གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་ལ་བོད་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་833ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་དང་། དེ་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་བྱུང་ཚད་ཁྲོད་ཨང་དང་པོ་ཡིན་པ་རེད། ལྷག་པར་དུ་ཟླ་5པ་དང་6པ་ནས་བཟུང་། བོད་ལྗོངས་ཀྱི་ཡུལ་སྐོར་ཚད་རྒྱལ་ཡོངས་ཀྱི་སྔོན་ལ་འཕར་སྣོན་བྱུང་སྟེ། ལོ་སྔོན་མའི་དུས་མཚུངས་ཟླ་བ་ལས་27.04%དང་36.86%འཕར་སྣོན་བྱུང་ཡོད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
ཟླ་7པར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་འགྲིམ་པའི་ཡུལ་སྐོར་བ།
ད་ལོའི་ལོ་སྟོད་ལ། རིམས་ནད་འགོག་སྲུང་རྒྱུན་ལྡན་ཅན་དུ་འགྱུར་བའི་ལས་དོན་དམ་འཛིན་གཟབ་ནན་བྱེད་པའི་གནས་ཚུལ་འོག བོད་ལྗོངས་ཀྱི་རིམ་པ་ཁག་གི་ཡུལ་སྐོར་སྡེ་ཚན་གྱིས“གྲངས་འབོར་ངེས་ཅན་དང་། སྔོན་ལ་དུས་འདེབས་པ། མི་མང་ཤོས་ཀྱི་དུས་ལས་གཡོལ་བ”བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ། རང་བྱུང་མཛེས་ལྗོངས་རིགས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་འབྱེད་པ་ཚད་ལྡན་ནས་ཚད་ལྡན་དུ་སྒྲུབ་པ་དང་། དུས་བབ་དང་བསྟུན་ནས་རིམས་ནད་རྒྱུན་ལྡན་ཅན་གྱི་འགོག་སྲུང་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ལྗོངས་ཁུལ་གཅིག་ལ་སྲིད་ཇུས་གཅིག་དང་ལྗོངས་ཁུལ་གཅིག་ལ་འཆར་གཞི་གཅིག་མངོན་འགྱུར་བྱས་ཡོད། ཟླ་3པ་ནས་བཟུང་། བོད་ལྗོངས་ཀྱིས་གོ་རིམ་ལྡན་པའི་ངང་རང་བྱུང་ཁམས་རིགས་ཀྱི་མཛེས་ལྗོངས་ཁུལ་300ལྷག་ཙམ་ཕྱི་ཕྱོགས་སུ་སྒོ་ཕྱེ་སྟེ། “བོད་མི་བོད་ཡུལ་འགྲིམ་པ”ཅེས་པའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། “བོད་ལྗོངས་ཤར་རྒྱུད་ཀྱི་ཡུལ་དྲན་ཏེ་ཁམ་བུའི་གྲོང་ཚོ་འཚོལ་བ”དང་། “བོད་ལྗོངས་ལྷོ་རྒྱུད་ཀྱི་ཡུལ་ཞེན་ཏེ་ལུང་པ་དམར་པོ་འགྲིམས་པ” “བོད་ལྗོངས་ནུབ་རྒྱུད་ཀྱི་ཞིང་ཐང་སྟེ་སོ་ནམ་ལས་ལ་བསྐོར་བ”“བོད་ལྗོངས་བྱང་རྒྱུད་ཀྱི་རྫི་གླུ་སྟེ་སྦྲ་ནག་ཉམས་སུ་མྱོང་བ”བཅས་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་བཞི་འཆར་འགོད་བྱས་ཡོད་པ་རེད།
མཛེས་ལྗོངས་ཁུལ་དང་ཡུལ་སྐོར་འབྲེལ་ཡོད་ཁེ་ལས་ཀྱིས“བོད་མི་བོད་ཡུལ་འགྲིམ་པ”ཞེས་པའི་བྱེད་སྒོར་ཁྲིད་སྟོན་ཤུགས་ཆེན་བྱེད་པ་དང་དུས་མཚུངས་སུ། ཟླ་2པ་ནས་བཟུང་། བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ“དྲ་ལམ་བོད་ལྗོངས་རྒྱང་མཇལ”ཞེས་པའི་དྲ་ལམ་ཆེད་དོན་ཁྱབ་གདལ་བྱ་བའི་བྱེད་སྒོ་སྤེལ་ཏེ། གཙོ་གནད་མཛེས་ལྗོངས་ཁུལ་དྲ་ལམ་ནས་ཐད་གཏོང་བྱས་པ་དང་། བོད་ལྗོངས་ཀྱི་ཡུལ་སྐོར་དྲ་ནང་གི་དོ་སྣང་བྱེད་ཚད་མཚམས་མི་ཆད་པར་མཐོ་རུ་བཏང་། ཟླ་5པ་ནས་བཟུང་དྲ་ལམ་སྟེགས་བུར་ཁྱབ་གདལ་བཏང་བ་བརྒྱུད་ནས། བོད་ལྗོངས་སུ་རང་སྒེར་གྱིས་རླངས་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་དེ་རྒྱལ་ཡོངས་ཀྱི་འཕར་སྣོན་དྲང་ཕྱོགས་གཅིག་པུ་དེ་མངོན་འགྱུར་བྱས་ཤིང་འཕར་འགྲོས་27%ཟིན་ཡོད་པ་རེད།
གནས་བབ་གསར་པའི་འོག་བོད་ལྗོངས་ཡུལ་སྐོར་ལས་རིགས་ཀྱིས་རྒྱུན་ཆད་མེད་པར་འགོ་གསར་པ་བཙུགས་ཤིང་གོ་སྐབས་གསར་པ་འདོན་སྤེལ་བྱས་པ་དང་། ཟླ་4པ་ནས་བཟུང་། བོད་ལྗོངས་ཡུལ་སྐོར་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཁམས་གསོ་རིགས་ཀྱི་ཡུལ་སྐོར་རྣམ་པ་གསར་པའི་ཁྲོམ་ར་ཧུར་ཐག་ཆེན་པོས་རྒྱ་བསྐྱེད་བཏང་སྟེ། རྒྱལ་ཡོངས་ཀྱི་སྔོན་ལ་སྐོར་ཁག་དང་པོའི་ཁམས་གསོ་ཡུལ་སྐོར་དཔེ་སྟོན་རྟེན་གཞི་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་གནས་ཡུལ་ཚོད་ལྟའི་ལས་དོན་ཕྱིར་བཏོན་ཡོད་པ་རེད། སྐོར་ཁག་དང་པོའི་གནས་ཡུལ་ཚོད་ལྟ་ནི་ལྷ་ས་གྲོང་ཁྱེར་དེ་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་འཛུགས་སྐྲུན་ལྟེ་གནས་སུ་འཛུགས་སྐྲུན་བྱ་བའི་ལས་འགན་ལ་སྐུལ་འདེད་གཏོང་རྒྱུ་གཞིར་བཟུང་སྟེ། དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བཟུང་ནས་ཤུགས་ཆེན་པོས་བོད་ལུགས་གསོ་རིག་གི་སྨན་ལུམས་དང་། ཆུ་ཚན་ཁམས་གསོ། སྤྲོ་གསེང་ངལ་གསོ། ལྗང་མདོག་སྐྱེ་ཁམས་སོགས་ཁྱད་ལྡན་ལས་རིགས་འཕེལ་རྒྱས་སུ་གཏོང་བ་ཞིག་རེད། ཟླ་6པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ཀོང་ཏུང་ཡུལ་སྐོར་དོ་དམ་ཚོགས་པ་དང་མཉམ་ལས་བྱས་ཏེ། ཡུལ་སྐོར་ཐད་གཏོང་གིས་ཚོང་ཟོག་ཁྱབ་སྒྲོག་དང་། བོད་ལྗོངས་ཀྱི་ནོར་ཤ་སོགས་ཁྱད་ལྡན་ཐོན་རྫས་སྒོར་བཏོན་ནས་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་150ཟིན་ཡོད། ཟླ་7པར་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ལམ་ཁྱེར་མཐུན་ཚོགས་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ནས་ཕྱོགས་གཉིས་པོ་ཐུན་མོང་གིས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་ལས་སྒྲུབ་འཆར་གཞི་བཟོས་པ་རེད། དེ་དང་ཆབས་ཅིག་ཏུ་ད་ལོར་བོད་ལྗོངས་ཡུལ་སྐོར་ལས་རིགས་ཀྱིས་རང་ཉིད་འཛུགས་བསྐྲུན་ལ་ཤུགས་བརྒྱབ་ཏེ། མ་དངུལ་སྒོར་དུང་ཕྱུར་7.78བཏང་ནས་ལྗོངས་ཡོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འཛུགས་སྐྲུན་བྱས་པ་རེད།
ཟླ་6པར་ཉིང་ཁྲི་སྤོ་བོ་རྫོང་གི་རྨིག་སྟོད་འཁྱགས་རོམ་ལ་ལྟ་བའི་ཡུལ་སྐོར་བ།
“རིམས་ནད་ཀྱིས་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱང་། ལོ་སྨད་ལ་ང་ཚོས་ཐོན་རྫས་གསར་པ་གསར་སྤེལ་བྱེད་པ་བརྒྱུད་ནས‘བོད་མི་བོད་ཡུལ་འགྲིམ་པ’ཞེས་པའི་བྱེད་སྒོ་ཡག་པོར་སྤེལ་བ་དང་དྲ་ལམ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ལམ་ནས་བོད་ལྗོངས་སུ་ཡུལ་སྐོར་བྱེད་མཁན་མང་དུ་འགྲོ་བ་མངོན་འགྱུར་བྱ་རྒྱུ་ཡིན། ”ཞེས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འགོ་གཙོ་ཝང་སུང་ཕིང་གིས་དེ་ལྟར་བཤད་བྱུང་། ཁོས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་དེ་རིམས་ནད་ཁྲོད་ནས་སླར་གསོ་དང་འཕེལ་རྒྱས་བྱུང་བ་དེ་ནི་ཁྱུང་ཆེན་མཁའ་ལྡིང་དང་རྒོད་པོ་གནམ་འཕང་གཅོད་པ་ལྟ་བུའི་འཕེལ་རྒྱས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རིམ་པ་རྗེས་མར་བོད་ལྗོངས་ཡུལ་སྐོར་གྱིས་རིམས་ནད་འགོག་སྲུང་རྒྱུན་ལྡན་ཅན་དུ་འགྱུར་བ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་འབྱེད་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་30%ལས་བརྒལ་མི་ཆོག་པ་ནས་50%བར་ལེགས་སྒྲིག་བྱ་བ་དང་། དྲ་ལམ་ཕྱི་ནང་གཉིས་ནས་ཡུལ་སྐོར་དྲིལ་སྒྲོག་དང་ཚོང་གཉེར་རྒྱུན་མི་ཆད་པར་གསར་གཏོད་བྱས་ཏེ། ཟླ་རེར་བརྗོད་དོན་གཅིག་ལ“དྲ་ལམ་བོད་ལྗོངས་རྒྱང་མཇལ”གྱི་དྲ་ལམ་ཆེད་དོན་ཁྱབ་གདལ་བྱེད་སྒོ་ལེགས་པར་བསྒྲུབ་ནས། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ་དང་། ཡུལ་སྐོར་ཁྲོམ་རའི་མཉམ་འབྲེལ་ཁྲིམས་སྐྱོང་ཞིབ་བཤེར་གཏིང་ཟབ་དུ་བཏང་ནས་ཡུལ་སྐོར་བའི་ལྗོངས་རྒྱུའི་བདེ་འཇགས་མཐའ་གཅིག་ཏུ་འགན་ལེན་བྱ་རྒྱུ་རེད།