སྨན་པ་ཀྲའོ་ལགས་ཀྱིས་ནད་པའི་རྨ་རས་བཤུ་བཞིན་པ།
པད་མ་ལགས་ཀྱིས་ནད་པའི་ཚབ་ཞུས་ནས་སྨན་པར་བཀའ་དྲིན་ཞུ་བའི་ཁ་བཏགས་འབུལ་བཞིན་པ།
ཉེ་ལམ། པེ་ཅིང་གི་མེར་མོ་(美尔目)སྨན་ཁང་གི་བོད་ཁུལ་འོད་སྣང་རིག་གནས་བྱེད་སྒོ་ཞེས་པའི་ལས་དོན་མི་སྣས་དུས་ཡུན་ཉིན་བཅུ་གྲངས་རིང་གི་དཀའ་ངལ་ལ་མ་འཛེམ་པར་སི་ཁྲོན་བོད་ཁུལ་གྱི་དཀར་མཛེས་རྫོང་དང་། སེར་ཤུལ་རྫོང་། བྲག་འགོ་རྫོང་སོགས་སུ་བསྐྱོད་དེ་ཡུལ་དེ་གའི་སྐྱ་འགྲིབ་ནད་ཕོག་མཁན་རྣམས་ལ་སྨན་རིན་མ་བླངས་པར་སྨན་བཅོས་བྱས་པ་དང་། ཁོང་ཚོའི་ཁྲོད་ནས་སྐྱ་འགྲིབ་ཀྱི་ནད་གཞི་ཚབས་ཆེ་བའི་ནད་པ་19པེ་ཅིང་དུ་སྨན་བཅོས་བྱེད་པར་ཁྲིད་ཡོང་ཡོད། གསར་འགོད་པས་སྨན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་པེ་ཅིང་དུ་སྨན་བཅོས་བྱེད་པར་ཡོང་བའི་ནད་པའི་ཁྲོད་ཆུང་ཤོས་ལ་ཟླ་བ་དྲུག་དང་། ཆེ་ཤོས་དགུང་ལོ་70རུ་སོན་པའི་རྒན་པོ་ཡང་ཡོད་ལ། ཁོང་ཚོའི་ནད་གཞི་ཡང་གཤག་བཅོས་མི་བྱེད་ཀ་མེད་ཀྱི་དུས་ལ་སླེབས་ཡོད། གཞན་ཡང་། སྤྱི་ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་ཕྱེད་ཀའི་ཐོག མེར་མོ་སྨན་ཁང་དུ་ཉིན་སྔོན་མར་གཤགས་བཅོས་བྱས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་རྨ་རས་བཤུ་བའི་མཛད་སྒོ་གཉེར་ཡོད་པ་དང་། དེ་དུས་སྨན་ཁང་དེ་གའི་ཡོན་ཀྲང་སྟེ་སྨན་པ་ཡེ་ལགས་ནས་ནད་པའི་རྨ་རས་བཤུས་པ་དང་འབྲེལ་ཁོང་ཚོར་མིག་གི་མཐོང་གི་ཡོད་མེད་དང་ད་དུང་ན་ཟུག་རྒྱག་གི་ཡོད་མེད་སྐོར་བཀའ་འདྲི་ཞིབ་ཚགས་གནང་སྐབས། ནད་པ་རྣམས་ནས་མཐོང་གི་འདུག བཀའ་དྲིན་ཆེ། བཀའ་དྲིན་ཆེ་ཞེས་ཐེངས་མང་བརྗོད་ཡོད། གསར་འགོད་པས་རྨ་རས་བཤུ་བའི་མཛད་སྒོའི་ཡུལ་དངོས་ནས་མཐོང་བར། ད་ཐེངས་བོད་རིགས་སྤུན་ཟླ་90ཡི་གཤག་བཅོས་ལེགས་གྲུབ་བྱུང་ །
གཤགས་བཅོས་བྱེད་ཚར་ཞིང་རྨ་རས་བཤུ་བར་སྒུག་པའི་ནད་པ་རྣམས།
གསར་འགོད་པ་བྱམས་པ་ཚེ་རིང་གིས་ཡེ་ཡོན་ཀྲང་ལ་བཅར་འདྲི་ཞུ་བཞིན་པ།
མཛད་སྒོ་མཇུག་སྒྲིལ་རྗེས། མེར་མོ་སྨན་ཁང་གི་ཡོན་ཀྲང་སྟེ་སྨན་པ་ཡེ་ལགས་ནས་སྨྱན་སྦྱོར་ཚན་པར། བོད་རིགས་ས་ཁུལ་དུ་གཅིག་ནས་ཉི་མའི་སྨུག་ཕྱིའི་འོད་ཟེར་ཆེ་བ་དང་། གཉིས་ནས་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་ཆས་ཞན་པ། གསུམ་ནས་མང་ཚོགས་ཀྱི་དཔལ་འབྱོར་ཆ་རྐྱེན་དེ་ཙམ་ལེགས་པོ་མེད་པ་བཅས་ལ་གཞིགས་ཏེ། ང་ཚོས་སྤྱི་ལོ་2006ལོ་ནས་བཟུང་ད་བར་བོད་ཁུལ་འོད་སྣང་རིག་གནས་ཞེས་པའི་བྱེད་སྒོ་སྤེལ་ནས། བོད་ཁུལ་དབུལ་ཕོངས་ཁྱིམ་ཚང་གི་སྐྱ་འགྲིབ་ཕོག་པའི་ནད་པར་རིན་མེད་ངང་རང་ས་ནས་སྨན་བཅོས་བྱས་པ་དང་། ན་ཚ་ཚབས་ཆེ་བ་རྣམས་པེ་ཅིང་དུ་ཁྲིད་ཡོང་ནས་རིན་མི་ལེན་པར་གཤགས་བཅོས་བྱེད་ཀྱི་ཡོད་ཅེས་དང་། ཁོང་གིས། སྤྱི་ཕན་བྱ་གཞག་ནི་མི་རེ་གཉིས་དང་ཚན་པ་རེ་གཉིས་ལས་འགྲུབ་པའི་བྱ་བ་ཞིག་མ་ཡིན་པར། འདི་ནི་སྤྱི་ཚོགས་ཡོངས་ནས་རང་སོའི་ནུས་པར་གཞིགས་ཏེ་ཐུན་མོང་ཐོག་སྤེལ་བའི་བྱ་བཟང་ཞིག་ཡིན་ཞེས་དང་། ཁོང་གིས་མཇུག་ཏུ། གལ་ཏེ་ཁྱེད་ཚོ་སྐྱ་འགྲིབ་ཕོག་པའི་ནད་པ་ཡིན་ཞིང་སྨན་བཅོས་བྱེད་པའི་དཔལ་འབྱོར་ཆ་རྐྱེན་མེད་ན་ཐད་ཀར་པེ་ཅིང་མེ་མོར་སྨན་ཁང་དུ་ཕེབས་ཤོག་དང་། ང་རང་ནུས་ཤུགས་ཡོད་རྒུས་ཁྱེད་ལ་རོགས་རམ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། །