ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གེགས་འགོག་ཧྲུའུ་ཡིས་ཚེས་10ཉིན་། ཧིན་རྡུ་ཉི་ཞི་ཡའི་སུའུ་མན་ཏཱ་ལ་མངའ་སྡེའི་ཤིས་ན་ཕོང་མེ་རི་དེ་ཉིན་དྲག་ཏུ་འཕྱུར་བ་དང་། མེ་རི་འཕྱུར་བའི་ཐལ་རྡུལ་གྱི་མཐོ་ཚད་ལ་སྨི་5000ཟིན་པ། མིག་སྔའི་བར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཕོག་པའི་སྙན་ཞུ་འབྱོར་མེད་ཅེས་བརྗོད།
ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གེགས་འགོག་ཧྲུའུ་ཡི་མགྲིན་ཚབ་པ་ལ་ཏི་ཐི་ཡ·ཅ་ཏིས་དེ་ཉིན་གསལ་བསྒྲགས་སྤེལ་ནས་བརྗོད་དོན། ཤིས་ན་ཕོང་མེ་རི་ཉེ་དུས་འགུལ་སྐྱོད་དྲག་པོ་བྱེད་པ་དང་། ཚེས་9ཉིན་མཐོ་ཚད་སྨི་2000ཟིན་པའི་མེ་རིའི་ཐལ་རྡུལ་ཆེན་པོ་ཞིག་འཕྱུར་རྗེས། ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་16(པེ་ཅིང་གི་དུས་ཚོད་ཆུ་ཚོད་11དང་སྐར་མ་16)ལ་སླར་ཡང་འཕྱུར་བ་རེད། ཉུང་མཐར་ཡང་མེ་རིའི་མཐའ་འཁོར་གྱི་ཤང་གྲོང3ལ་མེ་རིའི་ཐལ་རྡུལ་གྱི་ཤུགས་རྐྱེན་ཕོག་ཡོད།
ལ་ཏི་ཐི་ཡ་ཡིས། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གེགས་འགོག་ཧྲུའུ་དང་ས་གནས་དེ་གའི་རྫོང་སྲིད་གཞུང་གིས་འཕྲལ་སྒྲུབ་མྱུར་སྐྱོབ་རུ་ཁག་བཙུགས་པ་དང་འབྲེལ་གེགས་ཁུལ་དུ་གནས་སྐབས་བཀོད་འདོམས་ལྟེ་གནས་བཙུགས་ནས། གནས་སྐབས་གནོད་གཡོལ་བྱེད་ས་དང་སྤྱི་པའི་ཐབ་ཚང་བསྐྲུན་ཏེ་གེགས་ཁུལ་དུ་ཆུ་གཙང་མ་འདྲེན་པ་དང་ཆུ་གཏོར་རླངས་འཁོར་བཏང་ནས་མེ་རིའི་ཐལ་རྡུལ་གྱིས་ཁེབས་པའི་སྤྱི་པའི་སྒྲིག་བཀོད་གཙང་སེལ་བྱས་ཡོད་ཅེས་བཤད།
ཁོང་གིས། མིག་སྔར། མེ་རི་འདིའི་ཉེན་བརྡའི་རིམ་པ་ཨང་གསུམ་པར་སྤར་བས་དེ་ནི་རིམ་པ་མཐོ་ཤོས་དང་འདྲ་པོ་ཡོད། མེ་རིའི་ཉེ་འཁོར་གྱི་སྤྱི་ལེ་3ནས་5ཡི་ཁྱབ་ཁོངས་ཕྱིར་འཐེན་ཁུལ་དུ་བྱས་པ་དང་། ས་གནས་དེ་གའི་ཡུལ་མིས་མུ་མཐུད་དོགས་ཟོན་བྱེད་པ་དང་གནས་དེ་ནས་ཐག་རིང་དུ་གཡོལ་དགོས་པ་བཤད་ཡོད།
དེ་དང་ཆབས་ཅིག གེགས་འགོག་ཧྲུའུ་ཡིས་ས་གནས་དེ་གའི་མང་ཚོགས་ཀྱིས་ཁྱིམ་དུ་སྡོད་གང་ཐུབ་བྱེད་དགོས་པ་དང་། གལ་སྲིད་ཕྱི་རོལ་ཏུ་འགྲོ་དགོས་བྱུང་ན་ཡིན་གཅིག་ཁ་རས་བརྒྱབ་ནས་མེ་རིའི་ཐལ་རྡུལ་གྱིས་དབུགས་ལམ་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།
ཤིས་ན་ཕོང་མེ་རི་ནི་ཧུན་རྡུ་ཉི་ཞི་ཡིའི་སུའུ་མན་ཏཱ་ལ་བྱང་མ་མངའ་སྡེའི་ཁཱ་རོ་རྫོང་དུ་གནས་ཡོད་ཅིང་། ལོ་400ལ་ཉེ་བ་འཇམ་ཐིང་ངེར་གནས་རྗེས་2010ལོར་ཐོག་མར་འཕྱུར་བ་རེད། མེ་རི་འདི་ཉེ་བའི་ལོ་ཤས་རིང་ཐེངས་མང་འཕྱུར་བ་དང་། 2014ལོའི་ཟླ་2པར་མེ་རི་དེ་འཕྱུར་བ་ལས་མི་16འཆི་བ་དང་མི་སྟོང་ལྷག་ཡུལ་གྱར་དུ་འགྲོ་དགོས་བྱུང་ཡོད། 2019ལོའི་ཟླ་5པ་ནས་བཟུང་། མེ་རི་འདི་ཉེན་བརྡ་རིམ་པ་གསུམ་པའི་ཚད་ལ་གནས་ཡོད། ཧུན་རྡུ་ཉི་ཞི་ཡ་ནི་འཛམ་གླིང་ཐོག་མེ་རི་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན། ད་ལྟ་མངའ་ཁོངས་སུ་མེ་རི་གསོན་པོ་129ཡོད།