༄༅།།ངེད་ཚང་ནི་མདོ་དབུས་ཁམས་གསུམ་གྱི་དགེ་རྒན་ཡིན།

ཞོ་བཟང་དོན་བྷེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-03


“ངེད་ཚང་ནི་མདོ་དབུས་ཁམས་གསུམ་གྱི་དགེ་རྒན་ཡིན།”
ནག་ཆུ། ཞོ་བཟང་དོན་བྷེ།
        ངའི་ཕ་ལོ་ད་ལོ་དགུང་ལོ་བདུན་ཅུ་དོན་གསུམ་ཡིན། དབུ་སྐྲ་དཀར་པོར་གྱུར་པའི་ངའི་ཕ་ལོ་ཁོང་སྔོན་ཆད་ཀུན་གྱི་ཆེས་སྤྱིར་བཏང་དུ་སྒོམ་པའི་མི་དམངས་ཀྱི་དགེ་རྒན་ཞིག་ཡིན། ཁོ་བོས་དྲན་པའི་ཟིན་ཚོད་ནས་བཟུང་བདག་གི་ཨ་ཕ་ནི་སྡེ་བའི་ནང་གི་དགེ་རྒན་གཅིག་པུ་དེ་ཡིན།
        ཁོང་རང་ཞོགས་པར་སྔ་མོ་ནས་ལངས་པ་དང་རང་ཁྱིམ་གྱི་ཁང་ཀླད་ལ་བུད་དེ་སྡེ་བའི་ནང་གི་བྱིས་པ་ཚོ་སྔ་ལངས་ཀྱིས་སོ་སོའི་ཁང་ཀླད་དུ་དཔེ་ཀློག་གནང་བཞིན་པའི་རྣམ་པར་བལྟ་རྒྱུར་ཧ་ཅང་དགའ། རྣམ་པ་འདི་ལོ་ངོ་གང་མང་ཕྱིན་ནའང་ངའི་སེམས་སུ་ད་དུང་གསལ་པོར་འཆར་འདུག
        ང་ཚོའི་སྡེ་བ་ནི་ཞང་དང་བར་ཐག་རིང་བས། སྡེ་བའི་ནང་གི་རྒྱལ་ཁབ་ཀྱི་ཟླ་ཕོགས་ལེན་པའི་ལས་བྱེད་པ་ཕལ་ཆེ་བ་ངའི་ཨ་ཕའི་སློབ་མ་བྱས་མྱོང་བ་སྨྲ་ག་ལ་དགོས། ཁོམ་སྐབས་རེ་བྱུང་དུས་ངའི་ཨ་ཕས་སྔོན་ཆད་རང་གི་སློབ་བུར་གྱུར་མྱོང་ཞིང་ད་ལྟ་སྤྱི་ཚོགས་ཀྱི་གྲུ་ག་རེ་རེ་ན་བདེན་དོན་གྱི་ལས་ལ་གཞོལ་བའི་ཁོང་གི་སློབ་བུ་ཚོའི་གྲངས་ཀ་བགྲང་བར་ཧ་ཅང་དགའ། ཁོང་གི་མཛུབ་གུའི་གྲངས་འབོར་དང་བསྟུན་ནས་ཁོང་གི་སྐད་གདངས་ཀྱང་སྔར་ལས་ཇེ་མཐོར་འགྲོ་བར་མ་ཟད་གདོང་ལས་ཀྱང་ཉི་འོད་འདྲ་བའི་འཛུམ་མདངས་མངོན་འོངས། ད་ལྟ་ཁོ་བོ་ཡང་རང་གི་ཕ་ལོ་བཞིན་མི་དམངས་ཀྱི་དགེ་རྒན་ཞིག་ཏུ་གྱུར་ཡོད་ཅིང་། སྔོན་ཆད་རང་གི་སེམས་ཀྱིས་བསྐྱངས་པའི་སློབ་བུ་གང་མང་གིས་སྤྱི་ཚོགས་ཀྱི་གྲུ་ག་རེ་རེ་ན། རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་བཞིན་པའི་ཁ་གྲངས་བགྲང་ཚེ་སེམས་པ་སྤྲོ་བས་བརྟས་འོངས་པས། ཁོ་བོས་སྐབས་དེའི་ཨ་ཕའི་སེམས་ཁམས་དེ་རྟོགས་ཐུབ་པར་འདུག མཚམས་མཚམས་སུ་ངའི་ཨ་ཕས་སློབ་བྱོལ་བྱས་མྱོང་བའི་ཁོང་གི་སློབ་བུ་རེ་གཉིས་ཀྱང་རྟག་པར་གླེང་སྲིད། དེ་དུས་ཁོང་གི་གདོང་ལས་ཡི་ཆད་དང་གདུང་བ་མངོན་འོངས་ལ། ཡིད་ཕམ་པའི་དངན་པ་རིང་མོ་རེ་ཡང་གཏོང་སྲིད། དངོས་གནས། དགེ་རྒན་དུ་འབོད་པའི་མི་དམངས་ཀྱི་དགེ་རྒན་ཚང་མ་ནི་འདི་འདྲ་ཞིག་ཡིན་སྲིད་དེ། མི་དམངས་དགེ་རྒན་གྱིས་བྱིས་པ་རྣམས་རང་གི་བྱིས་པར་བསྒོམས་ཡོད་པས། བྱིས་པ་རེ་རེའི་འབྱུང་འགྱུར་དང་རྒྱལ་ཕམ་ནི་ང་ཚོ་དགེ་རྒན་ཚོས་རང་གི་བདེ་སྐྱིད་དང་རྒྱལ་ཕམ་དུ་བསྒོམས་ཡོད།
        ངས་རང་གི་ཨ་ཕ་གླེང་བའི་ཞོར་ལ་རང་གི་ཡུམ་ཆེན་ཡང་ཅིས་ཀྱང་གླེང་དགོས་ཏེ། ཨ་ཕའི་མི་ཚེ་ཧྲིལ་པོར་རིག་གནས་བསླབས་ཤིང་ཡོན་ཏན་མངའ་བའི་མཁས་པ་དང་རྒྱལ་ས་པེ་ཅིན་སོགས་ན་སྲིད་གཞུང་གི་ལས་ཀ་གཉེར་བའི་ཡོན་ཏན་པ། རང་དང་འདྲ་བར་དགེ་རྒན་གྱི་ལས་གནས་གཉེར་བཞིན་པའི་དགེ་རྒན་གང་མང་སྐྱེད་སྲིང་གནང་ཡོད་པ་ངའི་ཡུམ་ཆེན་གྱི་རྒྱབ་སྐྱོར་དང་འབྲལ་ཐབས་མེད། ངའི་ཨ་ཕས་ཀྱང་དུས་རྒྱུན་ངའི་ཡུམ་ཆེན་ནི་བུད་མེད་ཁོག་རྒྱ་ཆེ་བ་དང་གཞུང་དྲང་ཞིག་ཡིན་པ་ང་ཚོར་གླེང་འོངས། ངའི་ཨ་ཕས་དགུན་དུས་གནམ་གཤིས་ཧ་ཅང་གྲང་ཚེ་སློབ་བུ་ཚོ་ཁྱིམ་དུ་ཁྲིད་འོངས་ནས་སློབ་ཁྲིད་གནང་བ་དང་། ཉིན་གཅིག་གི་སློབ་ཁྲིད་རྫོགས་རྗེས་སློབ་བུ་ཚོས་ཁྱིམ་གྱི་ཕྱི་ནང་མ་ལུས་གད་སྙིགས་ཀྱི་ཕུང་པོར་བཟོས་ཡོད་ནའང་ངའི་ཨ་མས་འཛུམ་ཤིག་ཤིག་གིས་གཙང་སྦྲ་གནང་བ་ལས་མི་དགའ་བའི་རྣམ་འགྱུར་ཅི་ཡང་མི་སྟོན་ལ། སྔོན་ཆད་ངེད་ཚང་གི་ཆ་རྐྱེན་ཧ་ཅང་ཞན་ནའང་ཨ་ཕས་རང་ཁྱིམ་ལ་མཛེས་སྤྲས་བྱེད་སྤྱད་ལ་གྲ་སྒྲིག་གནང་ཡོད་པའི་ཤིང་ཆ་ཡིས་སློབ་བུ་ཚོར་སྒྲོག་ཙེ་དང་རྐུབ་བཀྱགས་བཟོས། སྐབས་དེ་དུས་ཀྱང་ངའི་ཨ་མས་ད་རུང་གདོང་ལ་རྔུལ་ཆུ་ཤམ་ཤམ་དུ་བཞུར་བཞིན་ཤིང་བཟོ་ཚོར་ཁ་ཟས་གཡོས་སྦྱོར་གནང་བཞིན་ཡོད་ཟེར། མི་ལོ་དུ་མ་འགོར་ནའང་ཨ་ཕའི་སྐད་ཆ་དེ་དག་ནམ་ཡང་ངའི་སེམས་སུ་གསལ་ལེར་ཉར་ཡོད་པར་མ་ཟད། སྐབས་དེར་ངའི་ཨ་མའི་གདོང་ནས་རྔུལ་ཆུ་བཞུར་བཞིན་ལས་ལ་བརྩོན་པའི་རྣམ་པ་དེ་ངས་མིག་ཟུམ་པ་ཙམ་གྱིས་ཀྱང་ཚོད་དཔག་བྱེད་ནུས།
        དུས་རྒྱུན་གྱི་ཕ་ལོའི་སློབ་གསོའི་རྐྱེན་གྱིས་ཡིན་པ་འདྲ་སྟེ་ངེད་ཚང་གི་ཁྱིམ་རྒྱུད་ནི་མི་དམངས་དགེ་རྒན་གྱི་ཁྱིམ་རྒྱུད་ཅིག་ཡིན། ངའི་ཕུ་བོ་དང་ཚ་བོ་ཚ་མོ་ཚང་མ་དགེ་རྒན་ཡིན། དབྱར་དགུན་གནང་གི་གོ་སྐབས་དང་བསྟུན་ནས་བཟའ་མི་གང་པོ་ལྷན་དུ་འཛོམས་དུས་ང་སྐད་ཆ་འདི་ལབ་པར་ཧ་ཅང་དགའ།“ཕུ་བོས་ཨ་མདོ་རུ་རང་ལས་མཁས་པའི་སློབ་བུ་སྐྱོང་བ་དང་བདག་གིས་དབུས་གཙང་དུ་རང་ལས་མཁས་པའི་སློབ་བུ་སྐྱོང་བཞིན་ཡོད། ཚ་བོས་ཡུས་ཧྲུའུ་རུ་རང་ལས་མཁས་པའི་སློབ་བུ་སྐྱོང་བཞིན་ཡོད་པས། འུ་ཚང་ནི་མདོ་དབུས་ཁམས་གསུམ་གྱི་དགེ་རྒན་ཡིན།” ངའི་སྐད་ཆ་འདི་ལ་ངའི་ཨ་ཕ་ཡང་ཧ་ཅང་དགའ།
        ང་ཚོ་ལྷན་དུ་འཛོམས་ཐེངས་རེར་ཨ་ཕས་ངེད་ཕུ་ནུ་གསུམ་པོར་འགྱུར་བ་མེད་པའི་སྐད་ཆ་ཞིག་ཡང་ཡང་གསུངས་པ་ནི“ཁྱོད་ཚོས་བརྩོན་པ་སྤྱད་ནས་ཕུལ་བྱུང་གི་སློབ་བུ་རེ་རེ་བསྐྱངས་པ་ནི་ཕ་མར་འཇལ་བའི་དྲིན་ལན་རེ་རེ་ཡིན་ལ། འདི་ལས་ལྷག་པའི་དྲིན་ལན་ཞིག་ག་ལ་ཡོད།ད་ལྟའི་དུས་འདིར་མི་གང་མང་གིས་རང་གི་སྒོ་ཕྱུགས་ཀྱང་གཞན་ལ་བཅོལ་གདམས་མི་ནུས་པའི་སྐབས་སུ། ཕ་མ་གང་མང་གིས་རང་གི་གཅེས་ཕྲུག་དག་ཁྱེད་ཚོ་དགེ་རྒན་ལ་བཅོལ་ཡོད་པས། ཁྱེད་ཚོས་རང་གི་ལས་ཀ་དག་བློ་སེམས་དཀར་པོས་བསྒྲུབ་རྒྱུ་ནི་ཅི་འདྲའི་གལ་ཆེ་ཨང་། དུས་ནམ་ཡིན་ཡང་གཞན་གྱི་བྱིས་པ་རང་གི་བུ་ཕྲུག་བཞིན་སྐྱོངས་དང་བསམ་དོན་མ་ལུས་ལྷུན་གྱིས་འགྲུབ་ངེས།”ངེད་ཕུ་ནུ་ཚོས་ཨ་ཕའི་སྐད་ཆ་དེ་དག་ནི་མི་ཚེའི་བགྲོད་ལམ་རིང་མོའི་ལམ་རྒྱགས་སུ་བཟུང་ཡོད།
        མཚམས་མཚམས་སུ་ལས་ཀའི་ངལ་དུབ་ཀྱིས་མནར་པས་སྒྱིད་ལུག་དང་ལེ་ལོའི་དབང་དུ་ཤོར་བའི་སྐབས་སུ། ཁོ་བོས་ཨ་ཕས་གནང་བའི་བསླབ་བྱ་དག་སེམས་སུ་སྒོམ་པ་ཡིན་ལ། དེ་དུས་ང་ལ་སྔ་ན་མེད་པའི་སེམས་ཤུགས་སྐྱེས་འོངས་པས། ཁོ་བོས་དུས་ནམ་ཡང་རང་ལ་ཐོབ་པའི་གྲུབ་འབྲས་འདིའི་བདག་པོ་ནི་ནམ་ཡང་རང་གི་ཨ་ཕ་ཡིན་སྙམ་ཡོད།
        བྱ་བའི་དབང་གིས་ཨ་མདོ་ནས་དབུས་གཙང་དང་། དབུས་གཙང་ནས་ཕ་ཡུལ་ཨ་མདོའི་བར་ཁོ་བོ་ནི་རླུང་གིས་འཁྱེར་བའི་ཤོག་བྱ་བཞིན་རྒྱུ་དུས། ངའི་ཨ་ཕས་ནམ་རྒྱུན་དུ་ངའི་འགྲོ་ལམ་དང་མི་ཚེ་ལ་བར་ཆད་མི་འབྱུང་བའི་སྨོན་ལམ་རྒྱག་བཞིན་ཡོད་ལ།ང་འདི་ལྟར་ཨ་ཕའི་བཀྲ་ཤིས་པའི་འབོད་པའི་ཁྲོད་ལམ་ལ་ཆས་པ་ཡིན། ང་འདི་ལྟར་ཨ་ཕའི་དོན་འགྲུབ་པའི་སྨོན་འདུན་ཁྲོད་ལམ་ལ་ཞུགས་ཐེངས་རེར་ངའི་ཐེངས་རེའི་འགྲུལ་བཞུད་ཁྲོད་དུ་ང་ལ་ལམ་གྱི་སྨྲེང་བ་དང་ཆག་འཇིག་ཅིག་ཡོད་མ་མྱོང་། འདི་དག་དྲན་ན་ངའི་ཡ་ཆུང་ནམ་ཡང་སྨུག་པས་བཟུང་འགྲོ། ངའི་ཨ་ཕ་སྟེ། དགུང་ལོ་བདུན་ཅུར་སོན་པའི་ཞིང་གྲོང་གི་བགྲེས་པོ་འདིས་ཚེ་སྟོད་ནི་རང་གི་སློབ་བུ་ཚོའི་ཆེད་དུ་དཀའ་སྡུག་དང་རྔུལ་ཆུས་བསྐྱལ་ཅིང་། ཚེ་སྨད་རང་གིས་བུའི་ཆེད་དུ་སེམས་ཁུར་དང་དྲན་གདུང་གིས་བསྐྱལ་དགོས།
        ཁ་སང་བདག་གི་ཨ་ཁུ་སྟེ་ཨ་ཕའི་ཚ་བོས་གསར་དུ་བསྐྱོན་པའི་ཨ་ཕའི་སྐུ་པར་ཞིག་ང་ལ་བསྐུར་འོངས། ད་ལོའི་ཟླ་གསུམ་པའི་ནང་ཕ་ལོ་དང་གྱེས་ཏེ་དབུས་གཙང་ཕྱོགས་ལ་ཡོང་ནས་ཟླ་གསུམ་ལྷག་མ་གཏོགས་འགོར་མེད་ནའང་། སྐུ་པར་ལས་ཨ་ཕའི་དབུ་སྐྲ་དཀར་པོ་སྔར་ལས་ཇེ་མང་དང་གཟུགས་གཞི་སྔར་ལས་ཇེ་སྒུར་དུ་གྱུར་འདུག་པ་མཐོང་བ་ན་ངའི་མིག་ཟུང་སླར་ཡང་མཆི་མས་བརླན་འོངས།
        ཀྱེ་ཀྱེ། གནམ་རྒན་མ། ང་ཚོ་འགྲོ་བ་འདི་དག་ཁྱེད་ཀྱི་ཐུགས་རྗེ་དང་བྱིན་རླབས་ཀྱིས་བསྐྱེད་པ་ཡིན་ན། རང་གི་སློབ་བུ་ཚོའི་ཆེད་དུ་མི་ཚེ་དཀའ་སྡུག་དང་རྔུལ་ཆུས་བསྐྱལ་བའི་ངའི་ཕ་ལོའི་སྐུ་གཟུགས་འདི་དུས་གཏན་དུ་ནད་མེད་བདེ་ཐང་ཡོང་བའི་ཐུགས་རྗེ་གནང་རོགས་གྱིས། བུ་ཆུང་ངའི་དུས་རྒྱུན་རྣམ་དཀར་གྱི་བགྱི་བ་ཅུང་ཙམ་རེ་གནང་ཡོད་པ་ཡོད་ཚད་ཀྱང་བདག་གི་ཕ་ལོའི་ནད་མེད་བདེ་ཐང་གི་རྒྱུ་རུ་འགྱུར་བར་ཤོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1