སྤྱི་ཟླ་6པའི་ཚེས་15ཉིན་རྔ་བ་རྫོང་ནས་ཁྱུང་མཆུ་རྫོང་དུ་ཕྱིན་ཤིང་། རྫོང་མཁར་གཉིས་ཀྱི་བར་ཐག་ལ་སྤྱི་ལེ་བརྒྱ་ལྷག་ལས་མི་འདུག །གཞུང་ལམ་གྱི་འགྲམ་ངོགས་ཡོངས་སུ་སྔོ་ལྗང་རྩྭ་ཐང་གིས་ཁེངས་ཤིང་། མེ་ཏོག་སྣ་ཚོགས་ཀྱིས་གཡུ་མདོག་གི་རྩྭ་ཐང་རྒྱན་ཞིང་ནོར་ལུག་གིས་ཕྲ་བཏབ་པ་ལྟར་སྣང་། ནོར་ལུག་ཤིན་ཏུ་མང་པས་འོ་མ་དང་མར། འཕྱུར་བ། ཤ་སོགས་འབྲི་གཡག་གི་ཐོན་རྫས་གྱ་ནོམ་པ་ཞིག་ཡོད་པ་དཔག་སླ་ཞིང་། སྔོན་ནས་ཁྱུང་མཆུའི་འོ་ཕྱེ་སོགས་ཀྱི་མིང་གྲགས་རགས་རིམ་ཙམ་གོ་ཐོས་བྱུང་མྱོང་། དེ་ནས་ཁྱུང་མཆུ་རྫོང་མཁར་དུ་སླེབས་རྗེས་ལོ་རྒྱུས་ཡུན་རིང་ལྡན་པའི་ཁྱུང་མཆུའི་འོ་ཕྱེ་བཟོ་གྲྭ་རུ་ལྟ་སྐོར་ཕྱིན་པ་ཡིན།
སྣེ་ཤན་པའི་ངོ་སྤྲོད་འོག་ཁྱུང་མཆུའི་འོ་ཕྱེ་བཟོ་གྲྭའི་ཐོན་སྐྱེད་བྱ་ཡུལ་དང་འགྲེམ་སྟོན་ཁང་སོགས་ལ་རིམ་བཞིན་ལྟར་སྐོར་བྱས་པས། འོ་ཕྱེ་ལས་སྣོན་གྱི་འཕྲུལ་ཆ་ནི་ཡོབ་གླིང་སོགས་ནས་ནང་འདྲེན་བྱས་ཤིང་། རྒྱལ་ཕྱི་ནང་གི་ཆེད་མཁས་པ་གང་མང་ཡུལ་དངོས་སུ་ཕེབས་ནས་ཆེད་དུ་མཐོ་སྒང་གི་ས་ཁམས་ལ་འཚམས་པའི་འཕྲུལ་ཆས་ཞིབ་འཇུག་དང་གསར་གཏོད་བྱས་པ་མ་ཟད། འབྲོག་ས་ནས་འོ་མ་སྡུད་ཉོ་བྱེད་པ་ནས་བཟོ་གྲྭ་རུ་ལས་སྣོན་བྱེད་པ། དེ་བཞིན་ཁྲོམ་ར་རུ་འགྲེམས་ཚོང་བྱེད་པའི་བར་གྱི་ལྷུ་ལག་རྣམས་མཐུས་སྒོ་ཚང་ཞིང་། དེང་རབས་ཀྱི་བཟོ་གྲྭའི་དོ་དམ་མ་ལག་དང་ཡོངས་སུ་མཐུན་ལ། མཐོ་སྒང་གི་དྭངས་གཙང་རྩྭ་ཆུ་དང་རང་བྱུང་གི་སྨན་རྩྭ་མཐའ་དག་གཟན་དུ་བསྟེན་བའི་ཐུལ་དཀར་འབྲི་མོའི་འོ་མའི་སྤུས་ཀ་ལ་ཆེ་བརྗོད་དང་འུད་སྒྲོག་གང་ཡང་མི་དགོས་པར་ཀུན་གྱིས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།
བཟོ་གྲྭའི་འགན་འཛིན་པ་ཕུན་ཚོགས་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། འོ་ཕྱེ་བཟོ་གྲྭ་དེ་ནི་སྐྱེས་ཆེན་དམ་པ་ཨ་ལགས་གུང་ཐང་སྐུ་ཕྲེང་དྲུག་པས་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུ་དང་དགོན་པ་གྲྭ་ཚང་། དེ་མིན་མི་རིགས་ཀྱི་ཐོན་རྫས་འཛམ་བུ་གླིང་ལ་འགྲེམ་པའི་ཆེད་དུ། སྤྱི་ལོ་1956ལོར་མཐོ་སྒང་ཁྱུང་མཆུའི་ས་ཆ་རུ་གསར་དུ་བཙུགས། དེང་དུས་སུ་ལོ་གཅིག་གི་རིང་ལ་འབྲོག་པ་མང་ཚོགས་ཀྱི་ལག་ནས་འོ་མ་ཏུན་བརྒྱད་སྟོང་ནས་དགུ་སྟོང་བར་སྡུད་ཉོ་བྱེད་བཞིན་ཡོད་ལ། དེ་ལས་འོ་ཕྱེ་ཏུན་ཆིག་སྟོང་ཡས་མས་དང་ཐོན་རྫས་གཞན་པ་མར་དང་འཕྱུར་བ་སོགས་ཏུན་བརྒྱ་ཕྲག་ཁ་ཤས་ཐོན་སྐྱེད་བྱེད་བཞིན་འདུག །དབྱར་ཀ་འོ་མ་ལེན་པའི་སྐབས་སུ་བཟོ་ལས་པ་མི་ལྔ་བརྒྱ་ལྷག་དང་། རྒྱུན་དུ་བཟོ་ལས་པ་མི་ཉིས་བརྒྱ་དང་སུམ་བརྒྱ་ཡས་མས་ཡོད་པ་རེད། བགྲང་བྱ་60ལྷག་གི་ཡར་སྔོན་ནས་ཨ་ལགས་གུང་ཐང་ཚང་གིས་མཐོ་སྒང་ནོར་ནག་གི་ཐོན་རྫས་སུ་ནོར་ནག་གི་འོ་མ་ལས་ཕྱི་ནས་ཡོང་བའི་རྫས་སྦྱོར་རིགས་གཞན་པ་བསྲེ་མི་རུང་ཞེས་གདམས་ཡོད་པས། བཟོ་པ་རྣམས་ཀྱིས་ཁོང་གི་བཀའ་གཙིགས་སུ་བཟུང་ནས་ཐོག་མཐའ་བར་གསུམ་དུ་མཐོ་སྒང་ནོར་ནག་གི་རྒྱུ་ཆ་ལས་རྫས་སྦྱོར་རིགས་ཏིལ་འབྲུ་ཙམ་ཡང་བསྲེས་མ་མྱོང་ལ། ད་ལྟ་ཁྱུང་མཆུའི་འོ་ཕྱེ་བཟོ་གྲྭའི་ཐོན་རྫས་དག་ལ་རང་རྒྱལ་གཙོ་བྱས་པའི་ཡོ་རོབ་དང་ཨ་རི་སོགས་ཀྱིས་སྤུས་ལེགས་ཀྱི་དཔང་ཡིག་དང་བྱ་དགའ་མང་དུ་བསྩལ་ཡོད་ལ། མ་འོངས་པ་ལའང་ཐོག་མའི་བསམ་འདུན་མ་བརྗེད་པར་སླད་སྐྱོན་ཅན་གྱི་ཐོན་རྫས་མི་སྤེལ་བའི་དམ་བཅའ་བརྟན་པོ་བཅངས་འདུག