས་དྲིན་ཆེན་ཨ་ནེའི་བདག་སྐྱོང་གི་བྱམས་བརྩེ་དང་འགྲོགས་ནས་དཀར་མཛེས་རྫོང་དུ་བསྐྱོད། དྲིན་ཨ་ནེའི་ལྷག་བསམ་དང་ཐུགས་རྗེའི་འོག་ནས་དབྱངས་གསལ་གཉིས་ཀྱི་ཉི་འོད་ལ་ལོངས་སུ་སྤྱད་པའི་བསྐལ་བ་ཐོབ་སྟེ། དཔེ་ཁུག་ཆུང་ཆུང་རྒྱབ་ཏུ་ཁུར་ཅིང་ཀ་ཁའི་དབྱངས་རྟ་ངག་ལ་གྱེར་བཞིན་སློབ་གྲྭ་རིག་པའི་སྒོ་ཐེམ་བསྙེགས།

        སྤྱི་ལོ1993ལོའི་སྤྱི་ཟླ6པར་དཀར་མཛེས་རྫོང་མཁར་སློབ་ཆུང་གཉིས་པ་ནས་སློབ་ཐོན་བྱུང་ནས་དཀར་མཛེས་མི་རིགས་སློབ་འབྲིང་དུ་དགེ་རྒན་བཀའ་དྲིན་ཅན་དག་གི་སྐུ་དྲུང་ནས་རྒྱ་བོད་ཡིག་རིགས་ཀུན་ལ་འབད་པ་བྱེད་པའི་བསྐལ་བ་ལྡན་པར་བྱུང་། སློབ་གྲྭར་སློབ་སྦྱོང་བྱེད་པའི་རིང་ལ་སློབ་གྲྭའི་གུང་གཞོན་ཚོགས་པར་ཞུགས་ཤིང་འཛིན་གྲྭའི་རིག་རྩལ་ཨུ་ཡོན་གྱི་འགན་ཁུར། ཆུང་དུས་ནས་རང་ལ་གླུ་དབྱངས་ལེན་རྒྱུའི་ལྷན་སྐྱེས་ཀྱི་སྐད་ངག་ཅིག་ཡོད་པ་ཁོ་རང་གིས་ཀྱང་ཤེས་མེད་པས་མ་ཚད། དམའ་འབྲིང་དགེ་རྒན་གྱིས་ཀྱང་བྲོ་འཁྲབ་ཚུལ་ཡག་པོ་ཡོད་པ་ཁོ་ན་ལ་གཟིགས་ནས་འཛིན་གྲྭའི་དྲིལ་བསྒྲགས་ཨུ་ཡོན་དུ་བདམས། དེ་ལྟར་སློབ་འབྲིང་དེ་ག་ནས་བགྲང་བྱ་གསུམ་གྱི་རིང་ལ་བསླབ་ཚན་ཀུན་ལ་འབད་པས་སྦྱངས་ནས་སྤྱི་ལོ1996ལོའི་སྤྱི་ཟླ6པར་སློབ་མཐར་ཕྱིན། ལོ་དེར་དཀར་མཛེས་ཁུལ་ནོར་སྲིད་ཉོ་ཚོང་སློབ་གྲྭའི་སློབ་བསྡུ་ཁོངས་སུ་རྒྱུགས་འཕྲོད་ནས་སློབ་གྲྭ་དེ་གར་ཞུགས།

སློབ་གྲྭ་དེ་ག་ནས་ཐོས་བརྩོན་གྱི་གཤོག་ཟུང་རིང་དུ་བརྐྱངས་ནས་སྦྱངས་བྱ་ཀུན་ལ་འབད་པ་བྱ་རྒྱུའི་བསྐལ་བ་ལྡན་པས་མ་ཚད་ལས་དབང་བཟང་པོའི་བཀོད་སྒྲིག་ཅིག་གིས་ཕུགས་བསམ་འཚོལ་སྙེག་ལྡན་ལ་སྐད་ངག་གི་འགྱུར་ཁུག་སྙན་པའི་གྲོགས་མོ་ཞིག་དང་ཤག་གྲོགས་སུ་གྱུར། གཟའ་མཇུག་གི་ཉིན་ཞིག་ལ་ཁོ་ཚོ་ཚང་མ་ཕྱི་རོལ་དུ་མ་སོང་བར་སྡོད་ཤག་ཏུ་ཡོད་སྐབས་ཤིག་ལ། ཤག་གྲོགས་བུ་མོ་དེ་ཡར་ལངས་ནས《ལྷ་སར་བསྐྱོད་པ》ཞེས་པའི་གླུ་དབྱངས་སྙན་མོ་གྲེ་འགྱུར་ངག་གི་དབྱངས་རྟར་དྲངས་ནས་བླངས་བྱུང་བས། ཅི་འདྲའི་སྐད་སྙན་པ་ལ་ཨང་། ཤག་གྲོགས་ཚང་མའི་སེམས་པ་དགའ་བདེའི་དཔལ་ལ་བཀོད་ཅིང་། ཁོའི་སེམས་ཀྱི་ཞེན་རྟེན་དུ་ཡང་གྱུར། དེ་ནས་ཤག་གྲོགས་ཚང་མས་ཁོ་ལ་གླུ་དབྱངས་ཤིག་ལེན་རྒྱུའི་སྐུལ་མ་བྱས་པར། ཁོ་ཡང་ཡར་ལངས་ནས་དུས་དེབ་ཅིག་དྲིལ་དྲིལ་བྱས་ནས་སྐད་སྦུག་གི་ཚབ་ཏུ་བཀོལ་ནས《མཚོ་བོད་མཐོ་སྒང》ཞེས་པའི་གླུ་དབྱངས་དེ་ཁོ་ཚོར་ཕུལ་བས་ཤག་གྲོགས་ཚང་མ་ཧ་ལས་པའི་ཚད་ལ་བསྐྱལ། གོང་གི་གླུ་བླངས་པའི་ཤག་གྲོགས་མ་དེས་ཧ་ལས་པའི་ངང་བཤད་རྒྱུར། ཨ་གནམ་རྒན་མ། ཁྱོད་ལ་སྐད་ངག་འདི་འདྲ་སྙན་མོ་ཞིག་ཡོད་པས་ཁྱོད་ཀྱིས་ཅིའི་ཕྱིར་གླུ་དབྱངས་མི་ལེན་པ་ཡིན་ཟེར། དེ་ནས་བཟུང་ཤག་གྲོགས་མ་དེས་སྐུལ་སློང་དང་ཁོ་རང་གི་འབད་པ་བརྒྱུད་ནས་གླུ་དབྱངས་ལ་ཕྱོགས་པའི་ཕུགས་བསམ་གཞན་ཞིག་འཚོལ་བའི་མགོ་བརྩམས།

དབྱངས་ཀྱི་བདག་མོ། བོད་ཀྱི་གླུ་མ་འཇམ་དབྱངས་ཆོས་སྒྲོན་གྱི་གླུ་གར་སྒྱུ་རྩལ་གྱི་ལམ་བུ་ལ་ཕྱི་མིག་བལྟས་པ།

        སྤྱི་ལོ1998ལོའི་སྤྱི་ཟླ6པར་སློབ་མཐར་ཕྱིན་ཞིང་སྤྱི་ཟླ8པར་དར་མདོ་མགྲོན་ཁང་གི་འཁྲབ་སྟོན་རུ་ཁག་ཏུ་ཞུགས། ལོ་དེར་དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་རྫོང་གླུའི་གླུ་པ་འཚོལ་སྡུད་ཀྱི་བྱེད་སྒོ་རུ་ཞུགས། ཁོ་ལ་གྲེ་འགྱུར་ངག་གི་དབྱངས་རྟ་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པས《ལྷན་འཛོམས་ཀྱི་སྨོན་འདུན》ཞེས་པའི་གླུ་དབྱངས་ཤིག་ཆེད་དམིགས་ཀྱིས་ལེན་དུ་བཅུག།

        རྗེས་སོར་པེ་ཅིང་བོད་ལྗོངས་མགྲོན་ཁང་གིས་འཁྲབ་སྟོན་པ་བསྡུ་བར་དར་མདོར་འབྱོར་ཚེ་ཕུ་བོ་ཞིག་གིས་ནན་སྐུལ་གནང་བའི་འོག་ནས་དེར་མིང་ཐོ་བཀོད་ནས་རྒྱུགས་ལ་ཞུགས། སྟབས་ལེགས་པ་ཞིག་ལ་འཁྲབ་སྟོན་པའི་གྲས་སུ་རྒྱུགས་འཕྲོད་ནས་པེ་ཅིང་དུ་བསྐྱོད། འདི་ནས་ཁོའི་མི་ཚེ་བསོད་ནམས་ཀྱི་ཞིང་ནས་གླུ་གར་སྒྱུ་རྩལ་འཚོལ་སྙེག་གི་སྡིངས་ཆ་ཇེ་ཆེ་རུ་གྱུར། པེ་ཅིང་བོད་ལྗོངས་མགྲོན་ཁང་ནས་སྔ་ལངས་ཕྱི་ཉལ་གྱིས་རང་འཁྲིའི་ལས་འགན་ལ་འབད་པ་བྱས་པས་མ་ཚད། ཞབས་ཞུ་མ་དང་གླུ་མ། འཁྲབ་སྟོན་མ། མདོ་འཛིན་མ་སོགས་ཀྱི་ལས་འགན་གང་མང་གཅིག་ལྕོགས་སུ་ཁུར། ཞོར་དུ་གླུ་དབྱངས་ཕྱོགས་ཀྱི་ཤེས་བྱ་སྣ་མང་ལ་འབད་པ་བྱས། སྟབས་ལེགས་པ་ཞིག་ལ་ཡུལ་དེ་ག་ནས་རོལ་དབྱངས་ཀྱི་དགེ་རྒན་སྐལ་བཟང་རྡོ་རྗེ་དང་ཞབས་བྲོའི་དགེ་རྒན་ལོའོ་ཡུས་ཀྲེན། མིང་དུ་གྲགས་པའི་དབྱངས་རྟ་རྩོམ་མཁན་གྲགས་ཅན་ཡའོ་ཧྲུའུ་ཝེན་སོགས་དགེ་རྒན་གྲགས་ཅན་དེ་དག་ངོ་ཤེས་སུ་གྱུར་ཅིང་། ཁོང་ཅག་དགེ་རྒན་དུ་བསྟེན་ནས་གླུ་གར་སྒྱུ་རྩལ་གྱི་ཕྱོགས་ལ་འབད་པ་ལྷུ་རུ་ལེན་པས་གླུ་གར་སྒྱུ་རྩལ་གྱི་ཤེས་བྱ་གང་མང་རང་རྒྱུད་དུ་འབྱོར་ནས་མ་འོངས་པར་གླུ་གར་ལ་ཕྱོགས་པའི་ཕུགས་བསམ་མངོན་འགྱུར་ཡོང་བར་མཐུན་རྐྱེན་གང་ལེགས་འཛོམས།

        སྤྱི་ལོ2004ལོའི་སྤྱི་ཟླ4པར་བལ་ཡུལ་དུ་འཁྲབ་སྟོན་ལ་འགྲོ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་ནས་དེ་གར་འཁྲབ་སྟོན་གྱི་ཞོར་དུ་ཟླ་ངོ་བཞིའི་རིང་ལ་དབྱིན་ཡིག་ལ་སྦྱངས་བ་གང་ལེགས་བྱས། ལོ་དེའི་སྤྱི་ཟླ10པར་རྒྱལ་ནང་དུ་ཕྱིར་ལོག་ནས་བོད་ལྗོངས་ལྷ་ས་རུ་དུང་དཀར་སྐད་བརྡ་སློབ་གྲྭ་རུ་ཞུགས་ཏེ་ཟླ་ངོ་དགུ་ལྷག་གི་རིང་ལ་དབྱིན་ཡིག་སྦྱངས།

        སྤྱི་ལོ2005ལོའི་སྤྱི་ཟླ7པར་ཡུལ་དབུས་ལྷ་ས་ནས་གཡུང་དྲུང་རྒྱལ་སྒྱུ་རྩལ་འཁྲབ་སྟོན་ལྟེ་གནས་སུ་དབྱིན་ཡིག་གི་མདོ་འཛིན་མ་དང་གླུ་མ་གཉིས་ཀྱི་ལས་འགན་ཁུར་དུ་ལེན་ཞིང་། གླུ་གར་སྒྱུ་རྩལ་གྱི་ཕུགས་བསམ་རིང་མོ་འཚོལ་སྙེག་གི་ལམ་དུ་མུ་ནས་འཇུག།

        སྤྱི་ལོ2006ལོར་བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་ལོ་སར་དགོང་ཚོགས་སུ་ཞུགས། རྒྱལ་ཁབ་རིམ་པ་དང་པོའི་དབྱངས་རྩོམ་མཁན་གྲགས་ཅན་དགེ་རྒན་སྤེན་ལོ་ལགས་ཀྱིས་བརྩམས་གནང་མཛད་པའི《མཐོ་སྒང་གི་བོད་ལྗོངས》ཞེས་པའི་གླུ་དབྱངས་གསར་པ་ཞིག་དགོང་ཚོགས་དེ་ག་ནས་བོད་མདོ་དབུས་ཁམས་ཀྱི་ལྟད་མོ་པ་ཡོངས་ལ་ལོ་སར་གྱི་ལེགས་སྐྱེས་སུ་བསྐུར་བས་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལས་ཀར་འཇུག་བཞིན་པའི་གཞོན་རབས་དག་ལས་རེ་བ་ལྷག་ཏུ་ལྡན་པའི་གཞོན་སྐྱེས་གླུ་མ་ཞིག་ལ་ཀུན་གྱིས་ངོས་འཛིན་ཐོབ། ལོ་འདིའི་ཟླ་བ8པར་སི་ཁྲོན་ཞིང་ཆེན་མི་རིགས་གླུ་གར་ཚོགས་པའི་གཡང་འཁོར་མི་རིགས་གར་སྟེགས་ནས་རྐྱང་ལེན་འཁྲབ་སྟོན་མའི་བྱ་བའི་འགན་ཁུར།


        སྤྱི་ལོ2007ལོའི་ཟླ10པར་ཁོའི་གླུ་དབྱངས་བརྩམས་ཆོས་ཐོག་མ《དག་ཞིང་གི་མ་ཡུམ》ཞེས་པ་ལ། ཀུང་གོའི་རྒྱལ་སྤྱིའི་དྲ་བའི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་རོལ་དབྱངས་མཛད་སྒོ་ཐོག་གི་རྒྱལ་ཡོངས་རྟིང་རྩོད་འགྲན་སྡུར་སྐབས་ལྔ་པར་རོལ་དབྱངས་གསར་རྩོམ་རྩེ་གྲའི་བྱ་དགའ་ཐོབ།

        སྤྱི་ལོ2008ལོར་ལས་སྨོན་བཟང་པོའི་འབྲས་བུ་དུས་སུ་སྨིན་པ་ལྟར་དགེ་རྒན་ནམ་མཁའ་བུ་ཕྲུག་མཆོག་དགེ་རྒན་དུ་བསྟེན་རྒྱུའི་བསྐལ་བ་བྱུང་། ཁོང་གིས་མཛུབ་ སྟོན་དང་རྒྱབ་སྐྱོར་གནང་བའི་འོག་སྤྱི་ལོ2009ལོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་སུ་ ཞུགས་ཐུབ་པར་མ་ཟད། ལོ་འདིར་མི་སྒེར་གྱི་གླུ་གཞས་ ཆེད་བསྒྲིགས་གྲ་སྒྲིག་བྱེད་མགོ་བརྩམས། སྤྱི་ལོ2011ལོར་གླུ་གཞས་བརྩམས་ཆོས12ཀྱིས་ གྲུབ་པའི་མི་སྒེར་གྱི་གླུ་གཞས་ཆེད་བསྒྲིགས་ཀྱི་ཟེར་སྡེར་ཐོག་མ་འགྲེམ་སྤེལ་བྱས་ཤིང་། དེའི་ཁྲོད་དུ་གླུ་གཞས9གསར་རྩོམ་རྐྱང་པ་ཡིན་པས་རྒྱ་ཆེ་བའི་ལྟད་མོ་བས་དགའ་བསུ་ཐོབ་པས་མ་ཚད། གླུ་གཞས་ཆེད་མཁས་དགེ་རྒན་དག་གིས་མཐོང་ཆེན་དང་གདེང་འཇོག་ལྷག་ཏུ་ཐོབ། སྤྱི་ལོ2011ལོའི་ཟླ་བ10པར་སི་ཁྲོན་བརྙན་འཕྲིན་ཁང་གི་དུས་ཚིགས་གཉིས་པའི《ཀྲུང་གོའི་བོད་གཞས་འདུ་ ཚོགས》ལས་རྒྱལ་ཡོངས་ཀྱི་ཕུལ་བྱུང་རིམ་གྲས་དྲུག་པའི་ཡན་ཆད་དུ་ཚུད་པ་རེད། སྤྱི་ལོ2012ལོར་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དུས་སྟོན་གྱི《རྨ་ཆུ་ནས་འབྱུང་བའི་གླུ》ཞེས་པའི་དུས་ཐེངས18པར་ཞུགས་ནས་རང་སྐྱོང་ཁུལ་གྱི་བྱ་དགའ་ཨང་དང་པོ་ཐོབ། སྤྱི་ལོ2015ལོར་ཁམས་པའི་བརྙན་འཕྲིན་ཁང་གི་ བོད་ཀྱི་ལོ་སར་དགོང་ཚོགས་སུ་ཞུགས་ནས《ཕུགས་འདུན་ལྗང་ཁུ》ཞེས་པའི་གསར་རྩོམ་གླུ་གཞས་དེ་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་སར་གྱི་སྐྱེས་སུ་ཕུལ། སྤྱི་ལོ2016ལོར་ཨ་མདོའི་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་སར་དགོང་ཚོགས་སུ་ཞུགས་ནས《སྦྲ་ནག》ཞེས་པའི་ གསར་རྩོམ་གླུ་གཞས་དེ་རིགས་མཐུན་སྤུན་ཟླ་ཡོངས་ལ་ལོ་སར་གྱི་ལེགས་སྐྱེས་སུ་ཕུལ། སྤྱི་ལོ2017ལོར་བོད་ལྗོངས་ཀྱི་བོད་ཀྱི་ལོ་སར་དགོང་ཚོགས་དང་ཁམས་པའི་བརྙན་འཕྲིན་ཁང་གི《སྤྲོ་སྣང་ལྡན་ པའི་གླིང་ག》ཞེས་པའི་སྐབས་དང་པོའི་རིག་རྩལ་དུས་སྟོན་དུ་ཞུགས། སྤྱི་ལོ2018ལོར་སི་ཁྲོན་བརྙན་འཕྲིན་ཁང་གི《ཀྲུང་ གོའི་བོད་གཞས་འདུ་ཚོགས》ཀྱི་ཆེད་མངགས་གདན་ཞུ་སྐུ་མགྲོན་གྱི་ཐོབ་ཐང་ཐོག་ནས《ང་ཚོ་ལྷན་དུ་འཛོམས》ཞེས་པ་དང《དག་པའི་ཞིང་གི་མ་ཡུམ》ཞེས་པའི་གསར་རྩོམ་གླུ་གཞས་གཉིས་པོ་རིམ་པ་སྤར་བའི་སྒོ་ནས་འཁྲབ་ལེན་བྱས། སྤྱི་ལོ2019ལོར་བོད་ལྗོངས་ཀྱི་བོད་ཀྱི་ལོ་གསར་དགོང་ཚོགས་ལ་ཞུགས་པ་དང་། ལོ་དེའི་ཟླ9པར་སི་ཁྲོན་ ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་གི་གེ་སར་རྒྱལ་པོའི་མཁར་གྲོང་གི་སྒོ་འབྱེད་མཛད་སྒོར་ཞུགས་ཤིང་མཛད་སྒོའི་བརྗོད་དོན་གླུ་དབྱངས《གླིང་རྗེ་གེ་སར་རྒྱལ་པོ། ང་ཚོའི་རྒྱལ་པོ》ཞེས་པ་དེ་གྲེ་འགྱུར་ངག་གི་དབྱངས་རྟར་དྲངས་ནས་རྒྱ་ཆེའི་ལྟད་མོ་བའི་སྙན་དབང་གི་གསོས་སུ་ཕུལ། སྤྱི་ལོ2019ལོའི་སྤྱི་ཟླ10པར་ཆེད་མངགས་གདན་ ཞུའི་སྐུ་མགྲོན་གྱི་མིང་ཐོག་ནས་སི་ཁྲོན་བརྙན་འཕྲིན་ཁང་གི《ང་ཚོར་གླུ་གཞས་ཡོད》ཅེས་པའི་ལེ་ཚན་དུ་ཞུགས་ནས 《ཡབ་ཆེན་གྱི་རྩྭ་ཐང་དང་མ་ཡུམ་གྱི་གཙང་པོ》ཞེས་པའི་གླུ་གཞས་སྙན་མོ་ཀུན་གྱིས་སྙན་དུ་ཕུལ། ལོ་དེའི་ཟླ1པོར་ཧྲན་ཞི་བརྙན་འཕྲིན་ཁང་གི་ལོ་སར་མཉམ་སྤྲོ་དགོང་ ཚོགས་སུ་ཞུགས། སྤྱི་ལོ2020ལོའི་སྤྱི་ཟླ4པར་སི་ཁྲོན་བརྙན་འཕྲིན་ཁང་གི 《ང་ཚོར་གླུ་གཞས་ཡོད》ཅེས་པའི་ལེ་ཚན་དུ་ཞུགས་ནས《དག་ ཞིང་གི་མ་ཡུམ》དང《ཁྲུང་ཁྲུང》ཞེས་པའི་གླུ་དབྱངས་སྙན་མོ་རྒྱ་ཆེའི་གཟིགས་མོ་བའི་སྙན་དབང་གསོས་པའི་དཔལ་དུ་སྨིན། འདི་ལྟར་གླུ་མ་འཇམ་དབྱངས་ཆོས་སྒྲོན་གྱིས་ཕུགས་ཀྱི་འདུན་མ་གླུ་གར་སྒྱུ་རྩལ་ལ་ཕྱོགས་པའི་བརྩོན་ སེམས་ཀྱི་སྙིང་སྟོབས་མ་ཞུམ་པར་འབད་པའི་འབྲས་བུ་རུ་གླུ་གཞས་གསར་རྩོམ་གྱི་བརྩམས་ཆོས་དུ་མ་རྒྱལ་ཕྱི་ནང་གི་གླུ་གཞས་ཀྱི་སྟེགས་བུ་ནས་ལྷང་ལྷང་དུ་གྲགས་དང་གྲགས་བཞིན་ཡོད་ལ། མུ་ནས་གླུ་གར་གྱི་སྒྱུ་རྩལ་གྱི་བྱ་བར་འབད་པ་སྔར་མུས་སུ་སྐྱོང་བཞིན་པ་ལགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1