ཕྱུགས་ལས་གཉེར་ནས་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཕྱུག་པོ་ཆགས་པ་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-04


   ཀྲུང་གོ་བོད་ལྗོངས་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་གུང་གི་དུས་སུ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བེའུ་མདའ་ཤང་གཡང་འཛོམས་གྲོང་ཚོའི་བྱམས་པ་རྣམ་རྒྱལ་དང་གྲོང་མི་ཁ་ཤས་ཀྱིས་ས་གནས་དེ་གའི་ནོར་གནག་དུས་ཐུང་རྒྱགས་གསོའི་དཔེ་སྟོན་རྟེན་གཞིར་ནོར་གནག་ལ་གཟན་རྩྭ་སྟེར་བཞིན་འདུག  
    “རི་བོ་ཆེའི་ནོར་གནག་ནི་ཤེད་མོ་རྒྱས་ཤིང་གཟུགས་སྟོབས་ཆེ་བ་དང་། ཤའི་བྲོ་བ་ཞིམ་པོ་ཡོད་པས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད། འོན་ཀྱང་འབྲོག་པའི་སྲོལ་རྒྱུན་གྱི་སྟོན་མཇུག་དང་དགུན་ཁའི་དུས་འགོར་བཤས་གཏོང་བའི་ཕྱུགས་ལས་ཀྱི་འདུ་ཤེས་ལས། དཔྱིད་དབྱར་སྟོན་གསུམ་གྱི་ཁྲོམ་རའི་ཐོག་ཚགས་ཤ་སོས་པ་མེད།”ཅེས་བེའུ་མདའ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཤེ་ཧྲའོ་ཅུན་གྱིས་དེ་ལྟར་བཤད། བེའུ་མདའ་ཤང་གིས་རྒྱགས་གསོའི་རྟེན་གཞི་ལས་སྟེགས་སུ་བྱེད་པ་དང་། ཟླ་3པ་ནས་10པའི་བར་གྱི་དུས་ཚིགས་ལས་ལྡོག་པའི་ཕྱིར་ཚོང་བྱས་པས་ས་གནས་དེ་གའི་འབྲོག་པའི་གསོ་ཚགས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད། རྟེན་གཞིར་ད་ལྟ་བཤས་གཏོང་རྒྱུའི་ནོར་གནག474ཡོད་པ་རེད།
     བེའུ་མདའ་ཤང་གཡང་འཛོམས་གྲོང་ཚོའི་ནོར་གནག་དུས་ཐུང་རྒྱགས་གསོའི་དཔེ་སྟོན་རྟེན་གཞི་དེ་2018ལོའི་ཟླ་6པའི་ཟླ་མཇུག་ཏུ་བསྐྲུན་པ་དང་། གནད་སྨིན་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་ཡིན། མིག་སྔར་རྟེན་གཞི་དེས་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་མ་རྐང་ལ་ཕབ་ནས་དུད་ཚང་དབུལ་པོར་སྤྲད་པ་ཕུད། མང་ཚོགས་ཀྱིས་རྨོ་ཞིང་དང་། རྩྭ་ར། ནོར་གནག་སོགས་ཐོན་སྐྱེད་རྒྱུ་ཆས་མ་དངུལ་ལ་ཕབ་ནས་མ་རྐང་ནང་ཞུགས་སུ་བཅུག་ཡོད།
    “ད་ཆ་གྲོང་ཚོ་ཡོངས་ཀྱི་འབྲོག་པ་མང་ཚོགས་དེའི་ནང་ཞུགས་ནས་གྲོང་མི་ཚོས་ས་ཆ་བརྒྱུད་བཤུག་གི་བོགས་དངུལ་དང་ཁེ་སྤོགས་བགོ་བཤའ་ལོངས་སུ་སྤྱོད་ཀྱི་ཡོད། ”བེའུ་མདའ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཤེ་ཧྲའོ་ཅུན་གྱིས། 2019ལོར་གཡང་འཛོམས་གྲོང་ཚོའི་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3126བྱུང་ཡོད་ཅེས་བཤད།
     དེང་སྐབས། གཡང་འཛོམས་གྲོང་ཚོའི་ནོར་གནག་དུས་ཐུང་རྒྱགས་གསོའི་དཔེ་སྟོན་རྟེན་གཞིས་ལོ་རེར་རྒྱགས་གསོ་བྱས་པའི་འབྲི་གཡག་1200ཡན་བཤས་གཏོང་རྒྱུའི་དམིགས་ཚད་དུ་བྱས་པས་ནོར་གནག་རེ་ནས་འབབ་འཕར་སྒོར་1100བྱུང་བར་རྩིས་ན་།  སྔོན་དཔག་བྱས་ན་འབྲོག་པ་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་132ཡན་ཡོང་རྒྱུ་ཡིན་པ་རེད།
 རི་བོ་ཆེ་རྫོང་ལ་ད་ལྟ་ནོར་གནག་དུས་ཐུང་རྒྱགས་གསོའི་རྟེན་གཞི་3ཡོད། རྟེན་གཞིས་མཐའ་འཁོར་གྱི་འབྲོག་པ་མང་ཚོགས་ལ་ནོར་གནག་དུས་ཐུང་རྒྱགས་གསོ་བྱས་ནས་འབབ་འཕར་ཡོང་བའི་སྣེ་ཁྲིད་བྱས་པ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་གཟན་རྩྭ་འདེབས་འཛུགས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཡོད། ཆབ་མདོ་གྲོང་ཁྱེར་གྱི་བོད་ཁྱིམ་ནོར་གནག་མ་རྐང་ཚད་ཡོད་ཀུང་སི་ནི་རི་བོ་ཆེ་རྫོང་གི་ཚོང་འགུགས་མ་འདྲེན་ཁེ་ལས་ཤིག་རེད། ནོར་གནག་གསོ་སྤེལ་དང་རྒྱགས་གསོ།  ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་ཡོད། མིག་སྔར་ཁེ་ལས་དེར་ལོར་ནོར་གནག་ཁྲི་3ལས་སྣོན་བྱེད་ཐུབ་པའི་གཞི་ཁྱོན་གྱི་ཚད་ལྡན་ཅན་གྱི་གྲང་འཇོག་ཤ་སོས་པ་ཐོན་སྐྱེད་དང་ལོར་ནོར་གནག་གི་ཐོན་རྫས་ཏུན་300ཐོན་སྐྱེད་བྱེད་པའི་སྔོན་ཐོན་གྱི་ཐོན་སྐྱེད་སྒྲུབ་རིམ་ཞིག་ཡོད།

    མིག་སྔར། རི་བོ་ཆེ་རྫོང་གི“རྩྭ་འདེབས་དང་། ཕྱུགས་གསོ། ལས་སྣོན། བྲིན་འཚོང”བཅས་ཀྱི་ནོར་གནག་ཐོན་ལས་སྦྲེལ་ཐག་རགས་ཙམ་ཆགས་ནས་ས་གནས་དེ་གའི་ཞིང་འབྲོག་པའི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད།

http://tibet.people.com.cn/15819544.html 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1