འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གནམ་གྲུར་བཞུགས་ནས་ལྷ་ས་གོང་དཀར་གནམ་ཐང་དུ་ཕེབས་བའི་རྣམ་པ་ཡིན།
ཀྲུང་གོའི་བོད་ལྗོངས་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7པའི་ལྷ་སར་བསིལ་རླུང་འཇམ་པོ་ལྡང་ཞིང་སྦྲང་ཆར་སིལ་མ་བབས་པ་དང་། མཁའ་དབུགས་ཀྱི་ཁྲོད་དུ་དབྱར་ཁའི་དྲི་ཞིམ་འཐུལ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན། ལས་རིགས་ཁག་གིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱས་ཤིང་། དཔལ་འབྱོར་བརྟན་པོའི་ངང་སླར་གསོ་བྱུང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་འཕེལ་ཕྱོགས་ལེགས་པོ་བྱུང་ཡོད། ཟླ་7པའི་ཚེས་31ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གནམ་གྲུར་བཞུགས་ནས་ལྷ་སར་ཕེབས་ཤིང་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་སོགས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གོང་དཀར་གནམ་ཐང་དུ་ཕེབས་བསུ་ཞུས་པ་རེད། ཕྱག་བཏང་གནང་ནས་གུས་འདུད་ཞུས་པ་དང་ཕན་ཚུན་མཇལ་དར་བསྒྲོན་པ་རེད།
དེ་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རླངས་འཁོར་ལ་བཞུགས་ནས་ལྷ་ས་གྲོང་ཁུལ་དུ་གནས་པའི་པཎ་ཆེན་རིན་པོ་ཆེའི་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས། ཆར་པ་ཟིམ་ཟིམ་འབབ་པའི་གནས་མཆོག་ལྷ་སར་བསིལ་རླུང་ལྡང་བས་སྐྱིད་སྣང་སྟེར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་བཅས་ཀྱིས་དེ་གར་ཕེབས་བསུ་ཞུས་པ་རེད། ལྷ་སའི་དགོན་སྡེ་ཆེ་གྲས་ཁག་གི་དགེ་འདུན་པའི་འཐུས་མི་དང་ལག་ཏུ་ཁ་བཏགས་དཀར་པོ་འཁྱེར་བའི་ལྷ་སའི་དད་ལྡན་མང་ཚོགས་ཀྱི་འཐུས་མིས་ཆར་ཟིམ་ཁྲོད་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཕེབས་སྒུག་ཞུས་པ་རེད།
དགེ་འདུན་པ་ཚོས་ཐང་ལ་གཡུང་དྲུང་སོགས་བཀྲ་ཤིས་པའི་ཐིག་རིས་ཕབ་ཤིང་ཚོམས་ཆེན་བར་དུ་ས་གདན་བཏིང་ནས་བོད་ཀྱི་སྲོལ་ལུགས་ལྟར་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་གཟབ་རྒྱས་ཞུས་པ་རེད། དགེ་འདུན་པ་རྣམས་ཀྱིས་ཕེབས་རོགས་ཞུས་ཤིང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དགའ་བསུ་ཞུ་མཁན་སེར་སྐྱ་དད་ལྡན་མང་ཚོགས་ལ་བྱམས་ཀྱིས་གཟིགས་ཤིང་གུས་ལན་ཕུལ་ནས་ཚོམས་ཆེན་དུ་ཕེབས་པ་རེད།
འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ཕན་ཚུན་མཇལ་དར་བསྒྲོན་པ་དང་ཕན་ཚུན་འཚམས་འདྲི་གནང་བའི་གནས་ཚུལ་ཡིན།
འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སེར་སྐྱ་དད་ལྡན་མང་ཚོགས་ལ་གུས་ལན་ཞུ་བཞིན་པའི་རྣམ་པ་ཡིན།
འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བཀྲ་ཤིས་ལོ་ལེགས་འབྱུང་པའི་སྨོན་ལམ་འདེབས་བཞིན་པ་ཡིན།
འདི་ནི་དད་ལྡན་མང་ཚོགས་ཀྱིས་ལག་ཏུ་ཁ་བཏགས་དཀར་པོ་འཁྱེར་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཕེབས་སྒུག་ཞུ་བཞིན་པ་ཡིན།
http://tibet.people.com.cn/15819683.html