བོད་ལྗོངས་བྱང་རྩྭ་ཐང་གི་རྟ་རྒྱུག་འགྲན་ཚོགས་ཐོག་གི་རྟ་དང་གཞོན་ནུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-17


     ཀྲུང་གོ་གསར་འགྱུར་དྲ་བ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་12ཉིན་ལོ་གཅིག་དུས་གཅིག་གི་བོད་ལྗོངས་ནག་ཆུའི་བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ཐོག་གི་འཁྲབ་ཚན་གཙོ་བོ་སྟེ་འགྲན་རའི་ནང་གི་རྟ་རྒྱུག་འགྲན་བསྡུར་བྱས་པ་རེད། “རྩྭ་ཐང་གི་ཕྲུ་གུ”ཡིན་པའི་ཆ་ནས། འགྲན་ཞུགས་བདམས་ཐོན་པ་ཚང་མས་ལྟད་མོ་བ་ཁྲི་ཙམ་གྱི་མདུན་དུ་རང་གི་རྟ་མཆོག་དང་མཉམ་དུ་མཐའ་སྣེ་ནས་སྒྲོལ་རྒྱུའི་རེ་བ་བཅངས་བཞིན་ཡོད། འོན་ཀྱང་གྲ་སྒྲིག་འགྲན་བསྡུར་མཇུག་འགྲིལ་མ་ཐག་ཕམ་པ་ནི་ལོ་13ལ་སླེབས་པའི་ལྷག་པ་བསམ་གྲུབ་གྱིས་འགྲན་བསྡུར་གོང་བསམ་ཡུལ་ལ་མེད་པ་ཞིག་རེད།
     ཡངས་ཤིང་རྒྱ་ཆེ་བའི་བྱང་ཐང་དུ་འབྲོག་པས་གེ་སར་རྒྱལ་པོར་གོང་བཀུར་བྱེད་ཀྱི་ཡོད། ནག་ཆུའི་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་ནི་གེ་སར་འཐབ་སར་མ་བསྐྱོད་གོང་སྤེལ་བའི་རྟ་རྒྱུག་མདའ་འཕེན་གྱི་གོམས་སྲོལ་རྒྱུན་འཛིན་བྱས་ནས་བྱུང་བ་ཞིག་རེད། གེ་སར་རང་ཉིད་ཀྱང་རྟ་རྒྱུག་འགྲན་བསྡུར་ཐོག་རྒྱལ་ཁ་ཐོབ་ནས་དམངས་ཚོགས་ཀྱིས་རྒྱལ་པོར་བཀུར་བ་རེད། དེར་བརྟེན་རྟ་རྒྱུག་དུས་ཆེན་ཐོག་གི་ཨང་དང་པོར“དེང་རབས་ཀྱི་གེ་སར་རྒྱལ་པོ”ཞེས་པའི་གཟི་བརྗིད་ཀྱི་སྣང་བ་ཞིག་ཡོང་གི་ཡོད།
     སྨི་8000ཡོད་པའི་འགྲན་རའི་ནང་གི་རྟ་རྒྱུག་ནི་ནག་ཆུའི་བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་དུས་ཆེན་ཐོག་དོ་ཁུར་ཆེ་ཤོས་བྱེད་པའི་འགྲན་བསྡུར་གྱི་གྲས་ཤིག་ཡིན་ལ། ནག་ཆུ་གྲོང་ཁྱེར་གྱི་ཆུས(རྫོང)ཁག་གི་བདམས་ཐོན་པ་160ཡིས་རང་ཉིད་ཀྱི་རྟ་དང་འགྲན་བསྡུར་ནང་ཞུགས་ཀྱི་ཡོད། རྟ་ཡི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། འགྲན་བསྡུར་བྱེད་དུས་སྒ་མི་རྒྱག་པ་དང་། བདམས་ཐོན་པ་ཚང་མ་ལོ་9ནས་ལོ་14བར་གྱི་ན་གཞོན་ཡིན་པ། ཁོ་ཚོས་འགྲན་ཟླ་བྲལ་བའི་རྟ་རྩལ་དང་བློ་སྟོབས་ལ་བརྟེན་ནས། རྟ་ཐོག་གི་མགྱོགས་ཚད་དང་སྤྲོ་སེམས་སྟོན་གྱི་ཡོད།  
     སྔོན་ཆད་རྟ་ནི་འབྲོག་པའི་ཆེས་གཙོ་བོའི་ཞོན་ཆས་ཡིན། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྦག་སྦག་དང་རླངས་འཁོར་གྱིས་རིམ་བཞིན་ཚབ་བྱས་མོད། འོན་ཀྱང་འབྲོག་པ་དང་རྟའི་དབར་གྱི་བརྩེ་དུང་དེ་ཞན་དུ་ཕྱིན་མེད། ད་ཆ་བྱང་ཐང་དུ་འབྲོག་པ་ཚང་མས་རྟ་གསོ་བཞིན་ཡོད་ཀྱང་བཀོལ་སྤྱོད་བྱེད་ཀྱི་མེད། ཆ་རྐྱེན་ཡོད་པའི་ཁྱིམ་ཚང་གིས་ད་དུང་གསར་སྐྱེས་ཕྲུ་གུར་རྟེའུ་ཞིག་སྦྱིན་ནས། ཕྲུ་གུ་དང་རྟ་མཉམ་དུ་འཚར་ལོངས་ཡོང་བ་བྱས་ནས་ཉིན་ཞིག་རྟ་རྒྱུག་འགྲན་རར་སྐད་གྲགས་ཆོད་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད།
     ཕ་ཡུལ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཉི་མ་ཤང་དུ། ལྷག་པ་བསམ་གྲུབ་ཀྱི་ཨ་ཕ་དང་སྤོ་བོ་ལགས་ནི་དེ་སྔ་སྐད་གྲགས་ཆོད་པའི་རྟ་རྒྱུག་བདམས་ཐོན་པ་ཡིན་པ་དང་ཁོང་ཚོའི་ཁྱིམ་ལ་ད་ཆ་རྟ་7ཡོད་པ་རེད། དེའི་ནང་། ལོ་5ལ་སླེབས་པའི་ཀྲང་ཅ་ནི་ལྷག་པ་བསམ་གྲུབ་ཀྱིས་དགའ་ཤོས་བྱེད་པའི་རྟ་དེ་རེད། མི་རིང་བའི་བོད་ལྗོངས་འདམ་གཞུང་གི་2020ལོའི་འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་ཐོག་ཁོས་སྨི་10000གི་རྒྱང་རྒྱུགས་ཀྱི་ཨང་གཉིས་པ་བླངས་པ་རེད།
     ལྷག་པ་བསམ་གྲུབ་ཀྱིས་ཡང་འབད་བསྐྱར་འབད་བྱེད་ཆེད། ཨ་ཕས་བྱ་སྒྲོ་ཡག་པོ་ཞིག་བཙལ་ནས་ཁོང་ལ་ཞྭ་མོ་གསར་པ་ཞིག་བཟོས་པ་དང་སྤོ་བོས་ཀྱང་རྟ་ལྕག་ཡག་པོ་ཞིག་བཟོས་ཡོད། ཁོ་འདྲ་བར་འགྲན་ཞུགས་བདམས་ཐོན་པ་ཡིན་པའི་གཅུང་པོ་ཟླ་བ་དོན་གྲུབ་སྣོན་ནས་མེས་དབོན་བཞི་ཡིས་རྟ་གསུམ་འཁྲིད་དེ་ཁྱིམ་དང་བྲལ་ནས་རྩྭ་ཐང་ཐོག་ཟླ་ཕྱེད་ཙམ་རིང་དམིགས་སའི་རང་བཞིན་གྱི་སྦྱོང་བརྡར་བྱས་པ་རེད།
     ཅུང་ནན་པའི་སྦྱོང་བརྡར་ནི་རྟ་ཞོན་མཁན་ཁོ་ནར་དམིགས་པ་མིན་པར། ད་དུང་རྟ་དེ་འགྲན་སྡུར་གྱི་རྣམ་པར་ཞུགས་རྒྱུར་རོགས་རམ་བྱེད་དགོས། ཉིན་ལྟར་རྟ་རྒྱུག་བྱས་རྗེས། རྟ་ཆུ་བོའི་ནང་དུ་ཁྲིད་དགོས། གནའ་བོའི་རྟ་གཡུང་བའི་བྱ་ཐབས་ཁྲོད་དུ། ཆུ་བོས་རྟ་ཡི་ལུས་ཐོག་གི་དབུགས་སྙོམ་སྒྲིག་བྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། རྟ་ཆུའི་ནང་དུ་སྡོད་པའི་དུས་ཚོད་དེ་དེ་སྔོན་རྟ་དེས་རྒྱུག་པའི་གནས་ཚུལ་ལ་རག་ལས་ཡོད་ དེའི་རིང་ལྷག་པ་བསམ་གྲུབ་དང་ཀྲང་ཅ་གཉིས་ཉིན་མཚན་མེད་པར་མཉམ་དུ་བསྡད།
     ཐེངས་འདིའི་འགྲན་བསྡུར་ནང་། འགྲན་ཞུགས་བདམས་ཐོན་པ་160ཚོགས་ཆུང་8ལ་བགོས་པ་དང་ལྷག་པ་བསམ་གྲུབ་ཚོགས་ཆུང་ལྔ་པར་བགོས་ཡོད། ཟླ་བ་དོན་གྲུབ་ཚོགས་ཆུང་དྲུག་པར་ཡོད། འགྲན་རར་མ་ཞུགས་གོང་གཅེན་གཅུང་གཉིས་ཀྱིས་འགྲན་རའི་འགྲམ་དུ་བདམས་ཐོན་པ་གཞན་གྱི་མངོན་ཚུལ་ལ་དོ་ཁུར་བྱེད་བཞིན་བསྡད། ལྷག་པ་བསམ་གྲུབ་ཀྱིས“བདམས་ཐོན་པ་དང་རྟ་འགའ་ཞིག་ཅུང་ཡག་པོ་འདུག མྱུར་ཚད་ཧ་ཅང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཀྱི་འདུག”ཅེས་བཤད་པ་དང་། ད་ཐེངས་ཚང་མས་གྲ་སྒྲིག་ཡག་པོ་བྱས་ཡོད་པས་འགྲན་བསྡུར་བྱེད་སྐབས་སུས་ནུས་པ་འདོན་ཐུབ་མེད་ལ་ལྟ་དགོས་ཞེས་བརྗོད།

     ཡིན་ན་ཡང་ཚོགས་ཆུང་བརྒྱད་ཀྱི་འགྲན་བསྡུར་སྔ་རྗེས་སུ་མཇུག་འགྲིལ་ཡང་། ལྷག་པ་བསམ་གྲུབ་དང་ཟླ་བ་དོན་གྲུབ་གཉིས་ཀྱི་མིང་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་མིང་བྱང་ནང་མངོན་མེད་པ་དང་གཅེན་གཅུང་གཉིས་ཀྱང་མཐོང་རྒྱུ་མེད། སྐབས་དེར་གསར་འགོད་པས་ལྷག་པ་བསམ་གྲུབ་ཀྱིས་འགྲན་བསྡུར་གྱི་སྔོན་ལ་བཤད་པའི་སྐད་ཆ་དེ་དྲན་བྱུང་། “‘རྩྭ་ཐང་གི་ཕྲུ་གུ’རྟ་ལ་དགའ་བ་ནི་འགྲན་བསྡུར་ནང་རྒྱལ་ཕམ་གང་ཡོང་དེ་མིན།”






http://tibet.people.com.cn/15820970.html 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1