༄༅།།ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་མར་རྒྱན་སྒྱུ་རྩལ།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-17




མར་རྒྱན་སྒྱུ་རྩལ།

        དེ་ཡང་འབྲི་མར་སེར་པོས་བཟོས་པའི་མར་རྒྱན་མེ་ཏོག་མཆོད་པ་ནི། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་མཆོད་པའི་རྣམ་གྲངས་ཤིག་ཡིན་པ་དང་དེ་ལ་རིགས་མང་པོ་ཡོད། ཆོ་འཕྲུལ་སྨོན་ལམ་སྐབས་ཀྱི་ཞལ་ཟས་རྒྱ་མཚོའི་མེ་ཏོག་མཆོད་པ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པས་ལྷ་སའི་སྨོན་ལམ་ཆེན་པོ་གསར་འཛུགས་གནང་སྐབས། ཞལ་ཟས་རྒྱ་མཚོའི་རྒྱན་ལ་ཁ་དོག་སྣ་ལྔ་བསྲེས་པའི་འབྲི་མར་གསར་པའི་རྒྱུ་བྱས་ཏེ། མེ་ཏོག་གི་རིགས་མང་པོ་དང་། བཀྲ་ཤིས་རྟགས་བརྒྱད། རིན་ཆེན་རྫས་བརྒྱད། འདོད་ཡོན་སྣ་ལྔ་སོགས་ཀྱི་སྣང་བརྙན་བཟོས་ཏེ་མཆོད་ཚོགས་རྒྱ་ཆེར་ཕུལ་བའི་ལམ་སྲོལ་བཏོད་པ་ནས་བཟུང་། བོད་ཁམས་སྤྱི་དང་། ནང་སྒོས་བོད་ཀྱི་དགོན་སྡེ་ཁག་ལ་དར་ཁྱབ་བྱུང་། རྗེས་སུ་རིམ་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་པོའི་རྣམ་པ་རྒྱ་ཆེར་བྱུང་བ་དང་དུས་མཚུངས་སུ་ཞལ་ཟས་རྒྱ་མཚོའི་མར་རྒྱན་སྟེང་བཀྲ་ཤིས་རྟགས་བརྒྱད་དང་། མེ་ཏོག་སྣ་ཚོགས་ལས་གཞན་པའི་དབྱངས་ཅན་ལྷ་མོ་དང་། ཛམ་ལྷ། ཚེ་དཔག་མེད། སྒྲོལ་དཀར། སྡོམ་བརྩོན་དམ་པ། གཞལ་ཡས་ཁང་། འདོད་ཡོན་སྣ་ལྔ་སོགས་ཀྱི་སྣང་བརྙན་འབུར་གཟུགས་སུ་བཞེངས་པའི་སྲོལ་དར། རོང་བོ་དགོན་ཆེན་གྱི་མར་རྒྱན་སྒྱུ་རྩལ་ལས་གྲུབ་པའི་སྣང་བརྙན་ལ་རིགས་སྣ་ཚོགས་ཡོད་མོད། ད་ལྟ་དར་ཁྱབ་ཆེ་ཞིང་སྐད་གྲགས་ཡོད་པ་ནི་ཆོ་འཕྲུལ་སྨོན་ལམ་སྐབས་ཞལ་ཟས་རྒྱ་མཚོའི་མར་རྒྱན་མེ་ཏོག་མཆོད་པ་དང་། ཐོས་བསམ་གླིང་གི་ལྷ་མོའི་ཚེ་གཏོར་སྐབས་ཀྱི་དཔལ་ལྡན་ལྷ་མོའི་སྤྱན་གཟིགས་མར་རྒྱན་མཆོད་པ་གཉིས་ཡིན།

        གཤམ་དུ་བཀོད་པ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གི་མར་རྒྱན་ལག་རྩལ་ལ་དུངས་བ་ཆེ་བའི་ཨ་བརྟན་ལགས་ཀྱིས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བཅོ་ལྔའི་མཆོད་པ་རུ་བཞེངས་པའི་མར་རྒྱན་སྒྱུ་རྩལ་གྱི་ལག་ཤེས་རི་མོ་ཡིན།

ནོར་བུ་མེ་འབར་གཟུགས་ཀྱི་མར་རྒྱན།

        བྱམས་ཆེན་ཆོས་འཁོར་གླིང་གི་མེ་ཏོག་མཆོད་པའི་ཐུན་མོང་མ་ཡིན་པའི་བཟོ་དབྱིབས་དང་རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས་བོད་རིགས་ས་ཁུལ་དུ་སྐད་གྲགས་ཡོད་ལ་ཁམས་ཁུལ་དུ་ངོ་མཚར་ཆེ་ཞེས་བརྗོད་བཞིན་ཡོད། དེའི་མཚོན་ཚུལ་གྱི་ནང་དོན་དང་། བཟོ་དབྱིབས། སྒྱུ་རྩལ་བཅས་ཀྱི་ཐད་ལི་ཐང་གི་ཁྱད་ཆོས་གང་ལེགས་མངོན་ཡོད་ཅིང་། དེས་བརྐོས་རིས་སྒྱུ་རྩལ་དང་། བོད་རིགས་ཀྱི་ཐང་གའི་སྒྱུ་རྩལ། དམངས་ཁྲོད་སྒྱུ་རྩལ་བཅས་དང་ཟུང་འབྲེལ་གང་ལེགས་བྱས་པས་མེ་ཏོག་མཆོད་པ་དེས་སྣ་མང་ཕུན་སུམ་ཚོགས་པའི་ནང་དོན་མཚོན་པ་དང་། རི་མོ་དང་གཟུགས་བརྙན་གསོན་ཉམས་དོད་པོས་མངོན་ཡོད། ། 


རྟགས་བརྒྱད་བུམ་གཟུགས་ཀྱི་མར་རྒྱན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1