—— སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་དབུལ་སྒྲོལ་སྐོར་བཀོད་པ།
● འདི་ལོའི་ཟླ་གཉིས་པར་དཀར་མཛེས་ཀྲོའུ་ཡི་ས་ཁོངས་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། ཀྲོའུ་ཡོངས་ཀྱི་རྫོང་དབུལ་པོ་18(གྲོང་ཁྱེར)ཚང་མ་དབུལ་ཞྭ་ཕུད་ཅིང་། གྲོང་ཚོ་1360དང་མི་འབོར་དབུལ་པོ་ཁྲི་22.3ཙམ་དབུལ་སྒྲོལ་ཐུབ་ཡོད།
● ས་མཐོའི་ཁྱད་ལྡན་སྐྱེ་དངོས་གླིང་བསྐྲུན་པས་ཉེ་འཁོར་གྱི་ངལ་རྩོལ་ནུས་ཤུགས་སྐུལ་སློང་ཐུབ་པ་མ་ཟད། ལྷག་པར་དུ་དུད་ཚང་དབུལ་པོའི་མང་ཚོགས་800ལྷག་ཙམ་ལས་ཞུགས་ཐུབ་ནས་ཁྱོན་ཡོང་འབབ་སྒོར་ཁྲི་660བྱུང་བ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་8250ཟིན་ཡོད།
● དཀར་མཛེས་རྫོང་གི་གྲོང་ཚོ་དབུལ་པོ་129དང་། དུད་ཚང་དབུལ་པོ་3308 མི་འབོར་དབུལ་པོ་15373བཅས་གེ་སར་གྲོང་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཡོད། གེ་སར་གྱི་དཔའ་བོའི་ལོ་རྒྱུས་ཡུན་རིང་ལྡན་པའི“རིག་གནས་གྲོང”ལས་རྫོང་ཡོངས་ཀྱི་གྲོང་ཚོ་དབུལ་པོར་ཐད་ཀར་ཡོང་འབབ་སྒོར་ཁྲི་1100བྱུང་སྟེ་དཀར་མཛེས་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལ་འདེགས་སྐྱོར་བྱེད་པའི་ཐོན་ལས་ཀྱི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད།
རང་རེའི་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་སྐྱོད།
མཚོ་བོད་ས་མཐོའི་ལྷོ་རྒྱུད་ཀྱི་དཀར་མཛེས་ཀྲོའུ་ཡི་མངའ་ཁོངས་སུ་ཕྱོགས་བཞི་རི་བོས་བསྐོར་ལ་གཙང་ཆུ་ལང་ལོང་དུ་རྒྱུག་བཞིན་མཆིས། ས་ཆ་དེ་ནི་སྔོན་མ་རྒྱལ་ཡོངས་ཀྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དཔེ་མཚོན་ཞིག་དང་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ཡི་གྲས་ཤིག་རེད། འདི་ལོའི་ཟླ་གཉིས་པར་དཀར་མཛེས་ཀྲོའུ་ཡི་ས་ཁོངས་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། ཀྲོའུ་ཡོངས་ཀྱི་རྫོང་དབུལ་པོ་18(གྲོང་ཁྱེར)ཚང་མ་དབུལ་ཞྭ་ཕུད་ཅིང་། གྲོང་ཚོ་1360དང་མི་འབོར་དབུལ་པོ་ཁྲི་22.3ཙམ་དབུལ་སྒྲོལ་ཐུབ་ཡོད།
ཞོགས་པའི་སྨུག་པས་གངས་རི་དང་ཚང་ཚིང་ནགས་ཚལ་ཁྲོད་དུ་དབེན་པར་གནས་པའི་གྲོང་སྡེ་གཉིད་ལ་སད་ཅིང་། འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་ཉི་བརྟེན་གྲོང་ཚོའི་བོད་བཟོའི་ཐོག་ཁང་ནང་བོད་རིགས་ཨ་མ་བསོད་ནམས་མཚོ་མོས་སེམས་རྩ་འཁོལ་པོས་མགྲོན་པོར་ཇ་བསྲུབས་མ་དང་། ནས་ཀྱི་བག་ལེབ། ཤ་སྐམ་པོ་བཅས་བཀྱགས་ནས་སྣེ་ལེན་ཞུ་བཞིན་འདུག “དེ་སྔོན་ད་ཆ་ལྟར་གྱི་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་བརྗོད་བཞིན་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།
“ཤམ་བྷ་ལའི་བླ་སྲོག”ཅེས་འབོད་པའི་ཉི་བརྟེན་མཛེས་ལྗོངས་ཁུལ་ས་ཕྱོགས་གང་སར་སྐད་གྲགས་ཆོད། སྔོན་མ་ཉི་བརྟེན་གྲོང་ཚོ་ནི“མནའ་མར་འགྲོ་དགོས་བྱུང་ཡང་། ཉི་བརྟེན་བའི་མནའ་མར་མི་འགྲོ”ཞེས་བརྗོད་པའི་ས་ཆ་སྐྱོ་པོ་ཞིག་རེད། སྐབས་དེ་དུས་ཉི་བརྟེན་གྱི་གྲོང་མི་རྣམས་ཕྱུགས་འཚོ་བ་དང་སྨན་རྩྭ་བཀོག་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཁོར་ཡུག་ལ་གཏོར་བཤིག་ཕོག་པ་མ་ཟད། ཡོང་སྒོའང་བརྟན་པོ་མེད།
བསམ་ཕྱོགས་བསྒྱུར་བས་འབབ་འཕར་གྱི་ལམ་བུ་ཇེ་ཡངས་སུ་ཕྱིན། མཛེས་པའི་རི་ལུང་ཁྲོད་གནས་པའི་ཉི་བརྟེན་གྱི་གྲོང་མི་ཚོས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་བརྟེན་ནས་དབུལ་པོ་ལས་སྒྲོལ་བའི་བློ་ཐག་བཅད། རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་ཀྱི་ཐོན་ཁུངས་སྤྱད་དེ་འདབ་པ་རྫོང་གིས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་འགོ་ཚུགས་པ་དང་། གྲོང་མི་ཚོ་ཡང་མཛེས་ལྗོངས་ཁུལ་གྱི་དོ་དམ་དང་ཡུལ་སྐོར་ཞབས་ཞུར་ཧུར་ཐག་ཞུགས་པས། འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་རེད།
དབུལ་སྒྲོལ་བྱུང་རྗེས་ཀྱི་འཚོ་བའི་སྐོར་གླེང་སྐབས། བསོད་ནམས་མཚོ་མོས་དགའ་ཚོར་ཆེན་པོས། ད་ཆ་མཛེས་ལྗོངས་ཀྱི་ཐོབ་ཆ་བགོ་བ་དང་། འགྲུལ་ཁང་གཉེར་བ། དྲེལ་པའི་རུ་ཁག་ལ་ཞུགས་པ་སོགས་ཀྱི་ཡོང་འབབ་བསྣན་ན་ལོའི་ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི་40ཙམ་ཡོང་གི་འདུག་ཅེས་བརྗོད། དབུལ་སྒྲོལ་བྱུང་རྗེས་ཀྱི་བསོད་ནམས་དབང་མོའི་མིག་རྒྱང་རིང་དུ་ཕྱིན་ནས“ཤེས་བྱ་དང་རིག་གནས་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད་འདུག ཕྲུ་གུ་ཚོ་ང་དང་འདྲ་བར་རིག་གནས་མེད་པའི་སྡུག་པོ་མྱོང་དུ་འཇུག་གི་མིན”ཞེས་བརྗོད་བྱུང་། ད་ཆ་ཁོང་གི་ཚ་བོ་གཉིས་ཁྲེང་ཏུར་སློབ་ཆེན་འགྲིམ་བཞིན་ཡོད།
དཀར་མཛེས་ནི་འདབ་པའི་ཉི་བརྟེན་གྲོང་ཚོ་དང་འདྲ་བར་ཡུལ་ལྗོངས་ལྷག་པར་མཛེས་པའི་ས་ཆ་ཞིག་རེད། རྟའུ་རྫོང་ཁམས་པའི་ས་མཐོའི་སྐྱེ་དངོས་གླིང་དུ་སྐྱོད་སྐབས་དེ་གར་ཚང་ཚིང་གི་ནགས་ཚལ་དང་། ཤང་ཤང་དུ་རྒྱུག་པའི་ཆུ་ཕྲན། རྣམ་པར་བཀྲ་བའི་མེ་ཏོག་བཅས་ཀྱིས་བརྒྱན་ནས་འདུག་ཅིང་། ས་མཐོའི་ཁྱད་ལྡན་སྐྱེ་དངོས་གླིང་བསྐྲུན་པས་ཉེ་འཁོར་གྱི་ངལ་རྩོལ་ནུས་ཤུགས་སྐུལ་སློང་ཐུབ་པ་མ་ཟད། ལྷག་པར་དུ་དུད་ཚང་དབུལ་པོའི་མང་ཚོགས་800ལྷག་ཙམ་ལས་ཞུགས་ཐུབ་ནས་ཁྱོན་ཡོང་འབབ་སྒོར་ཁྲི་660བྱུང་བ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་8250ཟིན་ཡོད། ཁྲོན་བོད་གཞུང་ལམ་ཐོག་གི“བོད་སྐྱོད་རྒྱལ་སྒོ”ཞེས་འབོད་པའི་དར་རྩེ་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་ཆུ་ཟམ་གྲོང་ཚོར་སྐྱོད་སྐབས། དེ་གའི་ཡིད་དུ་འོང་བའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་དབང་བཀུག་ཅིང་། དབུལ་སྒྲོལ་བྱུང་རྗེས། ཆུ་ཟམ་གྲོང་མིའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་11980ཟིན་ཡོད། སྔོ་ཤིང་དྭངས་བའི་རི་ཀླུང་ནི་ས་མཐོའི་བུ་ཕྲུག་དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི“གསེར་རི་དངུལ་རིར”གྱུར་ཡོད།
དགུང་སྔོན་འོག་མཛེས་སྡུག་ལྡན་པའི་སློབ་གྲྭའི་ཉལ་ཁང་དེ་བས་བཀྲག་མདངས་འཚེར། སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་སློབ་ཆུང་སློབ་མ300ལྷག་ཙམ་གྱིས་ཐང་ཆེན་དུ་དཀར་མཛེས་ཀྱི་ཞབས་བྲོ་འཁྲབ་བཞིན་འདུག
འབྲོག་ཁུལ་གྱི་སློབ་གསོ་ཡག་པོ་གཉེར་རྒྱུ་ནི་སློབ་གསོར་བརྟེན་ནས་དབུལ་པོ་བུ་རབས་ཚ་རྒྱུད་མི་ཡོང་བ་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་རེད། ལི་ཐང་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཞའོ་ཧུང་གིས་ངོ་སྤྲོད་བྱས་པར། འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལི་ཐང་རྫོང་གིས“རྫོང་གྲོང་དུ་གཅིག་སྡུད་ཆེན་པོ་དང་། ཡུག་ཁུལ་དུ་གཅིག་སྡུད་ཆུང་ངུ་བྱེད་པ། གྲོང་གསེབ་ཏུ་རྨང་གཞི་འདིང་བ”བཅས་ཀྱི་སློབ་གཉེར་བྱེད་ཐབས་འཚོལ་ཞིབ་བྱས་པ་བརྒྱུད། “6+3”“3+3”གྱི་སློབ་གཉེར་རྣམ་པ་ཞིག་གྲུབ་པ་མ་ཟད། བུ་བཅོལ་ཁང་དང་། སློབ་ཆུང་། སློབ་འབྲིང་བཅས་དོ་སྙོམས་འཕེལ་རྒྱས་ཀྱི་སློབ་གསོའི་མ་ལག་བཙུགས་ཡོད། རྒན་སྒྲོལ་མ་ལགས་གནས་སའི་ཆ་ཚང་སློབ་ཆུང་བཞི་པས“3+3”གྱི་བྱེད་ཐབས་གཞིར་བཟུང་། རྫོང་ཡོངས་ཀྱི་ཤང་གྲོང་19ཡི་ལོ་རིམ་བཞི་པ་ནས་དྲུག་པ་བར་གྱི་སློབ་མ་དང་གནས་སྤོས་དུད་ཚང་གི་སློབ་ལོ་ལོན་པའི་བུ་ཕྲུག་བསྡུས་ཡོད།
རྒན་སྒྲོལ་མ་ལགས་ཀྱིས་ཐག་རིང་འབྲོག་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་སློབ་མ་རྡོ་རྗེ་མགོན་པོའི་ཕ་མའི་འགན་འཁུར་ཏེ། ཁོང་ལ་འཚོ་བའི་གོམས་གཤིས་བཟང་པོ་བསླབ་ཀྱི་ཡོད། སློབ་ཁྲིད་ཞིབ་ཚགས་བྱས་མཐར་རྒྱ་ཡིག་སྒྲ་སྦྱོར་ཡི་གེ་ཙམ་ཡང་མི་ཤེས་པ་ནས་རྒྱ་ཡིག་ཡག་པོ་ཤེས་པ་མ་ཟད། སྦྱོང་ཚན་ཡང་ཡག་པོ་འབྲི་མཁན་གྱི་སློབ་མ་ཞིག་ཏུ་འགྱུར་བ་དང་སྦྱངས་འབྲས་ཀྱང་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ་མཐོང་སྐབས་རྒན་སྒྲོལ་མ་ལགས་ཀྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།
2017ལོར“ཐང་གའི་ཕ་ཡུལ”ཞེས་མཚན་སྙན་ལྡན་པའི་བྲག་འགོ་རྫོང་གིས“སློབ་གྲྭ་དང་ཁེ་ལས་མཉམ་ལས”བྱེད་སྟངས་འཚོལ་ཞིབ་བྱས་ཏེ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལས་རིགས་སློབ་གསོའི་བྲག་འགོའི་དངོས་སྦྱོང་རྟེན་གཞི་བཙུགས་ནས་ཐང་ག་འབྲི་རྩལ་དང་མི་རིགས་ཀྱི་གྱོན་ཆས་འཚེམ་བཟོ་སོགས་ཆེད་ལས་རྩལ་ནུས་འཛིན་གྲྭ་གཉེར་ཞིང་། སློབ་མའི་འགྲོ་གྲོན་ཁག་ཆག་ཡང་བཏང་བ་མ་ཟད། སློབ་གྲྭ་ཐོན་རྗེས་འབྲིང་རིམ་ཆེད་ལས་སློབ་གྲྭའི་ལག་ཁྱེར་སྤྲད་པ་དང་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་ཀྱང་མཁོ་འདོན་གང་ཐུབ་བྱེད་ཀྱི་ཡོད་པ་རེད།
ཞིང་འབྲོག་པའི་ཁྱིམ་ཚང་ནས་ཡིན་པའི་རྟ་མགྲིན་རྒྱལ་པོ་ནི་ཐང་ག་འབྲི་རྩལ་འཛིན་གྲྭའི་ཁག་དང་པོའི་སློབ་མ་ཡིན་པ་དང་། ཁོང་གིས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་འཛིན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས“འདི་གར་ཤེས་བྱ་དང་རྩལ་ནུས་སྦྱོང་ཐུབ་ལ་ད་དུང་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་རོགས་ཀྱང་བྱེད་ཐུབ”ཅེས་དགའ་ཚོར་ཆེན་པོའི་ངང་བཤད།
“མཁའ་དབྱིངས་ཀྱི་གྲོང་ཁྱེར”ནས“ཐང་གའི་ཕ་ཡུལ”བར་སློབ་གསོའི་མེ་ཏོག་གངས་ལྗོངས་ས་མཐོར་བཞད་དེ་ཕུགས་འདུན་ཡིད་ལ་བཅངས་པའི་སློབ་མར་སློབ་སྦྱོང་གི་སྟེགས་བུ་བསྐྲུན་པ་དང་། ཁམས་ཀྱི་ས་གཞི་ཆེ་མོར་དབུལ་པོ་མི་ཐོན་པ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
ས་རུབ་ནས་གང་སར་གློག་སྒྲོན་གྱིས་བརྒྱན་པའི་དུས་སུ་གངས་རིའི་གཤམ་གྱི་གེ་སར་གྲོང་དུ་སྔར་བཞིན་ཉིན་མོ་ལྟར་འཁྲུག་ཆ་དོད་པོ་ཡོད། གྲུབ་ཐོབ་མཚོ་འགྲམ་ནས་ཡུལ་སྐོར་བའི་དགོད་སྒྲ་ལྷང་ལྷང་དུ་གྲགས་བཞིན་མཆིས། དཀར་མཛེས་རྫོང་གེ་སར་གྲོང་གི་མཛེས་ལྗོངས་ཁུལ་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པ་ལི་ཡན་ཉིན་གཅིག་གི་ལས་ཀ་ཚར་རྗེས་རྔུལ་ཆུ་འཕྱུད་བཞིན་དུ་གདོང་ནས་བློ་ཡིད་ཚིམ་པའི་འཛུམ་མདངས་འཕྱུར།
མཛེས་ལྗོངས་ཁུལ་དུ་ལས་ཀར་མ་ཡོང་གོང་། ལི་ཡན་ནི་བྱེ་གསེར་ཤང་ལོ་ཤར་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཡིན་པ་དང་། གྲོང་སྡོད་བྱས་ནས་ལོ་གཉིས་རིང་ལི་ཡན་དང་གྲོང་མི་ཚོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ལོ་ཤར་གྲོང་ཚོར་སྒོ་རྩིས་ཚོང་ཁང་བཙུགས། དྲ་ཐོག་ཏུ་སྣོད་བཅུད་ཤ་མོ་བཙོངས་ནས་གྲོང་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཏེ་ལོ་ཤར་གྲོང་ཚོའི་ཉམས་འགྱུར་ལེགས་པར་མངོན།
དཀར་མཛེས་རྫོང་ནི་གེ་སར་རིག་གནས་ཡུལ་སྐོར་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་ས་ཁོངས་སུ་གེ་སར་རིག་གནས་རྗེས་ཤུལ་120ལྷག་ཙམ་ཡོད། ཇི་ལྟར་བྱས་ཏེ་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་མི་སེར་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱེད་དམ། 2017ལོའི་ཟླ་6པར་དཀར་མཛེས་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་6.3བཏང་ནས་གྲོང་ཚོ་དབུལ་པོའི“ས་གྲོལ”མཉམ་སྡེབ་དཔལ་འབྱོར་དངོས་ཚན་གེ་སར་གྲོང་བཏོད་དེ་2019ལོའི་ཟླ་9པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།
མིག་སྔར་ལོ་ཤར་གྲོང་ཚོས་གེ་སར་གྲོང་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་7ལྷག་ཙམ་བགོ་འགྲེམས་བྱས་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་1400འཕར་སྣོན་བྱུང་ཡོད།
ལོ་ཤར་གྲོང་ཚོ་ཕུད་དཀར་མཛེས་རྫོང་གི་གྲོང་ཚོ་དབུལ་པོ་129དང་། དུད་ཚང་དབུལ་པོ་3308 མི་འབོར་དབུལ་པོ་15373བཅས་གེ་སར་གྲོང་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཡོད། གེ་སར་གྱི་དཔའ་བོའི་ལོ་རྒྱུས་ཡུན་རིང་ལྡན་པའི“རིག་གནས་གྲོང”ལས་རྫོང་ཡོངས་ཀྱི་གྲོང་ཚོ་དབུལ་པོར་ཐད་ཀར་ཡོང་འབབ་སྒོར་ཁྲི་1100བྱུང་སྟེ་དཀར་མཛེས་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལ་འདེགས་སྐྱོར་བྱེད་པའི་ཐོན་ལས་གྲོང་ཞིག་ཏུ་གྱུར་ཡོད།