ཝང་ཏུང་མིང་གིས་དར་མདོའི་འགུལ་འགོག་རྒུད་སྐྱོབ་ཀྱི་ལས་ཀར་རྟོག་ཞིབ་གནང་བཞིན་པ།
སྤྱི་ཟླ་12པའི་ཚེས་3ཉིན། ཝང་ཏུང་མིང་གིས་དར་མདོ་རུ་འགུལ་འགོག་རྒུད་སྐྱོབ་ལས་ཀའི་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་། དཀར་མཛེས་ཁུལ་དང་ཞིང་ཆེན་འགུལ་འགོག་རྒུད་སྐྱོབ་མཛུབ་སྟོན་ཚོ་ཆུང་གི་ལས་ཀའི་སྙན་ཞུར་གསན་པ་མ་ཟད། ལས་ཀ་རྗེས་མ་དག་ལ་བཀོད་སྒྲིག་གནང་།
ཝང་ཏུང་མིང་གིས། མིག་སྔར། གནོད་ཐེབས་ཁུལ་གྱི་མྱུར་སྐྱོབ་ལས་ཀ་གཞི་རྩའི་ཐོག་མཇུག་བསྒྲིལ་རན་པ་དང་། རྗེས་སུ་ད་རུང་ལས་ཀ་ལྕི་མོ་མང་པོ་ཞིག་ལས་རྒྱུ་འདུག ལྷག་པར་མང་ཚོགས་བདེ་འགོད་དང་གནོད་རྗེས་བསྐྱར་སྐྲུན་གྱི་ལས་འགན་ཧ་ཅང་ལྗིད་མོ་ཡིན་པས། གཤམ་གྱི་ལས་ཀའི་ཕྱོགས་འདི་དག་གཙོ་བོར་འཛིན་དགོས་ཞེས་བསྟན།
དང་པོ། གནོད་ཐེབས་མང་ཚོགས་ཀྱི་བདེ་འགོད་ལས་ཀ་འོས་འཚམས་ཀྱིས་བསྒྲུབ་ནས། མང་ཚོགས་ཀྱིས་དྲོད་ཁོལ་ ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་ཁག་ཐེག་བྱ་དགོས། འདི་ནི་མང་ཚོགས་ཀྱི་རེ་བ་ཡིན་ལ། ཀྲུང་དབྱང་གི་རེ་བ་ཡང་ཡིན། ངེས་པར་ཁ་བཀྲམ་པ་དང་གོ་རིམ་ལྡན་པ། བདེ་འཇགས་ཡིན་པའི་རྩ་དོན་དམ་དུ་བཟུང་ནས་བར་བརྒལ་བདེ་འགོད་ཀྱི་ལས་ཀ་ཡག་པོར་བསྒྲུབ་དགོས་པ་དང་། རྒུད་སྐྱོབ་སྲིད་ཇུས་ལ་གཞོག་འདེགས་བྱས་ཏེ། དངོས་པོ་དང་རྒྱུ་ནོར་གྱི་འགན་ལེན་ཡག་པོ་བྱ་དགོས་པ་སོགས་དོན་དངོས་ཐོག་མང་ཚོགས་ཀྱི་ལས་ཀ་གཟབ་ནན་གྱིས་བསྒྲུབ་དགོས།
གཉིས་པ། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་གཞི་བཀོད་དེ། གནོད་རྗེས་བསྐྱར་སྐྲུན་གྱི་ལས་ཀར་སྐུལ་འདེད་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཧུར་ཐག་གིས་ཞི་མཐུན་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་པ་ཞིག་འཛུགས་སྐྲུན་བྱ་དགོས། བོད་ཁང་གསར་པ་འཛུགས་སྐྲུན་དང་རྣམ་པ་གསར་པའི་གྲོང་རྡལ་ཅན་དུ་འགྱུར་བ། སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་ལས་ཁྱད་ལྡན་ལ་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་འབྲེལ་སྒོས། ལོ་3གྱི་ནང་གནོད་རྗེས་བསྐྱར་སྐྲུན་གྱི་འགན་ཁུར་ཡོངས་འགྲུབ་བྱ་དགོས། དེ་ཡང་ཚན་རིག་དང་མཐུན་པའི་ཆོད་སྡོམ་གྱི་རྨང་གཞིའི་སྟེང་། ནུས་ཤུགས་གཅིག་བསྡུས་ཀྱིས་གྲོང་རྡལ་དང་ཡུལ་ཤོག་གི་སྡོད་ཁང་འཛུགས་སྐྲུན་དེ་དུས་ཡུན་ལོ་2ཀྱི་ནང་འགྲུབ་པར་བྱ་དགོས།
གསུམ་པ། ཕྱོགས་སོ་སོའི་ལས་ཀ་ཚང་མ་གཅིག་གྱུར་འཆར་འགོད་ཀྱིས། འགུལ་འགོག་རྒུད་སྐྱོབ་ཀྱི་ལས་ཀ་གོ་རིམ་དང་སྟོབས་ཤུགས་ཡོད་པའི་སྒོ་ནས་བསྒྲུབ་པར་སྐུལ་འདེད་གཏོང་དགོས་པ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱས་ཏེ། གང་ཐུབ་ཀྱིས་ཤི་རྨས་ཐེབས་ཚད་ཚོད་འཛིན་བྱ་དགོས། ད་དུང་མུ་མཐུད་ནས་བགྲོད་ལམ་དང་གློག་ཤུགས། བརྡ་འཕྲིན་བརྒྱུད་ལམ་སོགས་ཀྱི་ཐད་དགོས་ངེས་ཀྱི་ནུས་པ་འདོན་དགོས།
ཝང་ཏུང་མིང་གིས། ཇི་ལྟར་གནད་འགག་གི་དུས་སྐབས་དང་ཉེན་ཁར་འཕྲད་པའི་དུས་སྐབས་ཡིན་ན། དེ་ལྟར་ཏང་གི་འཛུགས་སྐྲུན་དང་ལས་བྱེད་མི་སྣའི་རུ་ཁག་གི་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། ཏང་གི་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་གདོང་ལེན་པའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐེག་ཐུབ་པ་དང་། གཏོང་ཕོད་པའི་མི་དམངས་ཀྱི་སེམས་ཁོང་གི་དཔའ་ངར་ལྡན་པའི་མི་ཞིག་བྱ་དགོས་ཞེས་ནན་གྱིས་གསུངས།