འདི་འདྲའི་གནས་ཚུལ་འོག་ཏུ་སླར་གསོའི་འགྲོ་སོང་སུ་ཡིས་འགན་འཁུར་དགོས་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-27
གྱོད་དཔེ།
ཚེ་རིང་ཚང་ནི་གཞིས་ཁུལ་ག་གེ་མོ་ཞིག་གི་ཉིས་ཐོག་ཏུ་བསྡད་ཡོད་པ་དང་། ཁོ་ཚང་གི་ཐོག་རྩེག་གོང་མར་བསྡད་ཡོད་པའི་ཁྱིམ་ཚང་དེ་གའི་སྤྱོད་ཁང་གི་བཙོག་འབུད་སྦུ་གུར་ཆག་སྐྱོན་བྱུང་ཞིང་། རྒྱུ་མཚན་སྦུ་གུ་དེ་ནི་གྱང་བར་དུ་སྦས་ཡོད་པས་སྡེ་ལས་སྤྱི་གཉེར་ཁང་གིས་ཚེ་རིང་ཚང་གི་བཙོག་འབུད་སྦུག་ལམ་ཕྱི་རོལ་གྱི་གྱང་དེ་བཤིག། ད་ལྟ་ཁོས་སྡེ་ལས་སྤྱི་གཉེར་ཁང་ལ་གྱང་སླར་གསོ་བྱ་དགོས་པའི་རེ་བ་བཏོན་ཡང་། སྡེ་ལས་སྤྱི་གཉེར་ཁང་གིས་ཚེ་རིང་ལ་དེ་སླར་གསོ་བྱས་པའི་འགྲོ་སོང་ཁྱོད་ཚང་གིས་འཁུར་དགོས་ཞེས་བཤད། ཚེ་རིང་གིས་བཙོག་འབུད་སྦུ་གུ་དེ་ནི་ཐོག་རྩེག་དེར་བསྡད་ཡོད་པའི་ཁྱིམ་ཚང་30ལྷག་གིས་སྤྱོད་བཞིན་ཡོད་པས། སླར་གསོ་བྱས་པའི་འགྲོ་སོང་ནི་ཁོ་གཅིག་པུས་འཁུར་ན་འདྲ་མཉམ་མིན་པར་བསམས། དེས་ན་དོན་ངོ་མར་སླར་གསོ་བྱས་པའི་འགྲོ་སོང་དེ་སུས་འཁུར་དགོས་སམ། །
ཕྲན་དཔྱད།
རང་རྒྱལ་གྱི《 དངོས་པོའི་བདག་དབང་བཅའ་ཁྲིམས།》ཀྱི་གཏན་འཁེལ་ལྟར་ན། “ཁང་བདག་ལ་རང་གི་བཟོ་སྐྲུན་དངོས་པོའི་ཆེད་གཏོགས་ཆ་ཤས་དེར་བདག་བཟུང་དང་། བེད་སྤྱོད། ཁེ་ཕན་རེག་པ། ཐག་གཅོད་བཅས་བྱེད་པའི་ཁེ་དབང་ཡོད་པ་དང་། ཆེད་གཏོགས་འཛུགས་སྐྲུན་དངོས་པོ་མ་ཡིན་པའི་སྤྱིའི་རིགས་སུ་གཏོགས་པའི་ཆ་ཤས་དེར་ཁེ་དབང་ལོངས་སྤྱོད་དང་འོས་འགན་འཁུར་བའི་འགན་འཁྲི་ཡོད”ཅེས་བཀོད་ཡོད།
ཚེ་རིང་ཚང་གི་ཐོག་རྩེག་གོང་མའི་ཁྱིམ་ཚང་གི་བཙོག་འབུད་སྦུ་གུ་ལ་ཆག་སྐྱོན་བྱུང་ནས་སླར་གསོ་བྱ་ཆེད། སྡེ་ལས་སྤྱི་གཉེར་ཁང་གིས་ཁྱེད་ཚང་གི་གྱང་ངོས་བཤིག་པ་དང་། བཙོག་འབུད་སྦུག་ལམ་ལ་ཆག་སྐྱོན་བྱུང་བའི་རྒྱུ་དང་རྐྱེན་གང་ཡིན་རུང་། གྱང་ངོས་ནི་འཛུགས་སྐྲུན་དངོས་པོའི་ཐུན་མོང་དང་སྒེར་གྱི་ཆ་ཤས་གང་དུ་གཏོགས་ཀྱང་། གྱང་ངོས་བཤིག་པ་ནི་ཁྱེད་ཀྱི་ནོར་འཁྲུལ་ལས་བྱུང་བ་མིན་པས། སླར་གསོའི་འགྲོ་སོང་ཚང་མ་ཁྱེད་ཀྱིས་འགན་འཁུར་མི་དགོས། སླར་གསོའི་འགྲོ་སོང་དེ་སུས་འགན་འཁུར་དགོས་པ་ནི་བཙོག་འབུད་སྦུག་ལམ་གྱི་ངོ་བོའི་སྟེང་ནས་བརྡར་ཤ་བཅད་དེ་གསལ་པོ་བྱ་དགོས། །
དམངས་དོན་ཞུ་གཏུག་གི་བརྒྱུད་རིམ།
1.ཞུ་གཏུག་ཡི་གེ་སྤྲོད་པ།
2.ཁྲིམས་ཁང་གིས་ཞིབ་བཤེར་བརྒྱུད་དེ་གྱོད་དོན་ཐོ་བཀོད་རྗེས་གཏུག་ཡིག་གི་བུ་ཡིག་གཏུག་ཡུལ་ལ་སྤྲོད་པ།
3.གཏུག་ཡུལ་གྱིས་ཉིན་15ནང་བཤེར་རྩོད་ཡི་གེ་སྤྲད་དགོས་ལ། ཁྲིམས་ཁང་གིས་ཉིན་5ཡི་ནང་བཤེར་རྩོད་ཡི་གེའི་བུ་ཡིག་གཏུག་མཁན་ལ་སྤྲད་དགོས་པ་དང་། གལ་ཏེ་གཏུག་ཡུལ་གྱིས་བཤེར་རྩོད་ཡི་གེ་མ་སྤྲད་ཀྱང་ཁྲིམས་རའི་འདྲི་གཅོད་ལ་ཤུགས་རྐྱེན་ཐེབས་མི་སྲིད།
4.ཁྲིམས་རར་ཚོགས་ཏེ་འདྲི་གཅོད་བྱེད་པར་ཐག་བཅད་པའི་གྱོད་དོན་ནི། ཁྲིམས་ཁང་གིས་ཉིན་3གྱི་སྔོན་དུ་དོ་བདག་པར་བརྡ་གཏང་དགོས་པར་མ་ཟད་སྤྱི་སྒྲོག་ཀྱང་སྤེལ་དགོས།
5.ཁྲིམས་རའི་བརྟག་དཔྱད་དུས་རིམ་ལ་དབྱེ་ན་ནང་གསེས་སུ། དོ་བདག་པའི་ཞུ་ཚིག །དཔང་མིར་ཁེ་དབང་དང་འོས་འགན་ཤེས་སུ་འཇོག་པ། དཔང་མིས་བདེན་དཔང་བྱེད་པ། ཁྲིམས་རར་མ་ཐོན་པའི་དཔང་མིའི་དཔང་ཚིག་སྒྲོག་འདོན་བྱེད་པ། ཡིག་དཔང་དང་དངོས་དཔང་སྒྲ་གཟུགས་ཀྱི་དཔྱད་གཞི་བཅས་འདོན་སྤྲོད་བྱེད་པ། གསལ་འབྱེད་མཇུག་འབྲས་དང་སྐོར་ཞིབ་ཟིན་ཐོ་སྒྲོག་འདོན་བྱེད་པ།
6.ཁྲིམས་རའི་བཤེར་རྩོད་ལ་དབྱེ་ན་ནང་གསེས་སུ། གཏུག་མཁན་ལས་གཞན་ཞུ་གཏུག་ལས་ཚབ་པས་སྐད་ཆ་བཤད་པ། གཏུག་ཡུལ་ལས་གཞན་ཞུ་གཏུག་ལས་ཚབ་པས་རྩོད་ལན་འདེབས་པ། མི་གསུམ་པ་ལས་གཞན་ཞུ་གཏུག་ལས་ཚབ་པས་སྐད་ཆ་བཤད་པའམ་ཡང་ན་བཤེར་རྩོད་བརྒྱག་པ། ཕན་ཚུན་བཤེར་རྩོད་བྱེད་པ། ཁྲིམས་རའི་བཤེར་རྩོད་མཇུག་བསྒྲིལ་རྗེས། འདྲི་གཅོད་དཔོན་གྱིས་གཏུག་མཁན་དང་གཏུག་ཡུལ། མི་གསུམ་པ་བཅས་ཀྱི་སྔ་གཞུག་གི་གོ་རིམ་ལྟར་ཆེས་མཐའ་མཇུག་གི་བསམ་འཆར་བསྡུ་ལེན་བྱ་དགོས།
7. ཁྲིམས་རའི་བཤེར་རྩོད་མཇུག་བསྒྲིལ་རྗེས། ཁྲིམས་ལྟར་ཁྲིམས་བཅད་གཏང་དགོས། ཁྲིམས་བཅད་མ་བཏང་སྔོན་དུ་འདུམ་འགྲིག་བྱ་ཐུབ་ཚེ་འདུམ་འགྲིག་བྱས་ཆོག་ལ། འདུམ་འགྲིག་བྱ་མི་ཐུབ་ཚེ་དུས་ལྟར་ཁྲིམས་བཅད་གཏང་དགོས།
8.ཁྲིམས་བཅད་བྱས་པ་ཡོངས་བསྒྲགས་བྱེད་པ།
དམངས་དོན་གྱོད་དོན་གྱི་འདྲི་གཅོད་དུས་ཚོད།
རང་རྒྱལ་གྱི《 དམངས་དོན་ཞུ་གཏུག་བཅའ་ཁྲིམས།》ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། མི་དམངས་ཁྲིམས་ཁང་གིས་སྤྱིར་བཏང་གི་གོ་རིམ་སྤྱད་དེ་འདྲི་གཅོད་དང་པོའི་དམངས་དོན་གྱོད་གཞིའི་འདྲི་གཅོད་བྱེད་ཡུན་ནི་ཟླ་6ཡིན་ཞིང་། དམིགས་བསལ་གནས་ཚུལ་ཡོད་དེ་དུས་ཚོད་ཕྱིར་འགྱངས་བྱ་དགོས་ཚེ། ཁྲིམས་ཁང་དེའི་ཡོན་ཀྲང་གི་ཆོག་མཆན་ཐོབ་དགོས་ལ། ཟླ་6ལ་ཕྱིར་འགྱངས་བྱས་ཆོག །ད་རུང་དུས་ཚོད་ཕྱིར་འགྱངས་བྱ་དགོས་ཚེ། རིམ་པ་གོང་མའི་ཁྲིམས་ཁང་ལ་སྙན་ཞུ་ཕུལ་ཏེ་ཆོག་མཆན་ཐོབ་དགོས། སྟབས་བདེའི་གོ་རིམ་སྤྱད་དེ་འདྲི་གཅོད་བྱས་པའི་གྱོད་དོན་གྱི་འདྲི་གཅོད་བྱེད་ཡུན་ནི་ཟླ་3ཡིན་ལ་དུས་ཚོད་ཕྱིར་འགྱངས་བྱས་མི་ཆོག །གལ་ཏེ་ཟླ་3ནང་འདྲི་གཅོད་མཇུག་བསྒྲིལ་མི་ཐུབ་ཚེ། དེ་ནི་སྤྱིར་བཏང་གོ་རིམ་དུ་བརྗེས་ཏེ་མུ་མཐུད་དུ་འདྲི་གཅོད་བྱ་དགོས།
གལ་ཏེ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཁྲོད་རྨས་སྐྱོན་ཕོག་པ་ཡིན་ན། དབང་པོ་གནོད་མཁན་གྱིས་གཏན་ནས་སྐྱིན་ཚབ་གཞལ་འགན་ཅི་ཡང་མི་འཁུར་ཚེ། རང་ཉིད་ཀྱིས་ཐེངས་མང་པོར་ཕ་རོལ་ལ་གྲོས་མོལ་བྱས་ཀྱང་འགན་ཅི་ཡང་མི་འཁུར་བའི་གནས་ཚུལ་འོག་ཏུ། ཁེ་དབང་ལ་གནོད་འཚེ་བཏང་བའི་དཔང་རྟགས་དང་གཞན་པའི་དཔང་རྟགས་རྒྱུ་ཆ་མྱུར་དུ་འཚོལ་སྡུད་བྱས་རྗེས་ཞུ་གཏུག་བྱ་དགོས། དངོས་གནས་ཞུ་གཏུག་དུས་ཡུན་བརྒལ་བ་ཡིན་ན་དབང་གནོད་ཐེབས་ཡུལ་ལ་མི་ཕན། །
(ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར།)