༄༅།།ལོ་རྒྱུས་ཀྱི་རྒྱབ་གཟུགས།

གངས་དབང་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-23


ལོ་རྒྱུས་ཀྱི་རྒྱབ་གཟུགས།   རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག་ལས་དམུ་ལིའི་སྐོར།
གངས་དབང་བཀྲ་ཤིས།

ལྷ་སྟེང་དགོན་པ་དང་བླ་བྲང་གི་ཤུལ།

 གསུམ། དམུ་ལི་གསེར་གྱི་རྒྱལ་པོ།

        དམུ་ལི་རྒྱལ་པོ་ནི་མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་རྒྱུད་འཛིན་ལམ་ལུགས་དེད་པའི་རྒྱལ་པོ་ཡིན་ལ། ས་དེ་གར་གསེར་ཧ་ཅང་མང་པོ་ཡོད་པས་ཡོངས་གྲགས་སུ་དམུ་ལི་གསེར་གྱི་རྒྱལ་པོ་ཞེས་ཀྱང་འབོད། དམུ་ལི་ལ་ཐོག་མར་ཞྭ་སེར་བསྟན་པ་སྤེལ་དུས་ཀྱི་གནས་ཚུལ་བཤད་སྐབས་ཞུས་ཟིན་པ་ལྟར། རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོས་མངགས་པ་ལྟར་ཆོས་རྗེས་སངས་རྒྱས་རྒྱ་མཚོས་ལྷ་སྟེང་དགོན་པ་བཞེངས་ཏེ་འདས་རྗེས། ཁོང་ནི་མུ་ལི་སྐྱབས་མགོན་སྐུ་ཕྲེང་དང་པོར་ངོས་འཛིན་པ་དང་།ཁོང་གི་ཡང་སྲིད་འཇམ་དབྱངས་བཟང་པོས་དམུ་ལིའི་བླ་དཔོན་གཉིས་འཛིན་བྱས་པས་དམུ་ལི་རྒྱལ་པོའི་སྐུ་རབས་དང་པོ་ཡིན་ལ། འཇམ་དབྱངས་བཟང་པོ་འདས་རྗེས་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་འཇམ་དབྱངས་བཟང་པོའི་སྐུ་ཚབ་ངོ་མ་བླ་མ་བསམ་གཏན་བཟང་པོས་རྒྱལ་ས་འཛིན་དགོས་པའི་འཇའ་ས་ཐམ་ཀ་བཅས་གནང་བས། དུས་དེ་ནས་བཟུང་དམུ་ལི་རྒྱལ་པོ་དང་དམུ་ལི་སྐྱབས་མགོན་གཉིས་མི་གཅིག་མ་ཡིན་པར་སོ་སོར་ཕྱེ་པས། དམུ་ལི་སྐྱབས་མགོན་ཞེས་པ་སྐུ་ཕྲེང་དང་པོ་ཆོས་རྗེ་སངས་རྒྱས་རྒྱ་མཚོ་ནས་འགོ་ཚུགས་ཏེ་གཉིས་པ་འཇམ་དབྱངས་བཟང་པོ་དང་གསུམ་པ་ངག་དབང་དཀོན་མཆོག །བཞི་པ་ངག་དབང་ཕུན་ཚོགས། ལྔ་པ་ངག་དབང་དཔལ་ལྡན་རྒྱ་མཚོ། དྲུག་པ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ། བདུན་པ་ངག་དབང་བློ་བཟང་དཔལ་ལྡན་རྒྱ་མཚོ།བརྒྱད་པ་ངག་དབང་འཇམ་དཔལ་དགེ་ལེགས་ཉི་མ། དགུ་པ་ངག་དབང་འཇམ་དཔལ་གྲགས་པ་རྒྱལ་མཚན། བཅུ་པ་ངག་དབང་བློ་བཟང་ཡེ་ཤེས་གྲགས་པ་དབང་ཕྱུག་གམ་པད་མ་རིན་ཆེན་བཅས་ད་ལྟའི་བར་དུ་སྐུ་ཕྲེང་བཅུ་བྱོན་ཡོད། དམུ་ལི་རྒྱལ་པོ་ནི་རྒྱལ་རབས་དང་པོ་འཇམ་དབྱངས་བཟང་པོ་ནས་འགོ་ཚུགས་ཏེ་གཉིས་པ་བསམ་གཏན་བཟང་པོ། གསུམ་པ་ལེགས་བཤད་རྒྱལ་མཚན། བཞི་པ་ཚུལ་ཁྲིམས་བཟང་པོ། ལྔ་པ་བློ་བཟང་སྙན་གྲགས། དྲུག་པ་བློ་བཟང་མཐུ་སྟོབས། བདུན་པ་སྐལ་བཟང་གཡང་དྲུང་ལེགས། བརྒྱད་པ་སྐལ་བཟང་རིན་ཆེན། དགུ་པ་ངག་དབང་སྙན་གྲགས། བཅུ་པ་ངག་དབང་མཁས་གྲུབ། བཅུ་གཅིག་པ་ངག་དབང་ཆོས་འབྱུང་། བཅུ་གཉིས་པ་ངག་དབང་བཀྲ་ཤིས། བཅུ་གསུམ་པ་ངག་དབང་བསོད་ནམས་བཀྲ་ཤིས། བཅུ་བཞི་པ་ངག་དབང་བདེ་ལེགས། བཅོ་ལྔ་པ་ངག་དབང་ནོར་བུ། བཅུ་དྲུག་པ་ངག་དབང་ཚུལ་ཁྲིམས། བཅུ་བདུན་པ་ངག་དབང་གྲགས་པ་བསམ་གཏན། བཅོ་བརྒྱད་པ་བསམ་གཏན་ཆོས་འཕེལ། བཅུ་དགུ་པ་ངག་དབང་ཕུན་ཚོགས་གྲགས་པ་བཅས་རྒྱལ་རབས་བཅུ་དགུ་བྱོན་མྱོང་བ་དང་། ལ་ལས་རྒྱལ་རབས་ཉི་ཤུ་རྩ་གཅིག་བྱོན་མྱོང་ཡང་ཟེར།
        དེའི་ནང་ལས་རྒྱལ་རབས་དགུ་པ་ངག་དབང་སྙན་གྲགས་ནས་བཟུང་རྒྱལ་པོའི་མིང་གི་མགོ་ལ་རྒྱ་ཡིག项ཞེས་བྲིས་པ་ནི་ལ་ལས་རྒྱ་ཡི་རུས་མིང་རེད་ཟེར། འགའ་ཞིག་གིས་དམུ་ལི་ཁོ་ན་ལ་ཡོད་པའི་བོད་ཀྱི་རུས་མིང་ཞང་ངམ་འཁང་ཞེས་པ་དེ་རེད་ཟེར། ཡང་ལ་ཤས་ཀྱིས་རྒྱ་བོད་གང་གི་རུས་མིང་ཡང་མ་ཡིན་པར་ངག་དབང་ཞེས་པ་རྒྱ་ཡིག་ཏུ་བསྒྱུར་དུས་སི་ཁྲོན་སྐད་ཀྱི་གདངས་ལྟར项ཞེས་པར་བསྒྱུར་བ་རེད་ཟེར། དེ་ཡང་ལོ་རྒྱུས་ཡིག་ཆ་ལས་རྒྱལ་པོ་ངག་དབང་སྙན་གྲགས་ཀྱིས་དམུ་ལི་ཕྱོགས་བདག་སྐྱོང་བྱས་པར་འབྲས་བུ་ཡག་པོ་ཐོན་ཏེ་པེ་ཅིང་ལ་ཕེབས་ཏེ་ཆིན་ལུང་གོང་མ་མཇལ་བས། གོང་མ་ཧ་ཅང་དགའ་སྟེ་མཇལ་ཁ་གནང་བས་མ་ཚད་སངས་རྒྱས་གྲགས་པ་ཞེས་པའི་མིང་ཞིག་ཀྱང་གནང་ཞེས་པ་ཙམ་ལས项ཞེས་པའི་རུས་མིང་གནང་ཚུལ་བྲིས་མི་མེད་པས项ཞེས་པ་ནི་རྒྱ་ཡི་རུས་མིང་རེད་ཅེས་པ་ལ་ཁུངས་ལུང་མི་འདུག །དེ་དམུ་ལི་ཁོ་ན་ལ་ཡོད་པའི་བོད་ཀྱི་རུས་མིང་ཞིག་རེད་ཟེར་ན། དམུ་ལིའི་རྒྱལ་རབས་ནི་རིགས་རྒྱུད་དེད་ནས་ཡོང་བ་ཞིག་ཡིན་པས་རྒྱལ་རབས་དགུ་པ་ཡན་ཆད་ཀྱི་མིང་གི་མགོ་ལ་རུས་མིང་མེད་པར་རྒྱལ་རབས་དུག་པ་ངག་དབང་སྙན་གྲགས་ལ་གློ་བུར་དུ་རུས་མིང་ཞིག་བཞག་པ་ལུགས་དང་མི་མཐུན། དེས་ན། རྒྱབ་རབས་དགུ་པ་ངག་དབང་སྙན་གྲགས་ལས་ངག་དབང་ཞེས་པ་དེ་རྒྱ་ཡིག་གིས་བསྒྱུར་དུས་སི་ཁྲོན་སྐད་ཀྱི་གདངས་ལྟར项ཞེས་པ་ལ་བསྒྱུར་བ་རེད་ཅེས་པ་ལ་རྒྱུ་མཚན་འདུག་སྟེ། གཅིག་ནི་བོད་ཀྱི་རོང་སྐད་ཕལ་ཆེར་དུ་ངག་དབང་ཞེས་པ་བསྡུས་ཏེ་ངང་ཞེས་པའི་སྒྲ་གདངས་ཐོན་པས་རྒྱ་ཡིག་ནང་སྒྲ་ཇི་བཞིན་མ་ཐོན་པར项ལ་བསྒྱུར་བ་ནི་རོང་པའི་ཁ་སྐད་དང་རྒྱ་ཡིག་གི་བསྒྱུར་སྲོལ་བཅས་དང་མཐུན་པ་ཞིག་རེད། གཉིས་ནི་རྒྱབ་རབས་དགུ་པ་ངག་དབང་སྙན་གྲགས་ནས་བཟུང་རྒྱལ་པོ་རིམ་བྱོན་གྱི་མིང་ནི་ངག་དབང་ཅིག་ཅིག་དང་ངག་དབང་ཉིས་ཉིས་ཞེས་སྦྲེལ་ནས་ཡོད་པས་སོ།།
        ཚུལ་ཁྲིམས་བཟང་པོས་རྒྱལ་ས་འཛིན་དུས་འཇམ་དབྱངས་བཀྲ་ཤིས་ཀྱིས་རྒྱལ་པོའི་དབང་ཆ་འཕྲོག་རྩོད་བྱས་པ་ལས་ཚུལ་ཁྲིམས་བཟང་པོས་རྒྱལ་ཁ་བླངས་པ་ནས་བཟུང་། སེར་སྐྱ་ཚང་མས་དམུ་ལིའི་རྒྱལ་རབས་ནི་རྒྱལ་པོ་ཚུལ་ཁྲིམས་བཟང་པོའི་སྐུ་ཚ་ངོ་མས་འཛིན་དགོས་པ་ལས། དེ་མིན་གྱི་རྒྱུད་པས་འཛིན་མི་ཆོག་པར་གྲོས་མཐུན་བྱུང་བ་ནས་བཟུང་།
དམུ་ལི་རྒྱལ་རབས་ནི་སོག་པོའི་རིགས་འབའ་རི་རྒྱུད་པས་བརྒྱུད་འཛིན་བྱས་པ་རེད་འདུག །དེ་ཡང་གནའ་སྔོན་མའི་བོད་ཀྱི་ལུགས་སྲོལ་ལྟར་དམུ་ལི་རྒྱལ་པོ་ཡིན་ན་བཙུན་མོ་བསུ་མི་ཆོག་པར་ངེས་པར་དུ་རབ་ཏུ་བྱུང་དགོས་པས་ཁོང་ནི་རྒྱལ་པོའང་ཡིན་ལ་བླ་མའང་ཡིན་པ་དང་། རྒྱལ་རྒྱུད་ནི་རྒྱལ་པོའི་ཚ་བོ་ངོ་མས་འཛིན་དགོས་པས་དམུ་ལི་རྒྱལ་པོ་ནི་འབའ་རི་རྒྱུད་པ་ཁོ་ནས་བཟུང་པ་ཞིག་རེད་འདུག །དགོན་པ་རེ་ལ་བླ་བྲང་རེ་ཡོད་པ་དེ་ནི་དམུ་ལི་རྒྱལ་པོའི་ཆེས་མཐོ་བའི་སྲིད་འཛིན་ལས་ཁུངས་ཡིན་ལ་ནང་ཁུལ་དུ་བླ་དཔོན་དང་གསོལ་དཔོན། དྲུང་ཡིག །ཕྱག་མཛོད། གཉེར་པ་སོགས་རིམ་པ་མི་འདྲ་བའི་འགོ་དཔོན་ཡོད་པ་དང་། གལ་སྲིད་དེ་དག་ཚང་མ་དགོན་པ་གཅིག་ནང་ཡུན་རིང་བསྡད་ན་གཅིག་ནི་དགོན་པ་གཞན་གཉིས་ཀྱི་མངའ་འོག་གི་གྲྭ་བཙུན་དང་མི་སེར་དོ་དམ་བྱེད་པར་འཐུས་ཤོར་འགྲོ་བ་དང་། གཉིས་ནི་ས་ཕྱོགས་གཅིག་ལ་ཡུན་རིང་ན་དེའི་མི་སེར་ཚོས་ཞབས་འདེགས་ཞུ་བའི་ཁུར་པོ་ལྗིད་པས། བླ་དཔོན་གྱིས་མུ་ལྷ་ཁེ་གསུམ་ལ་རེས་མོ་བྱས་ཏེ་བཞུགས་སྲོལ་དར་བ་རེད། དེང་སང་དམུ་ལི་སྐྱབས་མགོན་གྱིས་ཀྱང་སྔར་གྱི་ལུགས་སྲོལ་ལྟར་དགོན་པ་གསུམ་ཀར་རེས་སྐོར་བྱས་ནས་བཞུགས་སྲོལ་འདུག
        རྒྱལ་པོ་ཞིག་གིས་ཕྱི་ཡི་དགྲ་བོ་འགོག་ཅིང་ནང་གི་མི་སེར་དབང་དུ་བསྡུ་བར་དཔལ་འབྱོར་ནི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པས། དམུ་ལི་གསེར་གྱི་རྒྱལ་པོ་ཞེས་པ་ལྟར་ལོ་ངོ་མང་པོའི་རིང་ལ་དམུ་ལི་རྒྱལ་པོ་རིམ་བྱོན་གྱིས་ས་དེ་གའི་གསེར་གྱི་ཐོན་ཁུངས་བེད་སྤྱོད་དེ། ལྷ་སའི་སེ་འབྲས་དགའ་གསུམ་དང་། པཎ་ཆེན་རིན་པོ་ཆེ་དང་རྒྱལ་བ་རིན་པོ་ཆེ་བཅས་ལ་གསེར་གྱི་འབུལ་བ་གྱ་ནོམ་པ་ཕུལ་བས་དམུ་ལི་རྒྱལ་པོ་ཞེས་ན་ཚང་མས་དགའ་བསུ་ཞུས་པའི་རྐྱེན་གྱིས་སྟོབས་འབྱོར་མངའ་ཐང་རྒྱས་པ་ནི《མུ་ལི་ཆོས་འབྱུང་།》ནང་གསལ་པོར་ཡོད་པས་བསྐྱར་བཟློས་ཀྱི་དགོས་པ་མི་འདུག །དེ་མིན་དམུ་ལི་རྒྱལ་རབས་འགོ་ཚུགས་པ་ནས་བཟུང་དགེ་ལུགས་པ་དང་བཀའ་བརྒྱུད་པ། བོན་པོ་བཅས་བར་གྱི་འགལ་བ་དང་འཁྲུག་འཛིང་། རྒྱལ་རབས་ནང་ཁུལ་དབང་ཆ་འཕྲོག་རྩོད་བྱེད་ཚུལ་དང་། རྒྱལ་རབས་དྲུག་པ་བློ་བཟང་མཐུ་སྟོབས་ཡན་ཆད་ཀྱི་རྒྱལ་པོ་སོ་སོའི་ལོ་རྒྱུས་ནི《མུ་ལི་ཆོས་འབྱུང》ནང་གསལ་པོར་ཡོད་མོད།《མུ་ལི་ཆོས་འབྱུང་།》ནི་སྤྱི་ལོ་1735ལོར་བརྩམས་ནས་གྲུབ་པ་ཞིག་ཡིན་པས་དམུ་ལི་རྒྱལ་པོའི་རྒྱལ་རབས་བདུན་པ་མན་ཆད་ཀྱི་ལོ་རྒྱུས་བཀོད་པའི་ཡིག་ཆ་ཉུང་བས་དེའི་སྐོར་ལ་ཆ་རྒྱུས་ཡོད་མཁན་ཡོད་ན་ཁ་སྐོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད།

 བཞི། ལུའོ་ཁེ་དང་དམུ་ལི།


ལྷ་སྟེང་དགོན་པའི་རི་ཁྲོད་བསམ་གཏན་ཆོས་འཁོར་གླིང་གི་རྡོ་འབུམ། 


        རྩི་ཤིང་རིག་པ་བ་དང་སྐད་བརྡ་རིག་པ་བ། ཉེན་བརྟག་རིག་པ་བ་ཞེས་སྙན་པར་གྲགས་པའི་ལུའོ་ཁེ་ནི་སྤྱི་ལོ་1884ལོར་ཨོ་སི་ཁྲུ་རི་ཡའི་ཝི་ཨེན་ན་ལ་སྐྱེས། ལོ་ངོ་བཅུ་གསུམ་ནས་རྒྱ་ཡིག་རང་སྦྱོང་བྱས། སྤྱི་ལོ་1907ལོར་ཨ་མེ་རི་ཀར་སོང་སྟེ་རྩི་ཤིང་རིག་པ་རང་སྦྱོང་བྱས་པས་མཁས་པར་གྱུར། སྤྱི་ལོ་1913ལོར་ཨ་མེ་རི་ཀའི་རྒྱལ་ཁོངས་སུ་ཞུགས། དེ་ནས་ཐེ་གོ་དང་རྒྱ་གར། འབར་མ་བཅས་རྒྱབ་ཁབ་ཏུ་བསྐྱོད་དེ་རྩི་ཤིང་རིག་པ་ལ་ཞིབ་འཇུག་བྱས་པས་རིམ་བཞིན་མིང་གྲགས་ཆེ། སྤྱི་ལོ་1922ལོར་ཨ་མེ་རི་ཀའི་ཞིང་ལས་པུའུ་ཡིས་མངགས་བཅོལ་བྱས་པ་ལྟར། ཡུན་ནན་ལ་ཡོང་སྟེ་རྩི་ཤིང་དང་འདབ་ཆགས་རིགས་ཀྱི་དངོས་དཔེ་འཚོལ་སྡུད་བྱས་ཏེ་ཡིག་རིས་གཉིས་ཀྱི་ཐོག་ནས་བརྩམས་ཆོས་མང་པོ་ཨ་མེ་རི་ཀའི་《རྒྱལ་ཁབ་ཀྱི་ས་ཁམས།》ཞེས་པའི་དུས་དེབ་ཐོག་བཀོད་པས་རྒྱལ་ཕྱི་ནང་ལ་སྙན་གྲགས་ཁྱབ།དམུ་ལི་དང་ཡུན་ནན་མཚམས་འབྲེལ་ནས་ཡོད་པས་ལུའོ་ཁེ་འཇམ་ས་དམ་ལ་ཡོད་དུས། དམུ་ལིའི་རི་ཆུ་དང་བཅས་པའི་གནས་ཚུལ་ཡང་གོ་ཐོས་བྱུང་སྟེ་སྔ་མོ་ནས་དེའི་ཕྱོགས་ལ་ཡོང་འདོད་མོད། འགྲོ་ལམ་བདེ་མོ་མིན་པའི་ཐོག་ལ་ལམ་བར་དུ་ཇག་རྐུན་མང་བས་རེ་ཞིག་ཡོང་མ་ཐུབ། སྤྱི་ལོ་1924ལོར་སོན་དུས་སྔར་བཞུགས་ཀྱི་དམུ་ལི་རྒྱལ་པོ་འདས་ཏེ་ངག་དབང་ཚུལ་ཁྲིམས་གྲགས་པ་རྒྱལ་པོར་བསྐོས་མ་ཐག་པའི་སྐབས་སུ། ལུའོ་ཁེས་དམུ་ལི་རྒྱལ་པོས་ཆོག་མཆན་གནང་མིན་ལ་མི་བལྟ་བར་འཇང་ས་གནས་སྲིད་གཞུང་ནས་མངགས་པའི་སྲུང་དམག་བཅུ་ཁྲིད་དེ་དམུ་ལིའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་རེད། གྲང་ངར་ཆེ་བའི་དགུན་དུས་སུ་ཁོ་ཚོས་འཁྱག་ལྟོགས་ཀྱི་སྡུག་བསྔལ་ཁྱད་དུ་བསད་ནས་ཉིན་བཅུ་གཅིག་གི་རྗེས་སུ་དམུ་ལི་ལ་སླེབས་མ་ཐག །སྲུང་དམག་ཅིག་མངགས་ཏེ་དམུ་ལི་རྒྱལ་པོ་ལ་རེ་འདོད་ཞུས་པས་རྒྱལ་པོས་ཀྱང་བཀག་འགོག་མ་བྱེད་པར་བསུ་མ་བྱས།

ལྷ་སྟེང་དགོན་པའི་བླ་བྲང་གི་ཤུལ། 

        སྐབས་དེར་ས་མཐའ་ལ་ཡོད་པའི་དམུ་ལི་ཕྱི་རོལ་ཡུལ་དང་འབྲེལ་འདྲིས་ཉུང་བས། རྒྱལ་པོ་ངག་དབང་ཚུལ་ཁྲིམས་གྲགས་པས་ཀྱང་ཕྱི་རོལ་གྱི་གནས་ཚུལ་མང་པོ་མཐོང་ཐོས་མེད་པས་ལུའོ་ཁེའི་བྱ་སྤྱོད་ལ་མཚར་སྣང་སྐྱེས་ཡོད་ངེས་ཏེ། ལུའོ་ཁེའི་ཟིན་བྲིས་ནང་ལ་དམུ་ལི་རྒྱལ་པོ་ནི་གཟུགས་མཐོན་པོ་སྨིས1.88ཙམ་ཡོད་ལ་ཤ་རྒྱགས་ཤིང་རྒྱུད་བཟང་འགྲོགས་བདེ་ཞིག་འདུག་པ་དང་། རྒྱལ་པོ་ཡིས་དམུ་ལི་ནས་རྟ་བཞོན་ན་ཨ་མེ་རི་ཀ་ལ་སླེབས་ཐུབ་མིན། ཕྱི་རྒྱལ་ན་ད་དུང་དམག་འཁྲུག་བྱེད་ཡོད་མེད་སོགས་དགོད་ཤོར་བའི་དྲི་བ་མང་པོ་བཏོན་ཚུལ་བྲིས་འདུག །ལུའོ་ཁེ་ནི་ཐེངས་དང་པོར་དམུ་ལི་ལ་ཡོང་བ་ཡིན་པས་རྒྱལ་པོ་ལ་བག་ཆགས་ཡག་པོ་ཞིག་འཇོག་པའི་ཆེད་དུ། ཁོང་གི་དྲི་བ་ལ་སུན་སྣང་མེད་པར་ལན་བཏབ་པ་དང་དེ་མིན་གྱི་སྐོར་ཁ་བརྡ་ལྷུག་པོར་བྱས་པས་གཉིས་ཀའི་འབྲེལ་བ་ཡག་པོར་ཆགས་ཏེ་ལུའོ་ཁེ་ལ་དགོན་པར་ལྟ་སྐོར་འགྲོ་བའི་སྐལ་བ་ཐོབ་པས་མ་ཚད། དམུ་ལི་རྒྱལ་པོས་ཁོ་ལ་གསེར་གྱི་སྡེར་མ་དང་ལྷ་སྐུ་གཉིས། སྟག་ལྤགས་གཅིག་བཅས་ལེགས་སྐྱེས་གནང་བ་དང་། ལུའོ་ཁེ་ཡིས་རྒྱལ་པོ་ལ་མེ་མདའ་གཅིག་དང་མདེའུ་ཉིས་བརྒྱ་ལྔ་བཅུ་བཅས་ཀྱང་ཕུལ་འདུག །དེ་ལྟར་ལུའོ་ཁེ་ཐེངས་དང་པོར་དམུ་ལི་ལ་ཡོང་རྗེས་ཉིན་བདུན་ཙམ་ལས་མ་བསྡད་དེ་ཕྱིར་འཇང་ལ་ལོག་པ་རེད།


ཁེ་འོང་དགོན་པའི་བླ་བྲང་གི་ཤུལ། 


        ཐེངས་དང་པོར་དམུ་ལི་ལ་ཡུན་རིང་སྡོད་ཁོམ་མེད་ཀྱང་། དམུ་ལི་རྒྱལ་པོ་དང་འབྲེལ་ལམ་ཡག་པོ་བཙུགས་པའི་ཁར་ས་དེ་ནའི་རྩི་ཤིང་ནགས་ཚལ་དང་བཅས་པས་ནམ་ཡང་ཁོའི་ཡིད་སེམས་འགུགས་པས། སྤྱི་ལོ་1928ལོར་སླར་ཡང་འཇང་ས་དམ་དང་ཁ་བྲལ་ཏེ་དམུ་ལི་ལ་སླེབས། དམུ་ལི་རྒྱལ་པོས་རོགས་སྐྱོར་བྱེད་པའི་ཆེད་དུ་ལེགས་སྐྱེས་གྱ་ནོམ་པ་ཕུལ་བས། རྒྱལ་པོས་ཀྱང་ཇག་དཔོན་ཚོ་དང་གྲོས་ཀ་བྱས་ཏེ་ལའོ་ཁེ་དམུ་ལིའི་ས་ཕྱོགས་ཚང་མར་འགྲོ་ཆོག་པར་བྱས། དེའི་རིང་ལ་ཁོས་དགོན་པའི་མཐའ་སྐོར་གྱི་རྩི་ཤིང་ལ་ཞིབ་འཇུག་བྱས་ཏེ་དངོས་དཔེ་མང་པོ་འཚོལ་སྡུད་བྱས་ཏེ་འབྲས་བུ་གཡུར་དུ་ཟ་བ་སྨིན་པ་དང་། རྒྱལ་པོའི་སྲིད་དབང་དང་མི་སེར་གྱི་འཚོ་བ། ཇག་རྐུན་གྱི་གནས་ཚུལ་ལའང་རྒྱུས་ལོན་མང་པོ་བྱས་ཡོད་པ་ནི་ཁོའི་ཟིན་བྲིས་ལས་གསལ་པོར་མཐོང་ཐུབ། དེས་མ་ཚད་ལོ་དེའི་ཟླ་བ་གསུམ་པར་དམུ་ལི་ནས་འདབ་པ་བརྒྱུད་དེ་ཉི་སྟེང་རིགས་གསུམ་མགོན་པོ་ལ་རྟོག་ཞིབ་བྱས་པའི་འབྲས་བུ་རྣམས་ཨ་མེ་རི་ཀའི་《རྒྱལ་ཁབ་ཀྱི་ས་ཁམས།》ལ་བཀོད་པས་ཤམ་བྷ་ལའི་ཞིང་ཁམས་ཞེས་རིམ་གྱིས་ཕྱི་ནང་ཀུན་ལ་ཁྱབ་པར་གྱུར།
        ཕྱི་རོལ་གྱི་རི་ཆུ་མང་པོར་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱེད་པ་ལས། དུས་རྒྱུན་དཔེ་ཆ་ཁོ་ན་ལ་མགོ་འཁོར་ཏེ་འདི་དང་དེ་ཞེས་འོལ་ཚོད་བྱེད་པར་མི་དགའ་བའི་ལུའོ་ཁེ་ལ་མཚོན་ན། ཚེ་མཐའ་མ་རྫོགས་བར་དུ། ད་ནི་དམིགས་ཡུལ་གྲུབ་སོང་ཞེས་ངལ་གསོ་བའི་དུས་ཤིག་ཡོད་མི་སྲིད་པར། ཐག་རིང་གི་རི་ཆུའི་གསང་བས་དུས་ནམ་ཡང་འབོད་སྐུལ་བྱེད་བཞིན་ཡོད་པར་བརྟེན། སྤྱི་ལོ་1929ལོར་སླར་ཡང་འཇང་ས་དམ་ནས་དམུ་ལི་ལ་ཡོང་རྗེས་དར་རྩེ་མདོ་ལ་འགྲོ་རྒྱུའི་འཆར་གཞི་བཀོད་པ་ལ་དམུ་ལི་རྒྱལ་པོས་རྒྱབ་སྐྱོར་དང་རོགས་རམ་བྱས་པས། ལམ་བར་དུ་ཇག་པའི་འཕྲོག་བཅོམ་མ་ཕོག་པར་དར་མདོར་སླེབས། ལོ་དེའི་ཟླ་བ་ལྔ་པ་དང་དྲུག་པའི་བར་ཐེངས་གཉིས་ལ་གངས་དཀར་རི་བོ་མཇལ་ཏེ་ས་བཀྲ་བྲིས་ཤིང་རི་བོའི་མཐོ་ཚད་འཇལ་བ་དང་། རྩི་ཤིང་དང་འདབ་ཆགས་རིགས་མང་པོའི་དངོས་དཔེ་ལོན་ཏེ་པར་དང་ཡི་གེ་གཉིས་ནས་ཨ་མེ་རི་ཀའི་《རྒྱལ་ཁབ་ཀྱི་ས་ཁམས།》ལ་བཀོད་པས་གངས་དཀར་རི་བོའང་ཕྱི་ནང་ཀུན་ལ་གྲགས།
        སྤྱི་ལོ་1929ལོར་ལུའོ་ཁེ་གངས་དཀར་རི་བོ་ནས་ཕྱིར་དམུ་ལི་ལ་ལོག་སྟེ་ཁེ་འོང་དགོན་པ་ལ་བཞུགས་ཡོད་པའི་དམུ་ལི་རྒྱལ་པོ་ངག་དབང་ཚུལ་ཁྲིམས་གྲགས་པ་དང་མཇལ། དེ་ནི་ཆེས་མཐའ་མར་དམུ་ལིར་བསྡད་དེ་རྒྱལ་པོ་དང་མཇལ་བའི་དུས་ཡིན་ལ། དམུ་ལི་དང་ཁ་བྲལ་ནས་འགྲོ་དུས་ངག་དབང་ཚུལ་ཁྲིམས་གྲགས་པས་ཁ་བྲལ་མ་བྲ་བཞིན་དུ་ཆོས་དཔེ་དང་ལྷ་སྐུ། ས་གདན། གསེར་སོགས་ལེགས་སྐྱེས་མང་པོ་གནང་བ་དང་། ལུའོ་ཁེས་ཀྱང་རྒྱལ་པོ་ལ་མེ་མདའ་དང་མདེའུ་སོགས་ཕུལ་ཏེ་འཇང་ས་དམ་ལ་ལོག་པ་རེད།
        ལུའོ་ཁེ་འཇང་ས་དམ་གྱི་ས་ཆ་དང་དམུ་ལི། གངས་དཀར་རི་བོ། འདབ་པའི་ཉི་སྟེན་རིགས་གསུམ་མགོན་པོ་བཅས་ལ་རྟོག་ཞིབ་བྱས་ཏེ་པར་དང་ཡི་གེའི་ཐོག་ནས་བརྩམས་ཆོས་མང་པོ་སྤེལ་བ་ནས་བཟུང་། ས་གནས་དེ་དག་གི་རི་ཆུ་དང་ཡུལ་སྲོལ་རྣམས་རྒྱལ་ཕྱི་ནང་དུ་ཁྱབ་པར་གྱུར་བ་དང་བསྟུན་ནས་ཤམ་བྷ་ལ་ཞེས་པའི་ཐ་སྙད་དེ་ས་གྲག་རྡོ་གྲག་ཏུ་ཁྱབ་པས། ས་གནས་སོ་སོས་ཡུན་རིང་པོར་ཤམ་བྷ་ལ་ཞེས་པའི་མིང་དེ་འཕྲོག་རྩོད་བྱས་པ་རེད། དེང་སང་ལ་ལས་ཤམ་བྷ་ལ་ཞེས་པ་ནི་མཛུ་གུ་འཛུགས་ས་ཡོད་པའི་ཞིང་ཁམས་ཤིག་ཡོད་ཟེར་ལ། འགའ་ཞིག་གིས་སེམས་ནང་བསྒོམས་ཏེ་རེ་ཞིང་སྙེག་པའི་ཕུགས་བསམ་གྱི་ཞིང་ཁམས་ཤིག་ལ་གོ་དགོས་པ་ལས་ས་ཆ་ངེས་གཏན་ཞིག་མེད་ཅེས་ཟེར་བ་ལས་ང་རང་གིས་ནི་ཕྱི་མ་དེ་འདོད་དོ།།
        དེང་སང་ཚང་མའི་ལྟ་བར་ལུའོ་ཁེ་དམུ་ལི་དང་ཉི་སྟེང་རིགས་གསུམ་མགོན་པོར་ཡོང་བའི་རྒྱུ་མཚན་ནི་རྩི་ཤིང་དང་འདབ་ཆགས་ཀྱི་རིགས་ལ་རྟོག་ཞིབ་བྱེད་པའི་ཆེད་དུ་རེད་འདོད་མོད། ངས་བསམས་ན་རྒྱུ་མཚན་དེ་གཅིག་པུ་མ་ངེས་ཏེ། འཇང་རིགས་ཀྱི་སྟོན་པའི་རིག་གནས་ནང་མི་ཤི་རྗེས། ཚེ་འདས་ཀྱི་རྣམ་ཤེས་ས་ཚུགས་རེ་རེའི་སྒོ་ནས་མེས་པོ་ཚོ་ཆེས་ཐོག་མར་འོངས་སའི་ཕྱོགས་ལ་སྐྱེལ་བའི་གཤིན་ཆོས་ཀྱི་ཆོ་ག་སྒྲུབ་སྲོལ་ཡོད་པ་དང་། བཤད་སྲོལ་དུ་གནའ་བོའི་འཇང་རིགས་ཀྱི་མེས་པོ་ཚོ་ནི་གངས་དཀར་གླིང་གི་ཤར་ལྷོ་ནས་ལི་ཆུ། དམུ་ལི། རིན་འབྱུང་། ཐར་ལམ﹙永宁﹚བཅས་བརྒྱུད་དེ་འཇང་ས་དམ་ལ་གནས་བཅས་པ་ཡིན་པས། མིའི་རྣམ་ཤེས་ཀྱང་ས་དམ་ནས་འགོ་ཚུགས་ཏེ་ཐོག་མར་འོང་ས་གངས་དཀར་གླིང་ལ་སྐྱེལ་བའི་སྲོལ་ཡོད་པ་རེད། དེ་ལྟར་ན། ལུའོ་ཁེ་འཇང་ས་དམ་ལ་ཡོད་སྐབས་འཇང་གི་སྐད་ཤེས་པས་མ་ཚད་སྟོན་པའི་རིག་གནས་ལ་རྟོག་དཔྱོད་དང་ཞིབ་འཇུག་བྱས་མྱོང་པས། གཤིན་ཆོས་ཀྱི་ཆོ་ག་ནང་ཚེ་འདས་ཀྱི་རྣམ་ཤེས་མཐར་ཐུག་གི་འགྲོ་ས་ཤམ་བྷ་ལ་བདེ་ལྡན་གྱི་ཞིང་ཁམས་དམུ་ལི་དང་གངས་དཀར་གླིང་གི་ཕྱོགས་སུ་བསྟན་ཡོད་པ་ལྟར། ཁོང་ཡང་དེའི་ཕྱོགས་སུ་བསྐྱོད་པ་དང་ཤམ་བྷ་ལ་ཞེས་པའི་ཐ་སྙད་དེ་རང་གི་བརྩམས་ཆོས་ནང་བཀོད་པ་མིན་ནམ་སྙམ།དམུ་ལི་དང་གངས་དཀར་རི་བོ། ཉི་སྟེང་རིགས་གསུམ་མགོན་པོ་བཅས་ལ་རྟོག་ཞིབ་བྱས་ཚར་རྗེས། མ་གཞིར་འཇང་ལ་ཡོད་དུས་ནས་འཇང་རིགས་ཀྱི་སྐད་སྦྱངས་པ་དང་། འཇང་ས་དམ་གྱི་དམངས་སྲོལ་རིག་གནས་ལ་དགའ་ཞེན་ཆེ་ཞིང་། ཁྱད་པར་སྟོན་པ་གཤེན་རབས་ཀྱི་རིག་གནས་ཀྱིས་ཡིད་དབང་འཕྲོག་པས་མུ་མཐུད་དེ་འཇང་རིགས་ཀྱི་སྟོན་པའི་ཆོ་ག་དང་ཆོས་དཔེ། སྐད་རིགས། ལོ་རྒྱུས་སོགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་ལ་ཨ་མེ་རི་ཀ་ནས་རྒྱབ་སྐྱོར་མ་ཐོབ་ཀྱང་། རང་གི་རྒྱུ་ནོར་ཡོད་ཚད་བཙོངས་ནས་འགྲོ་སོང་བཏང་སྟེ་《ཀྲུང་གོའི་ལྷོ་ནུབ་ཀྱི་གནའ་བོའི་འཇང་རིགས་རྒྱལ་ཁམས།》ཞེས་པ་དང་།《འཇང་རིགས་དང་དབྱིན་ཇིའི་ཚིག་མཛོད།》ཅེས་རིན་ཐང་ཅན་གྱི་དཔེ་ཆ་གཉིས་ལེགས་གྲུབ་བྱུང་བས་མ་ཚད། སྟོན་པའི་ཆོས་དཔེ་མང་པོ་འཚོལ་སྡུད་བྱས་པས་འཇང་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། སྟོན་པའི་རིག་གནས། སྟོན་པའི་འདྲ་གཟུགས་ཡི་གེ་﹙རིས་ཡིག﹚བཅས་ལ་སུས་ཀྱང་འགྲན་དུ་མེད་པའི་བྱས་རྗེས་བཞག་ཡོད་པ་རེད།

        དེ་ལྟར་ལུའོ་ཁེ་ཡིས་མི་ཚེ་གཅིག་ནི་རྟོག་ཞིབ་ཀྱི་ལས་ལ་བསྐྱལ་ཞིང་། ཁེར་རྐྱང་གི་འཚོ་བའི་དགའ་སྐྱོ་ཆགས་སྡང་ཡིག་རིས་ལ་བཅོལ་རྗེས། སྤྱི་ལོ་1962ལོར་ཨ་མེ་རི་ཀའི་ཞ་ཝེ་དབྱི་ལ་འདས་པ་རེད།

 ལྔ། དམུ་ལི་ཕྱོགས་ཀྱི་བོད་སྐད།

        བོད་ཀྱི་རོང་འབྲོག་གཉིས་ལས་རོང་ས་ལ་ཡུལ་སྐད་ཀྱི་རིགས་མང་བ་ལྟར། གྲངས་ཉུང་མི་རིགས་མང་པོ་འདུས་ནས་ཡོད་པའི་དམུ་ལིའི་ཁོངས་སུའང་བོད་སྐད་ཡིན་ཡང་ཕན་ཚུན་གོ་བརྡ་འཕྲོད་དཀའ་བ་གཙོ་བོ་རིགས་བཞི་སྟེ། ཡར་རྒྱས་ཞང﹙依吉乡﹚ལ་སོགས་པའི་སྐད་ལ་བོད་མིའི་སྐད་དང་། གཏེར་རོང་ཞང﹙东朗乡﹚དང་དཔལ་གཟི་ཞང﹙麦日乡﹚། ཐང་ཡངས་ཞང﹙唐央乡﹚གཙོ་བོར་བྱས་པ་རྣམས་ཀྱི་ཡུལ་སྐད་ལ་སྒང་མིའི་སྐད། ཞོ་ལུང་ཞང﹙水落乡﹚གི་ཕྱུག་མི﹙ཡུལ་དེའི་སྐད་ཀྱི་སྒྲ་གདངས་ལྟར་བྲིས་པ་ཡིན།﹚ཡི་གྲོང་མི་རྣམས་ཀྱི་སྐད་ལ་ཕྱུག་མིའི་སྐད་ཅེས་པ་དང་། དེ་མིན་ལིས་རོའི་སྐད﹙ཡུལ་དེའི་སྐད་ཀྱི་སྒྲ་གདངས་ལྟར་བྲིས་པ་ཡིན﹚ཟེར་བ་ཞིག་ཀྱང་ཡོད་པར་གྲགས།
        དེ་ལས་དང་པོ་བོད་མིའི་སྐད་ཅེས་པ་ནི་དེང་སང་ཡུན་ནན་ལ་བོད་མིའི་རིགས་﹙普米族﹚ཞེས་པ་དེ་ཡིན་ལ། དམུ་ལི་རྫོང་ཁོངས་སུ་བོད་རིགས་དེ་དག་བྱེ་བྲག་གི་གྲངས་ཉུང་མི་རིགས་ཤིག་ཏུ་དགར་མི་འདུག །བཤད་སྲོལ་དུ་ཡུན་ནན་ལ་ཐོག་མར་མི་རིགས་དབྱེ་འབྱེད་བྱེད་དུས། ཡུལ་མི་དེ་ཚོས་ང་ཚོ་བོད་མི་ཡིན་ཞེས་པ་ན་དབྱེ་འབྱེད་བྱེད་མཁན་ཚོས་ཨུ་ཚུགས་ཀྱིས་བོད་མིའི་རིགས་ཞེས་གྲངས་ཉུང་མི་རིགས་ཤིག་ཏུ་བརྩིས་པ་རེད་འདུག །བོད་མིའི་སྐད་དེ་ནི་དམུ་ལི་རྫོང་ཁོངས་སུ་སྤྱོད་རྒྱ་ཆེ་བ་སྟེ་ཧ་ལམ་བརྒྱ་ཆ་བརྒྱད་ཅུ་ཙམ་ཟིན་ཡོད་པར་གྲགས། སྐད་དེའི་ནང་ཁྱི་ལ་ཁུད་ཅེས་པ་དང་། སྐྱེས་པའི་མིང་ལ་ཁུད་ཟོ་ཞེས་ཁམས་སྐད་ནང་ཁྱི་ཕྲུག་ཅེས་པ་ལྟ་བུ། དེ་མིན་གྲངས་ཀ་བརྩི་སྟངས་ལས་གཅིག་ལ་དི། གཉིས་ལ་ནུ། གསུམ་ལ་སུམ། བཞི་ལ་ར། ལྔ་ལ་དངང་། དྲུག་ལ་ཐྲུག བདུན་ལ་ཏུ། བརྒྱད་ལ་ཤུ། དགུ་ལ་འུ། བཅུ་ལ་ཀ་ཏན་ཞེས་ཟེར་བ་དང་། ཁྱི་ལ་ཁུ་འགྲ། ས་ལ་ཅ། རྡོ་ལ་ཡང་པ། གནམ་ལ་དམུ་ནེ། ཆུ་ལ་ཅུ། མེ་ལ་མ། མར་ལ་རྨོང་། བུ་ལ་ཙུ། བུ་མོ་ལ་སྨུ་ཞེས་པ་ལས་འགའ་རེ་ནི་བརྡ་རྙིང་དང་ལ་ཤས་ནི་ཁམས་མི་ཉག་གི་སྐད་དང་མཐུན་པས། དེང་སང་དམུ་ལིའང་མི་ཉག་རབ་སྒང་གི་ཁོངས་སུ་བརྩིས་པ་ནི་ས་ཁམས་དང་སྐད་བརྡ། ལུགས་སྲོལ་བཅས་གང་ཐད་ནས་རྒྱུ་མཚན་མེད་པ་མ་རེད་འདོད།

        གཉིས་པ་གཏེར་རོང་ཤང་དང་དཔལ་གཟི་ཤང་། ཐང་ཡངས་ཤང་ནི་དཀར་མཛེས་ཁུལ་འདབ་པ་རྫོང་དང་མཚམས་འབྲེལ་ནས་ཡོད་ལ། དམུ་ལིའི་ས་བབ་དང་བསྟུན་ན་ས་མཐོ་སའམ་སྒང་ས་ལ་ཡོད་པས་དེ་ཚོའི་སྐད་ལ་སྒང་མིའི་སྐད་ཅེས་ཟེར་བ་ནི། ངའི་ཕ་ཡུལ་དུ་ས་མཐོ་སར་ཡོད་པའི་མི་རྣམས་ལ་སྒང་པ་དང་དེ་ཚོའི་སྐད་ལ་སྒང་སྐད་ཟེར་བ་དང་གཅིག་པ་རེད་འདུག །དེ་ཡང་ས་བབ་མཐོ་དམའ་ཡི་དབང་གིས་སྒང་སྐད་ཟེར་བ་ཙམ་ལས་འབྲོག་སྐད་ནི་མ་ཡིན་ཏེ། སྐད་དེ་ནི་དཀར་མཛེས་ཁུལ་གྱི་སྡེ་རོང་རྫོང་དང་ཕྱག་ཕྲེང་རྫོང་། འདབ་པ་རྫོང་། ལི་ཐང་རྫོང་གི་སྐད་དང་ཐག་ཉེ་ལ། ཉག་ཆུ་རྫོང་གི་ལྷོ་ཕྱོགས་ས་ཁུལ་དང་དར་མདོ་རྫོང་སྲིད་གཞུང་ཤང་གི་སྐད་དང་ཕལ་ཆེར་གཅིག་པ་ཡིན་པས་ཁམས་སྐད་དང་བར་ཐག་ཉེ་པོ་རེད། སྐད་དེའི་ཁྱད་ཆོས་གཙོ་བོ་ནི་ལ་ལས་གསལ་བྱེད་སུམ་ཅུ་ལ་དབྱངས་ཡིག་བཞི་པ་ན་རོ་སྦྱར་བ་ལྟ་བུར་ཀློག་པ་དང་། མང་ཤོས་ཀྱིས་གསལ་བྱེད་ཡི་གེ་ཞ་ལ‘sha’དང་། ཡ་ལ‘shai’ ལ་ལ‘ya’ཞེས་ཀློག །དེ་མིན་འོ་མ་ལ་འོམ་དང་། ཀོ་བ་ལ་ཀོབ། བུ་མོ་ལ་བུམ། ཉི་མ་ལ་ཉིམ་ཞེས་བརྡ་རྙིང་པ་ལྟར་ཀློག་པས་གལ་སྲིད་ལུགས་དེ་མ་ཤེས་ན་ཁམས་སྐད་དང་ཐག་ཉེ་ཡང་གོ་བརྡ་འཕྲོད་དཀའ།
        གསུམ་པ་ཕྱུག་མིའི་སྐད་ཅེས་པ་ནི་ཞོ་ལུང་གི་ཕྱུག་མི་གྲོང་མི་རྣམས་ཀྱི་སྐད་ལ་ཟེར་ཞིང་། སྐད་དེའི་ནང་བོད་སྐད་དང་འཇང་སྐད། དབྱིས་སྐད། སོག་སྐད་སོགས་སྣ་མིན་སྣ་ཚོགས་འདུས་ཡོད་པས་ཁོ་རང་ཚོའི་ནང་ཁུལ་མ་གཏོགས་གཞན་གྱིས་གོ་མི་ཐུབ་ཟེར་ཡང་། ཁོ་ཚོའི་སྐད་ནང་གཅིག་ནས་བཅུ་ལ་རིམ་བཞིན་དུ་སྒྲེང་། ཉིས་ཀོ། སམ་ཀོ། བཞི་ཀོ། དངང་ཀོ། ཕྱུག་ཀོ། ཧྲལ་ཀོ། ཕྱུས་ཀོ། དགུ་ཀོ། ཨེ་ཀོ་ཞེས་ཕལ་ཆེར་ང་ཚོའི་སྐད་དང་འདྲ་བ་དང་། གནམ་ལ་དམུ། ཆུ་ལ་ཇུ། ཁྱི་ལ་ཁུད་ཅེས་བརྡ་རྙིང་པའི་སྐད་མང་བ་ལ་བརྟག་ན་དུས་ཡུན་རིང་པོ་ནང་བོད་སྐད་ལ་གཞན་སྐད་བསྲེས་པ་འདྲ།
        བཞི་པ་ལིས་རོའི་སྐད་ཤེས་མཁན་ཞིག་ད་སྔོན་མ་མཇལ་བས་རེ་ཞིག་བཏང་སྙོམས་སུ་མི་འཇོག་ཐབས་མེད་མོད། རྗེས་སུ་སྐད་དེ་དག་གི་ཁྱད་ཆོས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་ཐུབ་པའི་རེ་བ་ཤིན་ཏུ་ཆེ།

        བོད་ཀྱི་ལོ་རྒྱུས་ནང་རྒྱལ་བློན་དང་ལོ་པཎ་རྣམས་ཀྱིས་གཏེར་སྦས་ས་ལ་སྦས་ཡུལ་ཞེས་པ་དང་། ཡང་ན་དམག་འཁྲུག་ཡོང་དུས་ས་ཐག་རིང་པོར་སྦས་སྐུང་བྱེད་ས་ལའང་སྦས་ཡུལ་ཞེས་ཟེར། དམུ་ལི་ནི་གཏེར་སྦས་ས་མ་ཡིན་ལ། གབ་བྱོལ་བྱེད་ས་ཞེས་པའང་ལོ་རྒྱུས་ནང་མ་མཐོང་མོད། བོད་ཆོལ་ཁ་གསུམ་ལས་ས་མཐར་གནས་ཏེ་ཆ་རྒྱུས་ཡོད་མཁན་ཉུང་བས་ངས་སྦས་ཡུལ་ཞེས་པ་དེའི་རྐྱེན་གྱིས་ཡིན། མི་རིགས་མང་པོ་མཉམ་དུ་འདུས་པའི་ཁོར་ཡུག་ནང་སོ་སོའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཕན་ཚུན་སིམ་འདྲེས་སུ་གྱུར་པ་ནི་སུས་ཀྱང་འགོག་ཏུ་མེད་མོད། དམུ་ལིའི་བོད་པ་རྣམས་ཀྱིས་ད་ལམ་བར་ཕ་སྐད་ཚང་མ་མ་དོར་བའི་གཞི་རུ་རིག་གནས་སེམས་ཁམས་དང་ཡུལ་སྲོལ་གོམས་གཤིས་ཀྱང་སྲུང་འཛིན་བྱེད་བཞིན་ཡོད་པ་ནི་ང་ཚོས་ཡི་རངས་བྱ་དགོས་པ་ཞིག་རེད།
        གོང་དུ་ཞུས་པ་ལྟར། སྤྱིར་དམུ་ལི་རྫོང་གི་བོད་རིགས་ནང་ཁུལ་དུ་ཡུལ་སྐད་མང་མོད། གཙོ་བོ་སྒང་པའི་སྐད་དང་བོད་མིའི་སྐད། ཕྱུག་མིའི་སྐད། ལིས་རོའི་སྐད་བཅས་བཞི་རུ་འདུས་ལ། ཡུལ་སྐད་གཅིག་གི་ཁོངས་སུ་འདུས་པའི་བོད་མི་ཚོ་མཉམ་དུ་འདུས་སྐབས་ཕན་ཚུན་བོད་སྐད་ཀྱིས་ཁ་བརྡ་བྱེད་པ་ལས། ང་ཚོ་ལྟར་ཕན་ཚུན་གོ་བརྡ་འཕྲོད་ཀྱང་རང་སྐད་མི་བཤད་པའི་ཚབས་ཆེ་བའི་གནས་ཚུལ་དེ་འདྲ་མཐོང་མ་བྱུང་། རེད་དེ། བོད་ཡིག་སློབ་གསོའི་ཐད་ནས་བཤད་ན། སློབ་ཆུང་ལོ་རིམ་བཞི་པ་ལ་སོན་དུས་ད་གཟོད་བོད་ཡིག་ཁྲིད་པ་དང་། མཐོ་འབྲིང་ལ་སླེབས་དུས་བོད་ཡིག་སློབ་ཁྲིད་མེད་པས་དེ་ཡིས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་བཀག་འགོག་ཆེན་པོ་བྱེད་པ་ནི་ཕར་ལྟ་ཚུར་གསལ་རེད། གལ་སྲིད་མཐོ་འབྲིང་ལའང་བོད་ཡིག་སློབ་ཁྲིད་ཡོད་ན། བོད་རིགས་སློབ་མ་ཚོ་མུ་མཐུད་ནས་སློབ་གྲྭ་ཆེན་མོར་འགྲོ་བའི་གོ་སྐབས་མང་བ་དང་། རྗེས་སུ་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྲི་ཞུ་སྒྲུབ་ཐུབ་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་དེ་ལས་མང་པོ་ཡོང་ངེས་རེད།
        ཡིན་ན་ཡང་། དེ་ནི་ཁ་མཁས་པས་བཤད་པ་ཙམ་དང་ལག་མཁས་པས་བྲིས་པ་ཙམ་གྱིས་མི་ཡོང་བས། འབྲེལ་ཡོད་ཀྱི་ལས་ཁུངས་དང་མི་སྣ་ལ་ཡར་ཞུ་ཕུལ་ན། སྤྱི་སྒེར་གཉིས་ལ་ཕན་པའི་འབྲས་བུ་སྨིན་སྲིད་དོ།།
        ཉི་མ་གསུམ་ཙམ་གྱི་རིང་ལ་དམུ་ལིའི་ཕྱི་སྣོད་དང་ནང་བཅུད་ཀྱི་བར་གསེང་དུ་སྦས་པའི་ཆོས་ལུགས་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། དུས་ཀྱི་འཕོ་འགྱུར། སྐད་ཀྱི་ཁྱད་པར་སོགས་ལག་མཐིལ་ནང་བླངས་པ་ལྟར་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་ཐབས་མེད་མོད། རི་མཐོན་པོ་དང་ཆུ་ཆེན་པོ། ནགས་རྒྱ་རྫོང་དང་རྩྭ་རྩི་ཤིང་མཇལ་བཞིན་མཐོང་ཚད་ལ་རྩད་འདྲི་དང་ཐོས་ཚད་ལ་བསམ་གཞིག་བྱས་པས་མ་ཚད། ལོ་རྒྱུས་ཀྱི་ཡིག་ཆ་ནང་འཚོལ་ཞིབ་བྱས་ཏེ་མཁས་པ་དང་རྩོམ་པ་པོ་རྣམས་ཀྱིས་མིག་ཟུར་དུ་དོར་བའི་ལོ་རྒྱུས་ཀྱི་རྒྱབ་གཟུགས་ཤིག་ཤོག་ངོས་སུ་ཕབ་པ་ནི། འདས་ཟིན་པས་རང་སེམས་གསོ་བའི་དོན་དུ་མིན་པར་ལོ་རྒྱུས་ཀྱི་རྒྱབ་གཟུགས་མག་མོག་ལས་མེས་པོ་ཚོ་ངོ་ཤེས་པ་དང་། རང་རྒྱུས་རང་གིས་ལོན་པའི་ཆེད་དུ་ལགས་པས། འདིའང་ངའི་ཀློག་པ་པོ་རྣམས་དང་དམུ་ལིའི་སྤུན་ཟླ་ཚོ་ལ་བཀའ་དྲིན་ཆེ་ཞུ་བའི་གངས་ལྷའི་མེ་ཏོག་ཆུན་པོ་ཞིག་ལ་འགྱུར་བར་སྨོན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1