སྙན་ཚིག་སྣང་སྟོང་སྒྱུ་མའི་ཤུགས་གླུ།
སོག་སྨྱུག རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-27
བདེ་སྟོང་གར་བསྒྱུར་ལྷ་མོའི་འཛུམ་བག་ལ་དགྱེས་ནས། །
བྱུང་བའི་གཞས་ཆུང་སྙན་པའི་དབྱངས་རྟ་རུ་བཀུག་ཅིང་། །
ཀུན་རྫོབ་སྒྱུ་མའི་བག་ཆགས་མུན་ནག་དང་འདྲེས་ནས། །
རང་རིག་སེམས་ཀྱི་མཁའ་མཐའ་མག་མོག་གི་སྲིད་པ། །
སྣང་ལ་མ་ངེས་མདང་གསུམ་རྨི་ལམ་གྱི་ཞིང་ནས། །
རྟོག་འགྱུ་སྐར་མདའི་བར་གྱི་ཐབས་ཆག་གི་འཚོ་བ། །
སྒྲོ་བཏགས་འཁོར་བའི་མེ་ལོང་བདེན་གྲུབ་ཏུ་ཞེན་ནས། །
བསམ་གཞིག་དོགས་གཅོད་སྒོ་མོ་རྣོ་ངར་གྱི་རལ་གྲི། །
འཁོར་བའི་བདེ་བ་འཚོལ་བའི་རྣམ་རྟོག་གི་འཕུར་རྩལ། །
རེ་འབྲས་ས་ལ་གཏོར་བའི་བྲན་གཡོག་གི་འདི་ཤེས། །
བདག་གི་འཁོར་བའི་རྨི་ལམ་མང་མང་ཞིག་བསམ་ཕྱིར། །
གྲངས་ལས་འདས་པའི་རེ་བ་རི་བོ་བཞིན་བརྟན་ཡོད། །
རང་ཉིད་བདེ་ལ་དགའ་བའི་བདག་འཛིན་གྱིས་དེད་ནས། །
སྲིད་པའི་ཕུན་ཚོགས་འབྱོར་འདོད་ཡིད་ཆགས་ཀྱི་སྒོ་མོ། །
ཧམ་སེམས་གདོང་ལ་གདོན་གྱི་གཡབ་མོ་ཞིག་ཐེབས་ནས། །
འཁོར་བའི་དབྱར་དུས་སྡོང་ལོ་སྟོན་རླུང་གིས་ཁུར་སོང་། །
ཟླ་བ་གཉིས་སྣང་འཛིན་པའི་འཁྲུལ་ཤེས་རང་ཚད་མིན། །
དོན་གྱི་གཞག་བྱ་འཇོག་བྱེད་ཆོས་ཉིད་འདིའི་སྟོང་ལུགས། །
རང་རིག་སེམས་ཀྱི་འཆར་སྣང་འབའ་ཞིག་ལས་མེད་པའི། །
གཟུང་འཛིན་གང་ལ་བརྡར་ཀྱང་བདེན་པ་ཞིག་མ་མཆིས། །
ང་དང་ང་ཡིར་མཆོག་འཛིན་རྒྱུ་འབྲས་གཤིས་ཆགས་པའི། །
རྒྱལ་ཕམ་གཡུལ་ལས་རྒྱལ་འདོད་འཁོར་བ་འདིའི་ཆོས་ཉིད། །
འཚོ་ཕྱིར་དམིགས་པའི་ཡུལ་དེར་མདའ་མོ་ཞིག་འཕེན་པའི། །
དྭངས་གསལ་འཁོར་བའི་མཚོ་མོ་ལན་གསུམ་དུ་འགུལ་བྱུང་། །
དོགས་པའི་གཡང་སར་ལྷུང་བའི་དུས་གསུམ་གྱི་བྱ་བཞག།
འབད་པ་དོན་མེད་འཁོར་བའི་རྙེད་པ་ཞིག་འཚོལ་འདོད། །
གང་ཞིག་སྒྱུ་མའི་བཟོས་པའི་འགྲུལ་བཞུད་ཀྱང་རྫོགས་པའི། །
གཉུག་མའི་གཤིས་ལ་སྙིང་པོ་ཡོད་མེད་འདི་མ་རྟོགས། །
འཇིག་རྟེན་ཚ་གདུང་གྲང་བའི་དུས་སྐབས་ཞིག་ཐོན་ཡང་། །
རི་ཆུ་བརྒྱ་སྟོང་བགྲོད་འདོད་ངལ་བའི་ཚོགས་གཏོར་ནས། །
ཀུན་ཀྱང་རང་རང་མོས་པའི་དམིགས་ཡུལ་ཞིག་འགྲུབ་ཕྱིར། །
འཁོར་བའི་སྐྱེ་འགྲོ་ཚོགས་རྣམས་རླུང་གཟེབ་ཀྱི་སྒྲོན་མེ། །
ཉོན་མོངས་བྲན་དུ་འཁོད་པའི་རང་གཟུགས་ལ་བལྟས་ནས། །
ངན་སེམས་ཆུ་བོ་རབ་མེད་བཞུར་མཚངས་ཤིག་མ་བཞག །
དགྲ་གཉེན་ཕྱོགས་སུ་འཛིན་པའི་རང་སེམས་ལ་བལྟས་ན། །
སོ་སྐྱེས་རྣལ་མ་ཞིག་གི་གཤིས་ལུགས་སུ་ཆགས་འདུག །
ལོ་ཟླའི་འཁོར་བསྐྱོད་ཅིག་གི་རྒས་ཉམས་ལ་བསམ་བཞིན། །
བསམ་གཞིག་སྒོ་མོ་འབྱེད་པའི་བློ་གསལ་ལ་དགྱེས་ནས། །
ཀུན་རྫོབ་ལམ་ཞིག་འཚོལ་ནས་དོན་དམ་ལ་དམིགས་ཡོད། །
འཁྲུལ་སྣང་མུན་པའི་ཁམས་ལ་ཤེས་རབ་ཅིག་སྩོལ་ཤོག །
ཡིད་ཀྱི་འགྱུ་བ་ནམ་མཁའི་སྤྲིན་དཀར་དང་འདྲེས་ནས། །
སྣང་བའི་མེ་ཏོག་བརྩེ་བའི་གཤོག་རྩེ་རུ་བཏགས་ཡོད། །
དབྱར་ཟླ་དྲུག་པའི་མཚན་ལྗོངས་ལྷ་ཚོགས་ལ་ཕུལ་ནས། །
སེམས་ཀྱི་ཕྱི་ནང་བརླན་པའི་ཆར་བ་ཞིག་བབས་སོང་། །
ལང་ཚོ་ཕྱི་མཛེས་ནང་མཛེས་པད་དཀར་ལ་འགྲན་མྱོང་། །
རྣམ་རྟོག་པིར་དང་འགྲོགས་ནས་མི་ཚེ་ཕྱེད་རྫོགས་སོང་། །
བདག་སེམས་གང་ལ་ཕྱོགས་ནས་བདེན་པ་ཞིག་རྙེད་ན། །
སྣང་བའི་རས་ཡོལ་རླུང་བས་གང་སར་དུ་གཡུགས་ཤོག །