ཨ་མདོ་ས་ཁུལ་མང་ཆེ་ཤོས་སུ་ལྔ་བའི་ཚེས་ལྔ་ཉིན་ལ་ལྔ་བའི་བ་གཞི་ཞེས་ཟེར་བཞིན་ཡོད། ཡང་ན་སངས་རྒྱས་སྨན་ལྷའི་དུས་ཆེན་ཡང་ཟེར། ཉིན་དེའི་ཆུ་ནི་སངས་རྒྱས་སྟོན་པའི་གནང་བའི་སྨན་ཆུ་ཡིན་པ་དང་ཉིན་དེའི་རྩྭ་རྩི་ཤིང་ནི་སྟོན་པའི་གནང་བའི་སྨན་རྩྭ་ཡིན་ཞེས་ཟེར་སྲོལ་ཡོད་པས། ཉིན་དེའི་ཞོགས་པར་སྐྱ་རེངས་གསལ་མ་གསལ་ལ་མི་རྣམས་ཆུ་མིག་འགྲམ་དུ་ཆུ་ལེན་པར་འགྲོ་བ། ཆུ་བཏུང་བ། ལུས་བཀྲུ་པ(ཁ་ལག་བཀྲུ་བ)། སྤང་ཐང་དུ་མེ་ཏོག་འཐུ་བར་འགྲོ་བ་དང་སྡོང་བོའི་ཡལ་ག་སོགས་སྒོ་འགོར་འཇོག་པའི་བྱེད་སྒོ་སྤེལ་བ་རེད།