བོད་དམག་ས་ཆའི་གནའ་བོའི་གར་འཆམ།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-22






བོད་དམག་གནའ་བོའི་གར་འཆམ་གྱིས། མི་ནུབ་རྒྱལ་མཚན་དགུང་དུ་བསྒྲེངས།


        སྤྱི་ཟླ་6པའི་ཚེས་18ཉིན་སྙན་གྲགས་སྲིད་ན་རྒྱས་པའི་གཟི་རྩ་སྡེ་དགུ་རུ་སླེབས། སྤྱིར་གནས་འདིའི་ཁྱད་ཆོས་གཙོ་བོ་དང་རྒྱང་རིང་གི་མི་ཚོགས་མགྲོན་དུ་བསུ་བྱེད་ཀྱི་འགུག་ཤུགས་ལྟ་བུ་ནི་ཕྱི་རོལ་གྱི་རང་བྱུང་ཁོར་ཡུག་མཛེས་སྡུག་ལྡན་པ་དེ་ཡིན་པ་སྨོས་མ་དགོས་ཀྱང་། ཁོ་བོ་ལ་མཚོན་ན་དེ་ལས་ལྷག་པའི་དོ་སྣང་བྱ་ཡུལ་ཞིག་ཡོད་དེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་རླབས་ཕྲེང་འོག་ནུབ་ལ་ཉེ་ཞིང་། སྤུན་ཟླ་ཚོའི་ཚོར་ཤེས་ཀྱི་ཡོལ་རིས་ངོས་མག་མོག་ཏུ་གྱུར་ཏེ་གསལ་ལ་མི་གསལ་བའི་གཟུགས་རིས་གསོན་ཉམས་ལྡན་པ་ཞིག་སྟེ། རྒྱ་སྐད་དུ་“白马藏族”ཞེས་བསྒྱུར་བའི་བོད་དམག་གམ་དྭགས་པོའི་ལུང་པ་དེ་རེད། སྔོན་མཁས་དབང་དམུ་དགེ་བསམ་གཏན་གྱིས་མཛད་པའི་བོད་དམག་སྐོར་གྱི་དཔྱད་རྩོམ་དང་རྒན་གངས་དབང་ལགས་ཀྱིས་བྲིས་པའི་རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག་སོགས་ལས་རྒྱུས་ལོན་ཕྲན་བུ་བྱེད་མྱོང་ཡོད་ཀྱང་། ས་གནས་དེ་གར་སྐྱེས་པའི་མི་དང་འབྲེལ་འདྲིས་བྱེད་མ་མྱོང་ལ་ཡུལ་དངོས་སུ་དེ་བས་ཀྱང་སླེབས་མ་མྱོང་། བྱ་ཁུ་བྱུག་གིས་གནམ་ཆུ་སྒུག་པ་ལྟར་གནས་དེ་ལ་འགྲོ་བའི་འདུན་པ་ཆེ་སྟབས། དེ་རིང་བོད་དམག་འདུག་སྡོད་ས་ཁུལ་ཅ་ཝོ་གྲོང་པ་རུ་འགྲོ་རྒྱུ་ཡིན་པ་ཐོས་པས་རྨ་བྱས་དབྱར་རྔའི་སྒྲ་ཐོས་པ་ལྟར་སེམས་པ་སྤྲོ་བས་ཁེངས།

ལུས་ལ་གཟབ་མཆོར་སྤྲས་པའི་བོད་དམག་གི་བུད་མེད།
        གྲོང་རོང་ནས་ཀྱག་ཀྱོག་གི་ལམ་བུ་རྒྱུད་དེ་རི་སྐེད་དུ་ཆགས་པའི་བོད་དམག་སྡེ་པ་དེ་རུ་འབྱོར་མ་ཐག །ལུས་ལ་བོད་དམག་གི་ཁྱད་ཆོས་ལྡན་པའི་ཆ་ལུགས་དང་རྒྱན་ཆ་སྤྲས་པའི་བུད་མེད་ཁྱུ་གཅིག་གིས་ཁ་བཏགས་ཡུག་རེ་ཐོགས་ཏེ་བཅོས་མིན་གྱི་འཛུམ་མདངས་དང་བཅས་སྐུ་མགྲོན་རྣམས་ལ་བསུ་མ་བྱེད་བཞིན་འདུག །གྲོང་པའི་དབུས་སུ་ར་བ་ཆེན་པོ་ཞིག་ཡོད་པ་དེའི་ཐོག་བུད་མེད་རྣམས་ཀྱི་སྐོར་བྲོ་འཁྲབ་འགོ་བརྩམས་བྱུང་ལ། སྐོར་བྲོའི་རོལ་དབྱངས་དང་བྲོ་ཚུགས་ཐམས་ཅད་དུས་རྒྱུན་བོད་ཀྱི་ས་གནས་སོ་སོ་རུ་འཁྲབ་པའི་སྐོར་བྲོ་དང་གཅིག་པ་རེད་འདུག །བུད་མེད་ཀྱི་གྱོན་ཆས་ནི་ཁ་དོག་མང་ཞིང་ཞིབ་ཚགས་ཆེ་བ་དང་པ་ཏྲ་སོགས་རི་མོ་ཤིན་ཏུ་མང་བས་མིག་ལ་མཛེས་ཤིང་ཡིད་དུ་འོང་བ་དང་། ཞྭ་མོ་གཞི་ནག་པོའི་ཐོག་ཁ་དོག་སྣ་མང་ལྡན་པའི་པ་ཏྲ་དང་མེ་ཏོག་སོགས་ཀྱི་རི་མོས་སྐེད་ནས་རྒྱན་ཞིང་། ཞྭ་ཡི་ཏོག་ཏུ་བྱ་སྒྲོ་དཀར་པོ་གཉིས་དང་དེ་ལས་ཐུང་བའི་བྱ་སྒྲོ་དམར་པོ་རེ་འགའ་བཙུགས་འདུག་ལ། དཔྲལ་བའི་ཐད་ཀྱི་ཞྭ་དཀྱིལ་དུ་མདོག་དཀར་ཞིང་དབྱིབས་སྒོར་མོ་ཡིན་པའི་གཡང་ཊི་ལྟ་བུ་ཞིག་འདོགས་འདུག །ལུས་ཀྱི་གྱོན་ཆས་ནི་གཞི་ནག་པོའི་ཐོག་རས་སྔོན་པོ་དང་སེར་པོ་གཙོ་བོ་བྱས་པའི་ཁ་དོག་སྣ་ཚོགས་ཀྱིས་མེ་ཏོག་དང་པ་ཊ། ལྕགས་རི་སོགས་ཚེམ་དྲུབ་བྱས་འདུག་པས། དེ་ལྟ་བུའི་གྱོན་ཆས་ཤིག་ཚེབ་དྲུབ་བྱེད་དགོས་ཚེ་འགྲོ་སོང་དང་དུས་ཡུན། ལག་རྩལ་སོགས་ཅིའི་ཐད་ནས་མཐུན་རྐྱེན་གྱ་ནོམ་པ་ཞིག་ཚང་དགོས་པ་ནི་བལྟས་པ་ཙམ་གྱིས་རྟོགས་སླ།

འཇོ་སྒེག་ལྡན་པའི་བོད་དམག་གི་བུད་མེད།
        ཡུད་ཙམ་འགོར་རྗེས་འབག་དང་རོལ་ཆ་བཟུང་པའི་རྒན་པོ་ཁ་ཤས་སླེབས་བྱུང་ལ། རྔ་དང་རོལ་མོའི་དབྱངས་འགྲོས་དང་བསྟུན་ནས་འབག་འཆམ་བྱེད་འགོ་བརྩམས། འབག་ལ་སྲོག་ཆགས་རིགས་མི་འདྲ་བ་ཁ་ཤས་ཀྱི་གཟུགས་དབྱིབས་འདུག་ལ། འགའ་རེས་ལག་གཡས་ཀྱིས་ཕུར་པ་དང་ལག་གཡོན་དུ་དར་ཚོན་བཟུང་བ། གོས་སུ་ཁ་དོག་སེར་པོ་དང་སྔོན་པོ། དམར་སྨུག་ཀྱི་སྟེང་དུ་མེ་ཏོག་སོགས་རི་མོ་སྣ་ཚོགས་བྲིས་ཤིང་མཐའ་ཤམ་དུ་ཁ་ཚར་ཡོད་པ། བཀྲག་མདངས་འཚེར་ཞིང་ཁོག་ཆེ་བ་ཤ་སྟག་གྱོན་འདུག །གར་འཆམ་དེ་མཇུག་སྒྲིལ་རྗེས་འཆམ་དཔོན་སྟག་མགོ་གྱོན་པའི་མི་རྒན་དེའི་ཟུར་དུ་ཅར་ནས་གར་འཆམ་གྱི་སྐོར་ལ་རྒྱུས་ལོན་བྱེད་འདོད་སྐྱེས། དེ་ལྟར་དྲུང་དུ་སོང་ནས་ཁམས་འདྲི་ཞུས་ཀྱང་བོད་སྐད་ཀྱི་ལམ་ནས་ཕན་ཚུན་གོ་བརྡ་འཕྲོད་ཐབས་མི་འདུག་པས། རྒྱ་སྐད་ཀྱི་ལམ་ཁ་བརྡ་མི་བྱེད་ཐབས་མེད་གྱུར། སྟབས་ལེགས་པ་ཞིག་ལ་ཁོང་ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་རེད་འདུག་ལ། ཁོང་དགུང་ལོ་བརྒྱད་ཙམ་གྱི་ཐོག་ལ་གྲོང་པའི་སྐྱེས་པ་རྣམས་ཀྱི་མཉམ་དུ་གར་འཆམ་བྱེད་དུ་ཕྱིན་ཞིང་། ལོ་རེའི་ལོ་སར་སོགས་སུ་རང་གི་ཁྱིམ་མི་ཉེ་འབྲེལ་དང་ཉེ་འགྲམ་གྱི་གྲོང་པ་དག་ཏུ་གར་འཆམ་བྱེད་དུ་སོང་། དེ་ནས་དགུང་ལོ་བཅོ་ལྔ་ནས་བཅུ་དྲུག་ཙམ་ལ་སོན་རྗེས་རང་གིས་འགོ་ཁྲིད་ནས་གར་འཆམ་བྱེད་ཐུབ་པ་གྱུར། དེང་དུས་ཁོང་གིས་རྫོང་ཐོག་གི་སློབ་གྲྭ་ཁག་དང་ས་གནས་དེ་གའི་ན་གཞོན་རྣམས་ལ་གར་འཆམ་སློབ་བཞིན་ཡོད་ལ། འཆམ་དཔོན་བྱེད་ཐུབ་མཁན་མི་སྣ་གསུམ་བཞི་ཙམ་བྱུང་འདུག །
རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་པན་ཝུན་ཡུས་ལགས།

བོད་དམག་གི་གནའ་བོའི་གར་འཆམ།

        ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། གར་འཆམ་འདི་ལ་རྒྱ་སྐད་དུ་“zhou舞”ཞེས་བསྒྱུར་ཡོད་ལ་བོད་སྐད་དུ་“བྲོ་”ཟེར་བ་རེད་འདུག་ལ། སྒྲ་གདངས་ལས་ཀྱང་བོད་སྐད་ཀྱི་བྲོ་ཞེས་པ་དང་ཡོངས་སུ་མཐུན་ཞིང་། ས་གནས་དེ་གའི་མི་རྣམས་ཀྱིས་ཀྱང་དེ་འདྲ་འགྲེལ་བ་རྒྱག་བཞིན་འདུག །གར་འཆམ་བྱེད་སྐབས་བསྡོམས་པས་མི་བཅོ་ལྔ་འཛོམས་དགོས་ལ། དེ་ལས་མི་བཅུ་གཅིག་གིས་གར་འཆམ་བྱེད་པ་དང་ལྷག་མ་ཚོས་རྔ་དང་རོལ་མོ་སོགས་དཀྲོལ་དགོས། འབག་ལ་ཟོག་མགོ་དང་སྟག་མགོ། འབྲུག་མགོ། གཟིག་མགོ། ཁྱུང་ཆེན་གྱི་མགོ་སོགས་འདུག་ལ། བཤད་རྒྱུན་དུ་གར་འཆམ་བྱེད་མཁན་གྱི་གྲངས་ཀ་ཡ་ལས་ཆ་ཡོད་མི་རུང་བ་གྲགས། སྔོན་མ་གར་འཆམ་འདི་ལོ་སར་ཚེས་པ་གཉིས་ནས་ལྔ་བར་དང་ཚེས་པ་བཅུ་གཉིས་ནས་བཅུ་དྲུག་བར་འཆམ་སྲོལ་ཡོད། དེང་སྐབས་ཡུལ་སྐོར་ལྗོངས་རྒྱུ་སོགས་ཀྱི་དགོས་པ་ལ་བརྟེན་ནས་སྐུ་མགྲོན་སྣེ་ལེན་དང་དུས་ཆེན་ཆེ་ཕྲ་གང་རུང་དུ་འཆམ་པ་མ་ཟད། འཆམ་མཁན་ཚང་མ་འཛོམས་མེད་རུང་འཁྲབ་སྟོན་བྱེད་བཞིན་འདུག །འདི་ནི་གཟུགསམེད་ཤུལ་བཞག་རིག་གནས་འདི་ཉིད་ཇི་སྲིད་བར་དུ་རྒྱུད་འཛིན་དར་སྤེལ་གཏོང་ཆེད། ངེས་པར་དུ་བདམས་དགོས་པའི་ལམ་བུ་ཞིག་ལས་མ་འདས། ལོ་རབས་བརྒྱད་ཅུ་པ་ནས་གོང་རིམ་གྱིས་གར་འཆམ་འདི་ནི་རིག་གནས་ཕུལ་དུ་ཕྱིན་པ་ཞིག་ཡིན་པས་རྒྱུད་འཛིན་དང་དར་སྤེལ་དགོས་ཚུལ་བསྒྲགས་པས། ས་གནས་མང་ཚོགས་ཀྱིས་རིག་གནས་དེའི་མེ་རོ་གསོ་བའི་འགོ་བརྩམས་ཤིང་། 2006ལོར་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་དུ་ཚུད་པ་རེད། །


ཞལ་འབག་སྣ་ཚོགས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1