ཉེ་ཆར་སྨན་གླིང་རྫོང་ཨུ་ཡོན་ལྷན་ཁང་དང་སྨན་གླིང་རྫོང་སྲིད་གཞུང་། ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་སྨན་གླིང་རྫོང་གི་ལས་དོན་ཚོ་ཆུང་སོགས་ལས་ཁུངས་དག་གིས་མཉམ་དུ་གཙོ་གཉེར་བྱས་པའི་“ཟོག་ཁྱེར་ཐད་གཏོང”ཞེས་པའི་བྱེད་སྒོ་དེ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་སྤེལ་ཞིང་། ཀོ་ཤ་དང་སྡོང་ཕུང་། བེ་ཤ་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཞོར་ཐོན་རྫས་དང་། ལྷོ་པ་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ས་ཁོངས་རིག་གནས་ཐོན་རྫས་སྣ་ཚོགས་མཚོ་གཟིགས་APPདང་མི་དམངས་བརྙན་འཕྲིན། ཐེང་ཞུན་གྱི་ལྟ་གནས་སོགས་ལས་སྟེགས་ཆེན་པོ་གསུམ་བརྒྱུད་དེ་དུས་གཅིག་ཏུ་འགྲེམ་སྟོན་བྱས་ནས། ངོ་མཚར་ཆེ་བའི་འོས་སྦྱོར་དང་མཉམ་འགུལ་ཁྲོད་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཁྱབ་གདལ་དུ་བཏང་བ་རེད།
“བོད་ཕག་གི་ཕག་ཉྭ་བསྙལ་མར་རིན་གོང་ཧ་ཅང་ཁེ་པོ་འདུག་པས་ལམ་སེང་ཉོ་བར་བྱ།” “ཞིམ་ཟས་ལ་ཧ་ཅང་དགའ་པོ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་སྨན་གླིང་དུ་ཁ་ལག་ཞིམ་པོ་བཟའ་བར་འགྲོ་དགོས།” “རི་ཆུས་བརྒྱན་པའི་སྨན་གླིང་། མེ་ཏོག་གིས་ཁེངས་པའི་སྨན་གླིང་དུ་མི་ཚེ་གཅིག་ལ་ངེས་པར་དུ་ཐེངས་གཅིག་འགྲོ་དགོས་འདུག” ཐད་གཏོང་ཁང་དུ་དྲ་གྲོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱས་པ་དང་བསྟུད་མར་ཁ་ཕྱེས་ནས་“དྲ་ཐོག་ཏུ་དངོས་པོ་ཉོ་བའི་མི་ཚོགས་ཀྱི”ཚ་རླབས་ཤིག་འཕྱུར་ནས། སྐབས་འགར་ཐོན་རྫས་“འཚོང་རྒྱུ་མེད་པར”གྱུར་ཞིང་། ཆུ་ཚོད་གཉིས་ཙམ་ལ་ཐད་གཏོང་བྱས་པ་དེས་དྲ་གྲོགས་ཁྲི་4ལྷག་ཙམ་གྱི་ཡིད་དབང་བཀུགས་ནས་ལྟད་མོ་བལྟ་བའམ་འདེམ་ཉོ་བྱས་པར་བཙོངས་འབོར་སྒོར་ཁྲི་303.14ཟིན་པ་རེད།
ཐེངས་འདིའི་ཟོག་ཁྱེར་ཐད་གཏོང་བྱེད་སྒོ་དེ་ངོ་མཚར་ཆེ་བའི་ཀོང་པོའི་བོད་ཀྱི་ཞབས་བྲོ་དང་ལྷན་དུ་འགོ་ཚུགས་ཤིང་། ཟོག་ཁྱེར་ཐད་གཏོང་གི་གཙོ་བཤད་མཁན་ནི་ཀྲུའུ་ཧའེ་དང་སྨན་གླིང་གི་ས་གནས་གཉིས་ཀྱི་ཆེད་ལས་མདོ་འཛིན་པ་དང་ལྷོ་པའི་རིག་གནས་རྒྱུན་འཛིན་པ་བཅས་ལས་གྲུབ་པ་ཞིག་ཡིན་ལ། གཙོ་བཤད་མཁན་4ཡི་ལུས་ལ་སྨན་གླིང་གི་ཀོང་པོའི་སྲོལ་རྒྱུན་བོད་ལྭ་དང་ལྷོ་པའི་གྱོན་ཆས་སྤྲས་ཏེ། རྒྱལ་ཡོངས་ཀྱི་དྲ་གྲོགས་ཚོར་སྨན་གླིང་རྫོང་གི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ནགས་ཁྲོད་ཐོན་རྫས། མགྲོན་ཁང་གི་འཛིན་ཤོག མཛེས་ལྗོངས་ཁུལ་གྱི་སྒོ་འཛིན། ཡུལ་སྐོར་གཟིགས་སྐྱོང་སྤ་སེ་བཅས་ཁྱོན་བསྡོམས་ཐོན་རྫས་སྣ་ཁ་19འཁྱེར་ཡོང་བ་རེད། ཐོན་རྫས་འགྲེམ་སྟོན་དང་ཚལ་རིགས་ཐོན་རྫས་ལ་ས་གནས་ས་ཐོག་གི་ལྟད་མོ་བས་བྲོ་བ་མྱོང་བ། ཁེ་ལས་ཀྱི་སྐུ་མགྲོན་གདན་འདྲེན་ཞུ་པ། ཕན་བདེའི་བྱ་དགའ་ལེན་པ། མི་རིགས་ཀྱི་གླུ་གར་རིག་གནས་འཁྲབ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྒྱ་ཆེའི་དྲ་གྲོགས་རྣམ་པར་མཉམ་འགུལ་ཡོད་པའི་དྲ་ཐོག་“ཉོ་ཚོང་”གི་རྣམ་པ་ཞིག་བཏོད་ཡོད། བྱེད་སྒོ་སྤེལ་རིང་ཚོགས་ར་ཡོངས་ཀྱི་ཐོན་རྫས་ཚང་མར་འདྲོག་འགོ་བསླངས་ཏེ་རྩོད་ཉོའི་རིན་གོང་ལྟར་རྒྱལ་ཡོངས་སུ་བསྐུར་གླ་མི་དགོས་པར་བསྐུར་རྒྱུ་ཡོད་པ་མ་ཟད། མི་དམངས་ཀྱི་བརྙན་འཕྲིན་དང་། མཚོ་གཟིགས་སྨྱན་སྦྱོར། ཐེང་ཞུན་གྱི་ལྟ་གནས་བཅས་ལས་སྟེགས་ཆེན་པོ་གསུམ་གྱི་ཐོག་ནས་དུས་ཐོག་གཅིག་ཏུ་ཐད་གཏོང་བྱེད་ཀྱིན་ཡོད་པ་རེད། དྲ་ཐོག་ནས་ཐད་གཏོང་བྱས་པའི་དུས་མཚངས་སུ་དྲ་འོག་ནས་ཀྱང་མངག་ཉོའི་མངག་ཐོ་བཞག་སྟེ་ཁེ་ལས་དང་སྨན་གླིང་རྫོང་གི་མཁོ་ཚོང་མཉམ་ལས་མཉམ་འབྲེལ་ཁང་དབར་འཛད་སྤྱོད་དབུལ་སྐྱོར་གྱི་གྲོས་མཐུན་བཞག་ནས་སྨན་གླིང་རྫོང་གི་ནགས་ཁྲོད་ཐོན་རྫས་དང་། ལག་ཤེས་བཟོ་རྩལ་ཐོན་རྫས། ཤ་བྱའི་ཐོན་རྫས་བཅས་འབོར་ཆེན་མངག་ཉོ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཐད་གཏོང་ནང་མི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་རིག་གནས་འགྲེམ་སྟོན་དང་སྲོལ་རྒྱུན་ཞབས་བྲོ་འཁྲབ་སྟོན། ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་ཕྱིར་འཚོང་། ཞིང་ལས་ཐོན་རྫས་ཕྱིར་འཚོང་། དྲ་འོག་གི་མངག་ཐོ་འབོར་ཆེན་མངག་ཉོ་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། ད་ཐེངས་ཀྱི་ཟོག་ཁྱེར་ཐད་གཏོང་བྱས་པ་དེས་ཀྱང་དབུལ་སྒྲོལ་འགག་སྒྲོལ་གྱི་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་མཉམ་འགུལ་དང་། ཀྲུང་དབྱང་རིམ་པའི་སྨྱན་སྦྱོར་དང་ས་གནས་སྨྱན་སྦྱོར་མཉམ་འགུལ། དྲ་ཐོག་དང་དྲ་འོག་མཉམ་འགུལ། རིག་གནས་ཡུལ་སྐོར་འོས་སྦྱོར། ཐོན་རྫས་ཕྱིར་འཚོང་མཉམ་འགུལ་བཅས་ཀྱི་ཟོག་ཁྱེར་ཐད་གཏོང་བྱེད་པའི་རྣམ་པ་གསར་པ་བཏོད་ཅིང་། ཕྱི་རོལ་དུ་རི་ཆུས་བརྒྱན་པའི་སྨན་གླིང་དང་མེ་ཏོག་གིས་ཁེངས་པའི་སྨན་གླིང་གི་མཛེས་སྡུག་ལྡན་པའི་སྣང་བརྙན་དང་། ཡུལ་ལྗོངས་ཀྱི་ཁྱད་ཐོན་དངོས་རྫས། སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་བཅས་ཕན་ནུས་ཆེན་པོའི་སྒོ་ནས་ཁྱབ་སྤེལ་བྱས་ཡོད།