༄༅།། དོན་དུ་ཐ་མག་གིས་ང་ཚོ་འཐེན་པ་འདྲ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 07-27


    ང་རང་བསམ་ཤེས་པ་ནས་བཟུང་ཐ་མག་གི་སྒམ་ཆུང་ཐོག་གི་ཡིག་འབྲུ་དེ་དག་ལ་ཡ་མཚན་ཆེན་པོ་སྐྱེས་པ་དང་། ཚོང་ཟོག་གཞན་དང་རྩ་བ་ནས་མི་མཐུན་པའི་ཡིག་འབྲུ་དེ་ཚོས་ངའི་ཡིད་ངོར་བསུབ་ཐབས་མེད་པའི་བག་ཆགས་ཟབ་མོ་བཞག་བྱུང་། གང་ཡིན་ཟེར་ན་ད་ཡོད་ཁྲོམ་རར་ཡོད་པའི་ཟས་རིཌ་ཅི་ཞིག་ཡིན་ན་ཡང་། དེར་དགེ་མཚན་མང་པོ་ཡོད་ལུགས་དང་། དེ་དག་གིས་ང་ཚོའི་འཚོ་བར་ཕན་ཐོགས་ཆེ་ལུགས་ཁོ་ན་བརྗོད་ནས། འཛད་སྤྱོད་པའི་བློ་ཁ་འགུཌ་པར་འབད་བརྩོན་ཆེན་པོ་བྱེད་ཀྱི་འདུག
    འོན་ཀྱང་ཐ་མག་གི་སྒམ་ཆུང་སྟེང་དུ་རྒྱ་ཡིག་གི་ཐོག་ནས། ཐ་མག་འཐེན་ན་གཟུགས་གཞི་བདེ་ཐང་ལ་གནོད་ཅེས་བྲིས་ནས། ཡག་ཤོས་བྱུང་ན་ཉོ་མི་རུང་བའི་བརྡ་བཏང་བ་འདྲ་ཡང་། དོན་དུ་མི་རྣམས་ལ་ཕན་ཐོགས་ཡོད་པས་ཉོས་ཟེར་བ་ལས་ཀྱང་ལྷག་པར། ཐ་མག་བྲིན་ཁ་རྒྱུགས་ཤིང་ཐ་མག་གི་དབྱིངས་སུ་ཚུད་པའི་མི་རེ་འགས། ལྟོ་བཟས་ན་ཡང་གལ་ཏེ་ཐ་མག་འཐེན་རྒྱུ་མེད་ན་གྲོད་པ་རྒྱགས་ཀྱི་མི་འདུག་ཟེར་བ་དང་། ཐ་མག་མེད་ན་འདུག་མི་ཐུབ་པར་ལས་ཀ་བློས་གཏོང་གིས་གང་སར་ཉོ་བར་འགྲོ་བའི་སྐོར་ཡང་མང་པོ་གོ་རྒྱུ་འདུག་པས། ཐ་མག་འཐེན་པའི་ངན་ལངས་ཤོར་ན་གཅོད་ཐབས་དཀའ་བར་བརྟེན། ཐ་མག་དང་ཨ་རག་གི་ཚོང་ཟོག་བྲིན་ཁ་རྒྱུགས་པོ་བྱུང་བ་འདྲ།
    ཐ་མག་གི་སྒམ་ཆུང་ངོས་སུ་གཟུགས་གཞི་བདེ་ཐང་ལ་གནོད་པའི་གསལ་བཤད་ཐད་ཀར་བྱས་ཡོད་པ་དང་། འཕྲོད་བསྟེན་བདེ་ཐང་སྐོར་གྱི་གཏམ་བཤད་དང་། གསར་འགྱུར། རྩོམ་ཡིག་སོགས་མང་པོ་འདུག་ལ། ད་ལྟ་སྨན་པ་མཁས་པ་ཀྲུང་ནན་ཧྲན་གཙོ་བྱས་པའི་ལྷ་རྗེ་མང་པོས་ཀྱང་། ཐ་མག་ནི་ནད་རིགས་ཀྱི་འབྱུང་རྩ་ལྟ་བུ་ཞིག་རེད་ཅེས་ཡུན་རིང་ཞིབ་འཇུག་བྱས་པའི་འབྲས་བུ་བཏོན་ཡོད།
    ང་ཚོའི་རིག་གནས་དད་མོས་ཀྱི་ཁྲོད་དུ་ཐ་མག་གིས་གཟུགས་གཞི་བདེ་ཐང་ལ་གནོད་པ་མ་ཟད། མཆོད་མཇལ་དང་ཕྱག་དབང་སོགས་ག་ཚོད་ཞུས་ཀྱང་ཐ་མག་འཐེན་གྱི་ཡོད་ན་བྱིན་རླབས་འཇུག་མི་ཐུབ་པའི་གསལ་འགྲེལ་བྱས་ཏེ། ད་བར་ཐ་མག་ལ་ཁས་ལེན་རྩ་བ་ནས་བྱེད་ཀྱི་མེད་ཀྱང་། དོན་དངོས་འཚོ་བའི་ཁྲོད་དུ་ང་ཚོས་ཐ་མག་འཐེན་པའི་སྣང་ཚུལ་ནི་མི་རིགས་གཞན་ལས་ཞན་པ་མེད།
    རང་རྒྱལ་གྱི་འཕེལ་རྒྱས་མགྱོགས་པའི་གྲོང་ཁྱེར་མང་པོར་མཚོན་ན། མི་ཚོགས་འདུ་འཛོམས་བྱེད་ཡུལ་དུ་ཚང་མས་ཐ་མག་འཐེན་པར་འཚེར་སྣང་བྱེད་པའི་རང་འགུལ་གྱི་རྣམ་པ་བཟང་པོ་ཆགས་བཞིན་ཡོད་མོད། ང་ཚོའི་ཟ་ཁང་དང་། གཞུང་ལས་ཁང་། རོལ་རྩེད་ཁང་། སྨན་ཁང་། སློབ་གྲྭ དངུལ་ཁང་སོགས་གང་སར། གཞན་སུ་ལའང་སྣང་མེད་དུ་འགྲམ་པ་ཀྱོག་ཀྱོག་བྱས་ཏེ། ཐ་མག་འཐེན་པའི་སྣང་ཚུལ་ད་དུང་རྒྱ་ཁྱབ་ཏུ་ཡོད་པ་མ་ཟད། ཕ་མ་བུ་ཕྲུག་འཛོམས་པའི་ཁྱིམ་ཚང་དུ་ཡང་ཇི་མི་སྙམ་པར་ཐ་མག་འཐེན་མཁན་མང་།
    ད་ཆ་ཐ་མག་ལ་གནོད་འཚེ་ག་ཚོད་ཡོད་མེད་ནི་ང་ཚོས་འཕྲིན་ཕྲན་དང་། གསར་འཕྲིན། བརྙན་ཐུང་། རྩོམ་ཐུང་དང་པར་རིས་སོགས་ཀྱི་ཐོག་ནས་ཤེས་ཐུབ་པས། ང་ལྟ་བུ་ཞིག་གིས་འགྲེལ་བཤད་བྱེད་དགོས་དོན་མི་འདུག
    གལ་ཏེ་སྙིང་ལ་རུས་པ་ཡོད་ཅིང་སེམས་སུ་ལྷག་བསམ་ཡོད་ན། གལ་ཏེ་དོན་ལ་དཔྱོད་ཤེས་ལྡན་ཞིང་རྒྱུད་ལ་རྣམ་དཔྱོད་ཡོད་ན། ཐ་མག་ནི་གནོད་ལྡན་གྱི་དྲི་ཟས་ཤིག་ཡིན་ཞིང་དེས། རང་ལུས་བསྲེགས་པ་ཇི་བཞིན་དུ་མི་ལུས་ཀྱི་ཚེ་སྲོག་རྟ་རྔ་ཕྲ་མོར་ཡང་བཙན་འཛུལ་བྱེད་བཞིན་པ་ལེགས་པར་རྟོགས་ཏེ། རང་གཞན་གཉིས་ཀྱི་ཚེ་སྲོག་གི་གཤེད་མར་གྱུར་པའི་འཇབ་རྙི་འདྲ་བའི་དགྲ་བོ་འདི་དང་རིང་དུ་གྱེས་དགོས།
    ཐ་མག་གཅོད་དང་། ཕ་མ་རྒན་འཁོགས་ལ་སྲི་ཞུ་དེ་ཡིས་མཚོན་ཐུབ་ལ། བུ་ཕྲུག་ཆུང་ངུ་ལ་མིག་བལྟོས་དེ་རང་ལེགས་ཤིང་། ནང་མིའི་བདེ་ཐང་ལ་དེ་ཡིས་ཕན་ཐོགས་ཆེ། ལས་རོགས་གཞོན་ནུ་ལ་མིག་དཔེ་དེ་ཡིས་བསྟན་ཐུབ་ལ། གཞན་ཕན་དགེ་བའི་ཕན་ཐོགས་ཀྱང་དེ་རང་ཆེ་བ་ཡོད།
    དེར་བརྟེན། དེ་རིང་ནས་བཟུང་། ད་ནས་བཟུང་། ཐ་མག་གཅོད་དང་། གལ་ཏེ་གཅོད་དུ་མ་ཐུབ་ན། མི་ཚོགས་འདུ་འཛོམས་དང་ནང་མི་མཉམ་འཛོམས་ཀྱི་སྐབས་སུ་རང་ཉིད་ཙམ་མ་ཟད་མཐའ་འཁོར་གྱི་མི་གཞན་ཚང་མའི་ཆེད་དུ་ཐ་མག་རྐང་གཅིག་ཚོད་འཛིན་གནང་དང་། མཆོད་མེ་ཀོང་གང་ལས་ལྷག་པར་སེམས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1