བོད་ཀྱི་དཔེ་རྙིང་དུ་བཀོད་པའི་གཉེན་སྒྲིག་གི་ཆོ་ག་བརྒྱད།(མུ་འགོད།)
བོད་ཁམས་ཡོངས་ཀྱི་སྤྱིའི་ཆ་ནས་བཤད་ན་ཆོས་ལུགས་རིག་གནས་དང་། ཐོན་སྐྱེད་ལས་རིགས་སོགས་ལ་མི་འདྲ་ས་ཆེར་མེད་ཀྱང་། ཡུལ་གྲུ་སོ་སོའི་རང་བྱུང་ཁོར་ཡུག་དང་། སྤྱི་ཚོགས་ཁོར་ཡུག འཚོ་བའི་ཆ་རྐྱེན། ཁྱིམ་མཚེས་མི་རིགས་ལ་འབྲེལ་འདྲིས་མང་ཉུང་སོགས་ཀྱི་དབང་གིས། གཉེན་ཡ་གདམ་གསེས་དང་། འཛེམ་འཛིས་སོགས་མི་འདྲ་ལ། དེར་མཐུན་གྱི་རིག་གནས་ཀྱང་མི་འདྲ་བ་ཅུང་ཙམ་ཡོད་པར་བརྟེན། གཉེན་གྱི་སྒྲིག་སྟངས་ལའང་དབུས་གཙང་གི་ས་ཁུལ་མང་ཤོས་སུ། བརྗེ་ལེན་གྱི་གཉེན་སྒྲིག་དང་། མངལ་གནས་ཀྱི་གཉེན་སྒྲིག གཡོག་བསུའི་གཉེན་སྒྲིག རྩལ་འགྲན་གྱི་གཉེན་སྒྲིག རིག་འགྲན་གྱི་གཉེན་སྒྲིག རང་དབང་གི་གཉེན་སྒྲིག ཁྱོ་གཅིག་ཤུག་མང་གི་གཉེན་སྒྲིག ཤུག་གཅིག་ཁྱོ་མང་གི་གཉེན་སྒྲིག་སོགས་ཡོད་ལ།ཆོ་གའི་གཙོ་བོ་ལ་ཐོག་མའི་ལོ་རེས་སྤར་ཁར་བརྟག་པ་དང་། དེ་ནས་གཉེན་སློང་བ། གཉེན་རྟགས་རྒྱག་པ། གྲོས་ཤ་གྲོས་ཆང་། བཀྲ་ཤིས་འཇོག་པ་སོགས་རང་རང་ས་ཁུལ་གྱི་ཁྱད་ཆོས་མཚོན་པའི་ཆོ་ག་ལ་གཉེན་གྱི་ཁུགས་པ་བཅོ་བརྒྱད་དང་། གཉེན་གྱི་སྲིད་པ་སྒོ་བརྒྱད་སོགས་མང་དུ་ཡོད་ཀྱང་།རིག་གནས་ཀྱི་ནང་སྙིང་ནི་བོད་ཁམས་ཡོངས་ཕལ་ཆེར་ཕྱོགས་གཅིག་ཏུ་ཁེལ་ཡོད། དེ་ནི་དམངས་སྲོལ་གྱི་གཅིག་འབྲེལ་རང་བཞིན་དང་། ས་ཁུལ་རང་བཞིན་ཟེར་བའི་རྩ་བའི་གཞུང་ལུགས་དང་ཡང་རང་འགྲིག་ཏུ་ཆགས་འདུག་པར་མ་ཟད། དངོས་ཡོད་རང་བཞིན་དང་རང་ཚུགས་རང་བཞིན་གྱི་སྤྱི་ཚོགས་རིག་པའི་རྩ་བའི་ཤེས་བྱའི་གཞུང་དང་ཡང་དབྱེར་མེད་དུ་གྲུབ་འདུག་པ་ཞིག་རེད།
དང་པོ། གླང་ཆེན་སྣ་བསྒྱུར།
གླང་ཆེན་སྣ་བསྒྱུར་གྱི་ཆོ་ག་ནི། སྐྱེས་བུ་ཕོ་མོ་གང་ཡང་རུང་བ་ཞིག་ཕ་མེས་ཡང་མེས་བདུན་བརྒྱུད་ནས་བཟུང་སྟེ་ལོ་དང་ཟླ་བ། སྨེ་བ་དང་སྤར་ཁ། གཟའ་དང་སྐར་མ་སོགས་སྐྱེ་མི་རུང་བ་ལ་སྐྱེས་པའམ་ཤི་མ་རན་པ་ལ་ཤི་བའི་རྐྱེན་གྱིས་ས་བདག་འཁྲུགས་པ་དང་། དེ་དག་ལ་བྱ་མི་རུང་བ་དམག་གམ། ཇག་གམ། རོའམ། བག་གཉེན། མདོས་ཡས་རྣམས་ས་བདག་བཞུགས་པའི་ཕྱོགས་སུ་བསྐྱལ་བས་ཕོག་ཐུག་ཀོ་ལོང་བསྡམས་པ་རྣམས་དང་། ཤིང་གཉན་བཅད་པ་དང་། ས་གཉན་བརྐོས་པ། བྲག་གཉན་བཤིགས་པ། རྡོ་གཉན་བསློགས་པ། ཆུ་གཉན་ཡུར་དྲངས། ནེའུ་གསེང་བརྐོས་པ། སྤང་རྒོད་འཕྲུ་འདུལ་བྱས་པ། ཁང་ནག་བཤིག་འགེབ་ཀྱི་མཁར་ལས་བྱས་པ། རི་གཉན་གྱི་རྩེར་ཀུ་བཏབ་པ། རི་ལ་མི་བཀྱེས་པ། བྱ་དང་གཅན་གཟན་གྱི་རིགས་བསད་པ། མནའ་གཉན་དཔའ་བོར་བྱས་པ། རྡོ་གཉན་བསྣུར་བ། ཐབ་གཞོབ་བྱས་པ་ལ་སོགས་ཚོར་དང་མ་ཚོར་ཅི་རིགས་པའི་སྒོ་ནས་ས་བདག་མཐུ་བོ་ཆེ་རྣམས་ཀྱི་ཐུགས་ལ་ཕོག་པར་བྱས་ཏེ་འཁོན་འཁྲུགས་དང་ཕོག་ཐུག་ཏུ་ཤོར་བ། བཅོས་པ་ནི་བྱུང་བ་དང་དགོས་པ་ཡིན་ལ། གཏོ་བཅོས་དེའི་ལག་ལེན་ནི་བོན་གྱི་གཞུང་དུ། གཙང་མའི་ས་ལ་དཀྱིལ་འཁོར་བྱ། །ས་ཚོན་སྣ་ལྔས་གཞལ་ཡས་བྲིས། །ས་བདག་ཀླུ་གཉན་གཏོད་ཀྱི་ཚོགས། །སྤར་ཁ་ལོ་འཁོར་སྨེ་བ་གླིང་། །གཞི་གནས་མངའ་ཐང་འཁོར་བ་བཅས། །འབྲུ་སྣའི་གཟུགས་དང་བཤོས་གཙང་དང་།། ཞེས་པ་ནི་སྤྱི་ལྟར་ཡིན་ལ། བྱེ་བྲག་གཉེན་སྒྲིག་གི་སྐབས་དག་ཏུ་བོད་ཁམས་ཧྲིལ་པོ་གཅིག་ཏུ་མ་ངེས་པར་དབུས་གཙང་གི་ས་ཆ་ཁ་ཤས་སུ་ལོ་དང་ཟླ་བ། སྨེ་བ་དང་སྤར་ཁ། གཟའ་དང་སྐར་མ། བག་གཉེན་སོགས་མི་རུང་བ་ཟློག་ཕྱིར། བག་མས་གཉེན་ཚང་གི་ཁང་པ་རིག་ཐུབ་པའི་སར་སླེབས་ན་གླང་ཆེན་སྣ་བསྒྱུར་གྱི་གཏོ་གང་བཅོས་བསྒྲུབས་བྱས་ཡོད་པ་དེ་ཕྱི་ལ་བོར་ནས་ཆོ་ག་དེ་སྒྲུབ་པར་བྱེད་ལ། ཡང་ཁམས་ཕྱོགས་ཀྱི་ས་ཆ་ཁ་ཤས་སུ་གླང་ཆེན་གྱི་ལུས་ལ་དར་ཚོན་སྣ་ལྔ་དང་སྣ་ཞགས་ལ་གསེར་དངུལ་གྱི་རྒྱན་ཆ་བཏགས་ཤིང་སྟེང་དུ་ལུས་ལ་གོ་ཁྲབ་གྱོན་པ་དང་ལག་ཏུ་རལ་གྲི་འཕྱར་བའི་དཔའ་བོའི་གཟུགས་དང་བཅས་པའི་གླུད་གཏོ་དེ། གླང་དང་སྟག་གི་ཉི་མ་ལ། གཟའ་དམར་ཕུར་སངས་གསུམ་དར་བ་དང་། སྐར་མ་མགོ་ལག་རྒྱལ་གསུམ་གང་རུང་ལ་ཆུ་བྲག་གཡང་གསུམ་དུ་བསྐྱུར་ནས་འཕགས་པ་གཙུག་གི་ནོར་བུའི་མདོ་དང་། སྟོབས་པོ་ཆེ། གཞན་གྱིས་མི་ཐུབ་པའི་མདོ། རྒྱལ་མཚན་རྩེ་མོའི་གཟུངས། བཀྲ་ཤིས་བརྩེགས་པ་ལ་སོགས་རྒྱབ་ཆོས་སུ་བཀླགས་པར་བྱེད་པ་བཅས་ཀྱི་ཆོ་ག་དེ་སྒྲུབ་པའང་ཡོད།
ད་དུང་ས་ཆ་ཁ་ཤས་སུ་གླུད་གཏོ་ལ་རྐང་བརྫིས་བྱས་ཏེ་ཆོ་ག་དེ་སྤེལ་སྲོལ་ཡང་ཡོད་པ་སྟེ། གང་ལྟར་ཆོ་ག་འདི་ནི་བོད་གནའ་བོའི་དུས་སུ་གཉེན་སྒྲིག་གི་སྐབས་དག་ཏུ་མང་དུ་ཡོད་ལ། ད་ལྟ་དབུས་གཙང་ས་ཁུལ་སོགས་སུ་དེ་འདྲ་དོན་གཅིག་མིང་གཅིག་གི་ཆོ་ག་དེ་མཐོང་དཀོན་པར་བཤད་ལ། ཨ་མདོ་ས་ཁུལ་ལ་མཚོན་ནའང་སྔགས་པ་མང་བའི་ས་ཁུལ་ཉུང་ཤས་ན་མ་གཏོགས་གཡང་འབོད་ཀྱི་ཆོ་ག་དང་དཀྱུས་གཅིག་ཏུ་གོང་དུ་བཤད་ཟིན་པའི་རྒྱབ་ཆོས་དག་ལས་གང་རུང་ཞིག་ཀློག་འདོན་བྱེད་པས་འཐུས་པར་བྱེད་བཞིན་པའོ།།
གཉིས་པ། སྣ་འདྲེ་སྐྲོད་པ།
བག་མ་ལ་སྣ་འདྲེ་ཞེས་མི་དང་ཁྱིམ་ལ་དངོས་གྲུབ་སྟེར་བའི་ལྷ་དག་ལ་གནོད་འཚེ་བསམ་སྦྱོར་ཅན་གྱི་མོ་འདྲེ་སྟེ་བག་མའི་སྣ་ལ་རྒྱུ་བའི་འདྲེ་གདོན་འབྱུང་བོའི་གཟུགས་ཅན་ཞིག་ཡོད་པར་བསམ་གྱིན་ཡོད་ལ། དེ་ནི་མཆོག་གསུམ་བདེན་སྟོབས་ཀྱིས་སྐྲོད་པའམ་བརླག་པར་བྱེད་པ་སྟེ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ། ཆོས་ཀྱི་བཀའ་བདེན་པ། དགེ་འདུན་གྱི་བཀའ་བདེན་པ། གསང་སྔགས་དང་། རིག་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ། ཏིང་ངེ་འཛིན་རྣམས་ཀྱི་བདེན་པ། ཁྱད་པར་དུ་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་ལྡན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་དང་ལས་དང་འཇིག་རྟེན་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། བག་སྣ་ལ་རྒྱུ་བའི་འབྱུང་པོ་གདོན་གྱི་རིགས་སུ་གྱུར་ཅིང་གནོད་འཚེའི་བསམ་སྦྱོར་དང་ལྡན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག། གལ་ཏེ་བདེན་པའི་བཀའ་ཐོས་བཞིན་དུ་འགྲོ་བར་མི་བྱེད་ན་དེ་དག་ཐམས་ཅད་རབ་ཏུ་འབར་བའི་རྡོ་རྗེའི་ཁྲོ་བོ་དང་མཚོན་ཆའི་ཆར་ཆེན་པོས་རྡུལ་བཞིན་དུ་བརླག་པར་འགྱུར་བའི་དོན་ཅན་གྱི་ཚིག་ཤུགས་དྲག་པོས་ཡང་ཡང་ཟློ་བར་བྱེད་པ་ནི་ཆོ་ག་དེའི་ནང་གི་གལ་ཆེན་རྩིས་ཆེན་གྱི་ཆ་རེད།
ཆོ་ག་འདི་ནི་བག་མ་བསུ་ས་ནས་གནས་ཁྱིམ་གྱི་སྒོ་ཁར་སླེབས་རྗེས་སྤེལ་ལ། དེའི་རྫས་སུ་ལོ་རེས་སྤར་ཁའི་དབང་གིས་སྣ་ཚོགས་སུ་ཡོད་དེ། དཔེར་ན། སྟག་ཡོས་ལོ་པ་ལ་ལྕགས་ཀྱི་རལ་གྲི་དང་། རྟ་སྦྲུལ་ལ་ཆུ་སྐྱོག་ནག་པོ། བྱ་སྤྲེལ་ལ་མེ་སྒྲོན། བྱི་ཕག་ལ་ས་སེར། གཤེད་བཞི་ལ་ཚེར་མ་ཅན་གྱི་ཤིང་གི་ཡལ་ག་སོགས་དགོས། ལས་དེ་བྱེད་མཁན་གཙོ་བོ་ནི་སྔགས་འཆང་ཡིན། དེས་ཡི་དམ་གང་རུང་གི་ང་རྒྱལ་བཟུང་ཞིང་། བསྐྱེད་པའི་ལྷ་དེ་རབ་ཏུ་ཁྲོས་པའི་སྐུར་གྱུར་ཏེ། “བླ་མ་རྣམས་ཀྱི་བྱིན་རླབས་དང་། ། ཡི་དམ་ལྷ་ཡི་ཏིང་འཛིན་དང་། །མཁའ་འགྲོ་ཆོས་སྐྱོང་མཐུ་སྟོབས་ཀྱིས། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ལོག་པར་འདྲེན་པ་བདུད་ཀྱི་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས།།”ཞེས་དང་། ཅུང་རྒྱས་ན་དགྲ་གཤེད་ཀྱི་རྫས་ཐོགས་ཏེ་ཨྱེ་རིང་ཞེས་པའི་དྲག་སྔགས་གང་ཤེས་དང་། དེ་མིན་འབྱུང་ལྔ་ལས་གྲུབ་པའི་གདོན་འདྲེ་གནོད་སེམས་ཅན་འཇོམས་ནུས་པའི་ཡི་དམ་ལྷ་ཡི་གཟུངས་སྔགས་ཟབ་མོ་དག་གྱེར་འདོན་བྱེད་ཞོར་དུ་རལ་གྲི་སོགས་གཡུག་ཅིང་ཆུ་གཏོར་ནས་ཆོ་ག་དེ་སྒྲུབ་པར་བྱེད་དོ།།
ཨ་མདོའི་ས་ཁུལ་ཁ་ཤས་སུ་སྣ་འདྲེ་སྐྲོད་པའི་ཆོ་ག་སྒྲུབ་སྐབས་ཆེད་དུ་གྲོང་སྔགས་པ་གདན་འདྲེན་ཞུ་བ་དང་། དེས་ཀྱང་བགེགས་བཟློག་གི་ཆ་བྱད་དང་བཅས་རང་ཉིད་མཐུ་སྟོབས་ཆེ་བའི་ཡི་དམ་གྱི་ལྷ་རུ་བསྐྱེད་དེ་ཆོ་ག་དེ་སྒྲུབ་པར་བྱེད་ལ། དབུས་གཙང་གི་ས་ཁུལ་ཁ་ཤས་སུ་མནའ་མ་རྟ་ལས་བབས་ཏེ་སྒོར་འཛུལ་ཁར་བག་མའི་རྗེས་སུ་འབྲངས་པའི་འདྲེ་སྟེ་བག་འདྲེ་ཞེས་པ་བཟློག་ཐབས་སུ་བག་མའི་ཁྱིམ་ནས་ཡོང་བའི་སྐྱེལ་མི་རྣམས་ཀྱིས་མི་ཚོར་བར་གླུད་ཅིག་གསང་ཐབས་སུ་གཡུགས་ཏེ་ཆོ་ག་དེ་སྒྲུབ་སྲོལ་ཡོད་པ་དང་། གཞན་དབུས་གཙང་གི་ས་ཁུལ་ཁ་ཤས་སུ་ད་དུང་བག་མ་གཉེན་ཚང་གི་སྒོ་ཁར་སླེབས་ཏེ། རྟ་ལས་བབས་ནས་ཁྱིམ་དུ་མ་འཛུལ་གོང་དུ་དེར་ཚོགས་ཀྱི་མི་ཚང་མས་གློ་བུར་དུ། ལྷ་རྒྱལ་ལོ་དང་ཀྭི་ཀྭི་བསྭོ་བསྭོ་ཞེས་སྐད་གསང་མཐོན་པོ་སྒྲོག་པ་དང་བཅས་འབྲུ་རིགས་སྣ་ལྔས་བག་མ་ལ་བྲབ་པ་དང་འབྲུ་གཟན་དགུང་ལ་གཏོར་ནས་ཆོ་ག་དེ་སྒྲུབ་པར་བྱེད་སྐད་དོ།།
དེ་མིན་ཁྱིམ་མཚེས་མི་རིགས་མང་པོ་ཞིག་ལའང་རང་རེའི་བོད་པའི་སྣ་འདྲེ་སྐྲོད་པའི་དོན་དང་ཕལ་ཆེར་འདྲ་བའི་ཆོ་ག་སྤེལ་སྲོལ་ཡོད་དེ། གནའ་དུས་སུ་རྒྱ་ནག་མི་རིགས་ལ་མཚོན་ན་ས་ཁུལ་མང་པོ་ཞིག་ཏུ། བག་མའི་འགྱོགས་བྱམས་གཉེན་ཚང་གི་སྒོ་ཁར་སླེབས་པ་ན་ཤོག་སྦག་མང་པོ་བཀད་དེ་བག་མར་འགྲོགས་པའི་གདོན་འདྲེ་བདའ་བ་དང་། བག་མ་གནས་གཞི་གསར་པ་ཞིག་ལ་ཐོན་པའི་རྟེན་འབྲེལ་གྱི་མཛད་སྒོ་གཉིས་དཀྱུས་གཅིག་ཏུ་བྱེད་པའི་སྲོལ་ཡོད་པ་དང་། མན་ཇུ་མི་རིགས་དང་། ཡུས་ཀུའུ་མི་རིགས་གཉིས་ཀྱིས་བག་མ་གཉེན་ཚང་གི་ཁྱིམ་དུ་འཛུལ་སྐབས་སར་མི་འབབ་པར་འགྱོགས་བྱམས་སྒོ་ཁའི་མེ་ཐོ་ལ་ཆེད་དུ་འགོམས་ནས་ལྷས་རར་ཐོན་ཏེ་སར་བཞག་པ་ན། མག་གསར་གྱིས་སྔར་ནས་གྲ་སྒྲིག་བྱས་ཡོད་པའི་མདའ་གཞུ་ཁྱེར་འོང་སྟེ། འགྱོགས་བྱམས་ལ་གཏད་དེ་དལ་གྱིས་མདའ་གསུམ་འཕེན་པ་བཅས་ཀྱིས་གདོན་འདྲེ་སྐྲག་པའི་མེ་དང་མཚོན་ཆ་ལ་བརྟེན་ནས་བག་མ་དང་འགྲོགས་ནས་རྒྱུ་བཞིན་དུ་སེམས་པའི་གདོན་འདྲེ་དེ་བདའ་བར་བྱེད་པའི་ཆོས་ལུགས་དམངས་སྲོལ་སོགས་ཡོད་པ་གསལ། ད་ལྟ་ཨ་མདོ་ས་ཁུལ་མང་ཆེ་ཤོས་སུ་སྔར་གྱི་རིག་གནས་དེའི་ཟུར་མང་པོ་དེ་རེ་རེ་ནས་སྤེལ་བ་ཉུང་ཡང་། ནང་དོན་ད་དུང་མ་ཉམས་པར་མནའ་མ་གཉེན་ཁྱིམ་དུ་འཛུལ་དུས་སུ་ཁྱིམ་བདག་མས་ཐོག་མར་མནའ་མའི་ཁ་ངོའི་ཕྱོགས་སུ་གཏད་དེ་འོ་ཞོ་གང་རུང་མཆོད་ཙམ་བྱས་རྗེས་མུ་མཐུད་དུ་མནའ་མའི་སྔུན་དུ་འོ་ཞོ་མཆོད་བཞིན་ཁྱིམ་དུ་བསུ་བར་བྱེད། དེ་ནི་ད་ལྟའི་སྣ་འདྲེ་སྐྲོད་པའི་ཆོ་ག་རེད་ཅེས་བརྗོད་ཆོག་སྙམ་མོ། །
གཅན་བཀྲ་བྷོ་ཡི《བོད་ཀྱི་དཔེ་རྙིང་དུ་བཀོད་པའི་གཉེན་སྒྲིག་གི་ཆོ་ག་བརྒྱད་དང་དེ་དག་གི་རིག་གནས་བསྟན་དོན་བཤད་པ》ལས་བཏུས།