ཀྲུང་གོ་དང་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་པོས་མཉམ་དུ་ཆ་འཕྲིན་རྫུས་མར་རྡུང་རྡེག་གཏོང་རྒྱུའི་མོས་མཐུན་བྱས་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-29
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གསར་འགྱུར་སིའི་སི་ཀྲང་ཧྭ་ཁྲུན་ཡིང་གིས་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་མཱ་ལི་ཡཱ·ཀྲ་ཧ་ལུའོ་ཝ་དང་བརྙན་ལམ་ཐོག་ནས་གྲོས་མོལ་བྱས་པ་རེད།
ཕྱོགས་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་མཆེད་པའི་རྒྱབ་ལྗོངས་འོག་རྒྱལ་ཁབ་ལ་ལས་འདུ་ཤེས་འཛིན་སྟངས་ལ་འཛིན་པའི་ཕྱོགས་ཞེན་གྱི་རྣམ་འགྱུར་དང་ཆབ་སྲིད་ཀྱི་དགོས་མཁོར་གཞིགས་ནས་ཆ་འཕྲིན་རྫུས་མ་ཁྱབ་བསྒྲགས་བྱས་ཏེ་ལོ་རྒྱུས་འཁྱོག་བཤད་དང་རྒྱལ་ཁབ་གཞན་གྱི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་འགྲོ་ལམ་བུར་ཕར་རྒོལ་བྱས་པ་མ་ཟད། རིམས་ནད་ཀྱི་གནས་ཚུལ་ཆབ་སྲིད་ཅན་དང་ནད་དུག་མཚོན་རྟགས་ཅན་དུ་འགྱུར་ཐབས་བྱས་ཁར། རྒྱལ་ཁབ་གཞན་གྱི་སྨྱན་སྦྱོར་གྱི་ཆེད་ལས་ལས་དོན་ལ་ཚོད་འཛིན་དང་གནོན་ཤུགས་སྤྲད་པ་དང་། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་རྣམ་པར་གནོད་འཚེ་ཚབས་ཆེན་གཏོང་བ། རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་བཀག་འགོག་བཅས་བྱས་པ་མ་ཟད། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕན་ཚུན་ཤེས་རྟོགས་ལའང་འགོག་རྐྱེན་བཟོས་པའི་ངོས་འཛིན་བྱས་པ་རེད།
ཕྱོགས་གཉིས་པོས་ཆ་འཕྲིན་རྫུས་མ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་དགྲ་བོ་རེད། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་རྫུས་མར་ངོ་རྒོལ་དང་བཀག་འགོག་བྱས་ཏེ་དཀྲོག་གཏམ་དང་སྐྱོན་འདོགས་སོགས་ཀྱི“ཆབ་སྲིད་ཀྱི་ནད་དུག”དང་དེ་བཞིན་དེའི་རྒྱབ་ཀྱི་ལྐོག་ཇུས་བཤོམས་མཁན་དང་འཁྲུག་རྐྱེན་སློང་མཁན་ཡིབ་ས་མེད་པ་བཟོ་དགོས། རྒྱལ་ཁབ་ཁག་གིས་ཆ་འཕྲིན་ཁྱབ་བསྒྲགས་ཀྱི་དོན་དངོས་ལ་གཞིགས་པ་ལས། ཚད་གཞི་ཉིས་བརྩེགས་ལག་བསྟར་མི་བྱེད་པ་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། འདུ་ཤེས་འཛིན་སྟངས་དང་ཆབ་སྲིད་ཕྱོགས་ཞེན་གྱི་ཐོག་ནས་རྒྱལ་ཁབ་གཞན་གྱི་ཆབ་སྲིད་ལམ་ལུགས་དང་། འཕེལ་རྒྱས་ལམ་བུ། རྒྱལ་ཁབ་བཅོས་སྐྱོང་བཅས་ལ་ཕར་རྒོལ་མི་བྱེད་པ་བཅས་ཀྱི་ནན་བཤད་བྱས་པ་རེད།
ཕྱོགས་གཉིས་པོས་ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་ཡིན་པས་སྦྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཆ་འཕྲིན་རྫུས་མར་མཉམ་དུ་རྡུང་རྡེག་བཏང་སྟེ་དོན་དངོས་དང་བདེན་པ་བརྒྱུད་བསྒྲགས་དང་སྤྱི་ལུགས་དང་ཁྲིམས་གཞི་བརྒྱུད་བསྒྲགས། གནས་ལུགས་དང་སྐྱེས་ཐོབ་སྲུང་སྐྱོབ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།