༄༅།།བོད་ཀྱི་གློག་བརྙན་རྩོམ་རིག་གི་བྱུང་འཕེལ་དང་དེའི་སྒྱུ་རྩལ་ཁྱད་ཆོས་སྐོར་གླེང་བ།

སངས་རྒྱས་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། 08-18



སངས་རྒྱས་སྒྲོལ་མ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་གློག་བརྙན་རྩོམ་རིག་སྤྱིའི་གོ་དོན་དང་བོད་ཀྱི་གློག་བརྙན་དང་གློག་བརྙན་རྩོམ་རིག་གི་བྱུང་འཕེལ། སྒྱུ་རྩལ་ཁྱད་ཆོས་བཅས་བརྗོད་ཡོད། 
[གནད་ཚིག] གློག་བརྙན་རྩོམ་རིག  བོད་སྐད་གློག་བརྙན།  བྱུང་འཕེལ།  སྒྱུ་རྩལ་ཁྱད་ཆོས།
གླེང་གཞི།
          འཕེལ་རྒྱས་ཀྱི་ཚ་རླབས་དགུང་དུ་འཕྱུར་བའི་དུས་འདིར་རང་རེའི་བོད་ཀྱི་རྩོམ་རིག་ཐད་གྲུབ་འབྲས་ཡར་ངོའི་ཟླ་བཞིན་འཕེལ་ཏེ་འབྲེལ་ཡོད་ཀྱི་དཔྱད་བརྗོད་དང་བརྩམས་ཆོས་ཆར་རྗེས་ཤ་མོ་བརྡོལ་བ་ཇི་བཞིན་བྱུང་དང་འབྱུང་བཞིན་ཡོད་མོད། གློག་བརྙན་རྩོམ་རིག་གི་སྐོར་མིག་སྔར་དམིགས་སུ་བཀར་བའི་གཞུང་ལུགས་དང་དཔྱད་པ་ཉུང་འདུག་ལ་ཧ་ལམ་མེད་ཅེས་བརྗོད་ཀྱང་ཆོག ཡིན་ཀྱང་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་གློག་བརྙན་རྩོམ་རིག་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱས་ཟིན་པ་མ་ཟད། དེའི་ཕྱོགས་ཀྱི་རིག་གཞུང་དུས་དེབ་དང་དཔྱད་རྩོམ་ས་ཁྱབ་རྡོ་ཁྱབ་དུ་སོང་འདུག དེ་བས་ཁོ་མོས་ནུབ་ཕྱོགས་ཀྱི་གློག་བརྙན་རྩོམ་རིག་གི་གཞུང་ལུགས་དང་འབྲེལ་ནས་བོད་ཀྱི་གློག་བརྙན་རྩོམ་རིག་གི་གོ་དོན་དང་བྱུང་འཕེལ། སྒྱུ་རྩལ་ཁྱད་ཆོས། དེ་མིན་བོད་ལ་གློག་བརྙན་རྩོམ་རིག་ཅེས་པ་འདི་དུས་ནམ་བྱུང་བ་དང་ད་ལྟའི་གནས་བབ་ནི་ག་འདྲ་ཡིན་པ་སོགས་དམིགས་སུ་བཅོལ་ནས་དཔྱད་པ་བཏང་ན་བོད་ཀྱི་རྩོམ་རིག་ཁྲོད་སྟོང་ཆ་ལུས་པའི་གློག་བརྙན་རྩོམ་རིག་འདིའི་སྐོར་ལ་ཁ་སྐོང་གི་ནུས་པ་ཐོན་ཨེ་ཡོང་སྙམ་ནས་བྲིས་པའོ། །
          དང་པོ། གློག་བརྙན་རྩོམ་རིག་གི་གོ་དོན་དང་བྱུང་འཕེལ་བཤད་པ། 
          1.གློག་བརྙན་རྩོམ་རིག་གི་གོ་དོན་བཤད་པ། 
          གློག་བརྙན་ཞེས་པའི་མིང་བརྡ་འདི་ནི་བོད་རང་ལ་སྔ་མོ་ནས་ཡོད་པའི་མིང་བརྡ་ཞིག་མིན་གྱི་ཕྱིའི་རིག་གནས་ནང་འདྲེན་དང་ཚན་རྩལ་གྱི་དར་འཕེལ་དང་བསྟུན་ནས་རིམ་གྱིས་བྱུང་བ་ཞིག་ཡིན། དེ་ཡང་མིང་བརྡ་དང་ཐ་སྙད་གང་ཡིན་ཀྱང་དེ་ཡི་གྲུབ་ལུགས་ནི་གཅིག་མཚུངས་མིན། དེ་བཞིན་གློག་བརྙན་གྱི་མིང་འདིར་དཔྱད་ན་དེ་ནི་ནུབ་གླིང་ནས་དར་བའི་མིང་གསར་ཞིག་ཡིན་ལ། གང་ལ་གཞི་བཅོལ་ཏེ་འདི་ལྟར་བཤད་པ་ཡིན་ཅེ་ན། གློག་བརྙན་བསམ་བློ་པ་དང་གློག་བརྙན་འཁྲབ་ཁྲིད་པ་དག་ནི་དང་ཐོག་ནུབ་གླིང་ནས་བྱུང་བ་དང་། དེ་མིན་འཛམ་གླིང་བཟོ་ལས་གསར་བརྗེ་དང་པོ་དང་གཉིས་པ་དེ་ཡང་རིམ་བཞིན་ནུབ་གླིང་རྒྱལ་ཁབ་ཀྱི་དབྱིན་ཇི་ནས་ཐོག་མར་རླབས་ཤུགས་བསླངས་པ་དེས་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ལ་མཆོང་སྐྱོད་ཆེན་མོ་བྱུང་། དེ་ལས་ཀྱང་བཟོ་ལས་གསར་བརྗེ་ཆེན་མོ་གཉིས་པ་ནི་གློག་ཆས་རིག་པའི་འཕེལ་རིམ་གྱི་གསར་བརྗེ་ཞིག་ཡིན་རྐྱེན། དེ་ཡིས་ཐོག་མར་གློག་བརྙན་གྱི་མིང་བརྡ་འདི་བྱུང་བར་རྨང་བཏང་བ་ཡིན་པར་སེམས། དེར《ཀྲུང་གོའི་ གློག་བརྙན་ལོ་རྒྱུས》ལས།“གློག་བརྙན་ནི་དཔེར་མཚོན་ཅན་གྱི་སྣ་མང་སྒྱུ་རྩལ་ཞིག་ཡིན།”[1]ཅེས་པ་དང་། ཡང་།  《བརྙན་གཟུགས་རྩོམ་རིག》ལས།“  གློག་བརྙན་ནི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་རིགས་ཤིག་ཡིན། དེ་ནི་གློག་འོད་དང་དྲས་སྒྲིག་གི་ཐབས་ལ་བརྟེན་ནས་བརྙན་ཕབ་ལེན་བྱས་པའི་ཡོལ་ངོས་ཀྱི་མུ་འབྲེལ་སྣང་བརྙན་ཅི་རིགས་དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བ་ཚུར་སྣང་དང་ནང་བསམ་བློའི་འགྱུར་བ་ཐད་ཀར་མངོན་བྱེད་ཀྱི་མཚོན་བྱེད་འཛིན་པའི་བརྙན་གཟུགས་ཤིག་ཡིན།[2] འདི་ནི་རྒྱལ་ཡོངས་ཀྱི་འགྲེལ་ལུགས་དང་གཞིར་བཞག་བྱས་ཏེ་གྲུབ་པ་ཡིན། སྒྲ་ཡངས་འཇུག་གི་གློག་བརྙན་ཞེས་བྱ་བ་ནི་གློག་གི་བརྙན་རིས་སུ་ཐག་ཉེ་རིང་གི་ཕྱིའི་སྣང་བརྙན་དང་ནང་གི་བསམ་བློ་མཚོན་པའི་བརྙན་རིས་ཅི་རིགས་མཐུད་སྦྱོར་བྱས་པ་དེ་ཉིད་འགྲེམས་སྟོན་འཕྲུལ་ཆས ﹙幻灯放映﹚ཀྱི་ལག་རྩལ་རིག་པ་དང་སྦྲགས་ནས་མངོན་པར་སྟོན་ཐུབ་པའི་བརྙན་གཟུགས་རང་བཞིན་གྱི་སྒྱུ་རྩལ་འགངས་ཆེན་ཞིག་ཡིན་པར་མ་ཟད། དྲས་སྒྲིག་གི་ཐབས་ལ་བརྟེན་ནས་འགུལ་ཉམས་ཅན་གྱི་མཐོང་བྱའི་གཟུགས་བརྙན་བཞེངས་གྲུབ་བྱེད་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ཅིང་། དེ་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཚན་རིག་དར་སྤེལ་དུ་སོང་བ་ལས་ཐོན་པའི་སྒྱུ་རྩལ་རང་བཞིན་གྱི་ཚན་རིག་བྱུང་འབྲས་དངོས་ཡིན་པའི་ཕྱོགས་བསྡུས་ཅན་གྱི་བརྙན་གཟུགས་རིག་པ་ཞིག་ཡིན། “རང་རྒྱལ་ནས་ཆེས་ཐོག་མར ‘གློག་བརྙན’ཞེས་པའི་ཐ་སྙད་འདི་བཀོལ་སྤྱོད་བྱེད་མཁན་ནི་ཐང་རྒྱལ་རབས་ཀྱི་སྙན་ངག་པ་ཝང་ཐེན་ཅིན﹙王天竞﹚ཡིན་ལ། ཁོང་གི་གནམ་གཤིས་ཀྱི་འགྱུར་ལྡོག་མཚོན་པའི་སྙན་ངག་ཅིག་གི་ཁྲོད་དུ‘电影江前落,雷声峡外长’ཞེས་བཀོད་འདུག འདིར་བསྟན་གྱི་གློག་བརྙན﹙电影﹚ནི་གོང་དུ་བརྗོད་ཟིན་པའི་གློག་བརྙན་གྱི་གོ་དོན་དང་མི་མཚུངས་ལ་དེ་ནི‘ཐོག’འཕངས་པའི་དོན་ཡིན་ཏེ། དེང་རབས་ཀྱི་གློག་བརྙན་མཚན་གཞི་དང་ཧེ་བག་ཆེན་པོ་ལྡན།” [3]《གློག་བརྙན་གྱི་ཤེས་རྟོགས》ལས། “གློག་བརྙན་ལ་དབྱིན་སྐད་དུmoving་picturesཟེར་ལ། མིང་ཚིག་འདིའི་དོན་ནི‘འགུལ་ཉམས་ཀྱི་རི་མོ’ཞེས་པ་དེ་ཡིན།”[4] འདི་ལས་ཀྱང་གློག་བརྙན་སྒྱུ་རྩལ་ལ་མེད་དུ་མི་རུང་བའི་གཡོ་འགུལ་གྱི་རང་བཞིན་དེ་གལ་འགངས་སུ་བསྟན་ཡོད། མདོར་ན་གློག་བརྙན་ནི་གློག་བརྙན་རྩོམ་རིག་དང་འཁྲབ་ཁྲིད་སྒྱུ་རྩལ། འཁྲབ་སྟོན་སྒྱུ་རྩལ། ཕབ་ལེན་སྒྱུ་རྩལ། དྲས་སྒྲིག་གི་སྒྱུ་རྩལ་སོགས་ལྡན་པའི་སྣ་འཛོམས་ཀྱི་སྒྱུ་རྩལ་ཞིག་ཡིན། དེ་ཡང་གློག་བརྙན་རྩོམ་རིག་ནི་གཙོ་བོ་གློག་བརྙན་གྱི་འཁྲབ་གཞུང་ལ་གོ་བ་དང་དེ་ནི་ཡི་གེའི་རྣམ་པའི་སྒོ་ནས་གཟུགས་རིས་དང་སྐད་ཆའི་ཉམས། དེ་མིན་མི་སྣའི་སེམས་ཁམས་ལ་སོགས་ཀྱི་འགྱུར་བ་ཞིབ་དུ་བརྗོད་པ་ལ་བྱ། དེ་ནི་སྒྲུང་གཏམ་དང་མི་འདྲ་བར་དེས་ཚུར་སྣང་གི་དོན་དག་རེ་རེ་ལྟ་མཁན་གྱི་མིག་ལམ་དུ་སྒྲ་དང་གཟུགས་ལྡན་སོགས་སྣ་འཛོམས་སྒྱུ་རྩལ་རང་བཞིན་གྱི་རྣམ་པས་མཁོ་སྤྲོད་གནང་བས་སྒྲུང་གཏམ་གྱི་འཆིང་རྒྱ་ལས་གྲོལ་ཏེ་སྤྱི་ཚོགས་འཚོ་བ་དེ་སྒྲ་གཟུགས་གཉིས་ལྡན་གྱི་སྒོ་ནས་ཕྱིར་མངོན་ཐུབ་བོ། ། 
          2.གློག་བརྙན་གྱི་བྱུང་བ། 
          ﹙1﹚འཛམ་གླིང་དང་ཀྲུང་གོའི་གློག་བརྙན་གྱི་བྱུང་བ། 
          དེ་ཡང་གློག་འོད་བྱུང་བ་དང་སྦྲགས་ནས་གློག་བརྙན་གྱི་ས་བོན་ཡང་རིམ་གྱིས་རྙེད་བྱུང་། སྤྱི་ལོ1825ལོར། ཕེ་ཏིག་མཱ་ཁུ་ལའོ་ཇེན་ཐུ﹙彼德.马克.罗杰特﹚ཡིས་འཕྲུལ་སྡེར་(幻盘)ཞིག་གསར་གཏོད་མཛད་པ་དེ་ནི་ངོས་གཉིས་ལ་མི་དང་སྲོག་ཆགས་ཀྱི་རི་མོ་བྲིས་པ་དང་དེ་ཉིད་བསྐོར་བས་ན་འགུལ་རིས་རང་བཞིན་གྱི་བརྙན་ཐུང་ཞིག་གི་ཚོར་བ་དབང་མེད་དུ་སྦྱིན་པས། དེ་ནི་ཐོག་མའི་བརྙན་གཟུགས་རྩོམ་རིག་གི་སྔ་ཤོས་སུ་གཏོགས་པ་རེད། “1894ལོའི་ལོ་སྨད་དུ་ལའོ་མའེ་ཨེར་སྤུན་མཆེད﹙卢 米 埃 尔 兄 弟﹚གཉིས་ཀྱིས་སྔ་རབས་པ་དག་གི་གྲུབ་འབྲས་རྨང་གཞིར་བྱས་ཐོག་བརྙན་ཐུང 《བཟོ་གྲྭའི་སྒོ་ཆེན》﹙工厂大门﹚ཞེས་པ་པར་རིས་འགྲེམས་སྟོན་ཁང་ཞིག་ཏུ་དངོས་སུ་བཀྲམ། དེ་ནི་ངེས་པ་དོན་གྱི་འཛམ་གླིང་གློག་བརྙན་དང་པོའི་ཟིན་ཐོ་བརྒལ།”[5]  སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་གློག་བརྙན་གྱི་འདུ་ཤེས་དང་རིན་ཐང་རིམ་གྱིས་འཕོ་འགྱུར་བྱུང་བར་མ་ཟད། དུས་རབས་གསར་བའི་གློག་བརྙན་རྩོམ་རིག་རིག་གནས་ཀྱི་ལོ་རྒྱུས་རྡོ་རིང་གསར་པ་ཞིག་ཏུ་གྱུར་པ་རེད། 
          རྒྱའི་ལུགས་ལྟར་ན་ཀྲུང་གོའི་གློག་བརྙན་ནི་ཧན་རྒྱལ་རབས་སུ་སྒྲོན་བརྙན་ཟློས་གར་བྱུང་བ་དང་རིམ་གྱིས་སྲོལ་རྒྱུན་ཟློས་གར་བྱུང་མགོ་ཚུགས། གློག་བརྙན་གྱི་བྱུང་བ་དེ་ཡང་སྲོལ་རྒྱུན་ཟློས་གར་དང་འབྲེལ་བ་དམ་པོ་མཆིས་པས། ཀྲུང་གོའི་སྲོལ་རྒྱུན་ཟློས་གར་དེ་ཀོ་བརྙན་ཟློས་གར﹙皮影戏﹚ལ་ངོས་འཛིན་པ་ཡིན། དེ་ནི་ཀོ་བས་མིའི་གཟུགས་སུ་བཟོས་ཏེ་མི་འགས་ལག་པ་བརྟེན་ནས་ཡོལ་ངོས་སུ་འཁྲབ་སྟོན་བྱེད་པ་ལ་ཟེར། འཛམ་གླིང་དུ་གློག་བརྙན་བྱུང་བའི་ཕྱི་ལོར་ཀྲུང་གོའི་ཧྲང་ཧེ་གྲོང་ཁྱེར་དུ་འཁྲབ་ཁྲིད་པ་ཐོག་མ་རིན་ཆན་ཐའེ﹙任庆泰﹚ཡིས་བཟོས་པའི 《ཏེན་ཅིན་རི་བོ》﹙ 定军山﹚ནི་ཟློས་གར་རང་བཞིན་གྱི་གློག་བརྙན་ཞིག་ཡིན་པས། ཀྲུང་གོའི་གློག་བརྙན་གྱི་ཐོག་མ་ཡིན་ཅེས་བརྗོད་ཆོག་ལ། ཀྲུང་གོའི་གློག་བརྙན་གྱི་འཕེལ་རྒྱས་དངོས་དེ་ཀྲུང་ཧྭ་མིན་གོ་ནས་བཟུང་ཏེ་དར་མགོ་ཚུགས་ཏེ། 《བཟའ་སྡུག》﹙难夫难妻﹚ཅེས་པའི་གཏམ་རྒྱུད་གློག་བརྙན་ཐོག་མ་དེ་དངོས་སུ་བཀྲམ་པ་ནས་བཟུང་ཀྲུང་གོའི་གློག་བརྙན་གྱི་གསར་བརྗེ་དང་འཕོ་འགྱུར་ཕྱོགས་ཀྱི་འདུ་ཤེས་གསར་པ་བྱུང་། 
          ﹙2﹚བོད་སྐད་གློག་བརྙན་གྱི་བྱུང་བ།
          རྩོམ་རིག་སྤྱིའི་འཕེལ་རྒྱས་དང་བསྟུན་ནས་བོད་ཀྱི་རྩོམ་རིག་རིག་གནས་དེ་ཡང་མི་རིགས་གཞན་པའི་ཁྲོད་ནས་ངོ་གནོང་མི་དགོས་པའི་ཚད་ལ་སླེབས་ཡོད་པ་དང་གོ་གནས་ཀྱང་གལ་ཆེན་ཟིན་ཡོད་པ་རེད། དེ་ཡང་ཚན་རྩལ་གྱི་མཚོ་མོ་རབ་དུ་རྒྱས་པའི་དེང་གི་སྤྱི་ཚོགས་འདིར་འགྲོ་བ་མིའི་འཚོ་བའི་དགོས་མཁོ་དང་དུས་ཀྱི་འཕེལ་ཕྱོགས་ཤིག་གིས་གློག་བརྙན་ནི་རྒྱུན་ལྡན་འཚོ་བའི་ཁྲོད་མེད་མི་རུང་བའི་ཡོ་བྱད་ཅིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པས། ཐེམ་པ་སྔ་བརྒལ་གྱི་ཚུལ་གྱིས་གློག་བརྙན་རྩོམ་རིག་འདི་ཡང་རིམ་གྱིས་བོད་ཀྱི་རྩོམ་རིག་དོ་རའི་ཀློང་ལ་ཚུད་དེ་གཉོམ་ལག་རྒྱས་མགོ་ཚུགས། 《སྙན་ངག་མེ་ལོང་》ལས། “སྔོན་བྱུང་གཏམ་ལས་གྱུར་པའམ། །ཅིག་ཤོས་ལེགས་པ་ལ་བརྟེན་པ། །”[6] ཞེས་པ་ལྟར། དེང་རབས་བོད་ཀྱི་གསར་དར་གྱི་གློག་བརྙན་རྩོམ་རིག་འདི་གཞི་ནས་བོད་ལ་དར་ཁྱབ་བྱུང་ཐུབ་པའི་རྒྱུ་དང་། ཡང་ན་འདིའི་ས་བོན་དུ་གྱུར་པ་ནི། གཅིག་ནས་ནུབ་ཕྱོགས་ཀྱི་རིག་གནས་ནང་འདྲེན་བྱས་པ་དང་བསྡེབས་ནས་རང་རྒྱལ་གྱི་རྩོམ་རིག་གསར་རྩོམ་གྱི་ཁོར་ཡུག་ཅིག་ངང་གིས་བསྐྲུན། གཉིས་ནས་བོད་ཀྱི་ཟློས་གར་རྩོམ་རིག་ལ་ལད་ཟློས་བྱས་ཏེ་བོད་ཀྱི་གློག་བརྙན་གྱི་འཁྲབ་གཞུང་བརྩམས་པ་དང་། དེའི་རྗེས་སུ་སྒྲུང་གཏམ་རྩོམ་པའི་ཐབས་ཚུལ་ལ་བསླབ་ནས་ད་ལྟའི་རྣམ་པ་དང་ཁྱད་ཆོས་ཡོངས་སུ་གྲུབ་པ་ཡིན། 
          དེ་ཡང་འཛམ་གླིང་གསར་གཏོད་པ་ཆེན་མོ་ཕེ་ཏིག་མཱ་ཁུ་ལའོ་ཇེན་ཐུ﹙彼德 • 马克 • 罗杰特﹚ཡིས་འཕྲུལ་སྡེར ﹙幻 盘﹚ཞིག་གསར་དུ་མཛད་པ་དང་སྦྲགས་ནས་ཐོག་མའི་གློག་བརྙན་གྱི་ས་བོན་རྙེད་པ་རེད། ཕྱིས་སུ་ཨེ་ཏི་ཧྲིན﹙爱迪生﹚ གྱིས་གློག་བརྙན་སྟོན་འགྲེམས་འཕྲུལ་ཆས﹙电影放映机﹚གསར་དུ་བཟོས་པ་ཡིས་འཛམ་གླིང་དུ་གློག་བརྙན་གྱི་རིག་པ་གསར་པའི་རྒྱུན་བསླངས། བྱ་དངོས་ཐམས་ཅད་རྟེན་འབྲེལ་གྱི་ཚུལ་དུ་གནས་པས་བོད་དུ་གློག་བརྙན་རྩོམ་རིག་དར་འཕེལ་དུ་འགྲོ་ཐུབ་པའང་གོང་དུ་བརྗོད་ཟིན་པའི་མཁས་དབང་རླབས་ཆེན་དག་གི་བྱས་རྗེས་གཙོར་བྱས་ནས་ཕྱིའི་རིག་གནས་དང་ལེན་དང་ནང་འདྲེན་བྱས་ཏེ་གཞི་ཚུགས་པ་ཞིག་ཡིན་པ་མ་སྨྲས་ཀུན་གསལ་རེད། “རང་རེའི་བོད་དུ་ཟློས་གར་ཙམ་པོ་བ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཡར་སྔོན་ནས་ཡོད་པར་ངེས་ཏེ། རྒྱལ་པོ་སྲོང་བཙན་སྒམ་པོས་བལ་བཟའ་དང་རྒྱ་བཟའ་བཙུན་མོར་ལེན་སྐབས་བོད་ཀྱི་རྒྱལ་བློན་འབངས་དང་བཅས་པས་བསུ་བ་དང་དགའ་སྟོན་གྱི་ཟློས་གར་ཆེན་མོ་བྱས་པ་གཙུག་ལག་ཁང་དང་པོ་ཏ་ལའི་ལྡེབས་རིས་སུ་བྲིས་ཡོད།”[7]ཅེས་པ་ལས་བོད་མི་རིགས་འདིར་སྔ་མོ་ནས་སྒྱུ་རྩལ་རང་བཞིན་གྱི་ཟློས་གར་རྩོམ་རིག་གི་སྨྱུ་གུ་དེ་འབུས་ཟིན་པ་དང་དེས་ཀྱང་དེང་སྐབས་ཀྱི་གློག་བརྙན་རྩོམ་རིག་གི་བྱུང་བ་ལ་རྨང་བཏིང་བ་རྟོགས་ཐུབ། ཨ་རིའི་གློག་བརྙན་གཞུང་ལུགས་པ་ཧོ་ཧཱ་ཏུག་གིས “གློག་བརྙན་གྱི་སྒྲིག་གཞི་དང་ཐབས་ལམ་སོགས་ནི་ཟློས་གར་གྱི་ལོ་རྒྱུས་ལས་འཕེལ་འགྱུར་བྱུང་བའི་རིམ་པ་གསར་པ་ཞིག་ཡིན།”ཅེས་པ་ལྟར་དུ་བོད་ཀྱི་གློག་བརྙན་རྩོམ་རིག་གི་ཐོག་མའི་བྱུང་བའང་ཟློས་གར་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། ཟློས་གར་ནི་འཁྲབ་སྟོན་གྱི་གར་སྟེགས་ངེས་གཏན་ཞིག་ནས་གཏམ་རྒྱུད་ཅིག་གི་བརྗོད་དོན་དེ་འཁྲབ་སྟོན་པའི་ལུས་ངག་ཡིད་ཀྱི་རྣམ་འགྱུར་ལ་བརྟེན་ནས་གསལ་པོར་སྟོན་པ་དང་དེ་ཡང་འཁྲབ་གཞུང་གཞིར་བཞག་བྱས་པ་ནི་སྨོས་མ་དགོས་པ་རེད། དེ་གཉིས་ཀྱི་ཁྱད་པར་ཙམ་ནི་གློག་བརྙན་ཁོ་རང་བརྙན་སྟོན་འཕྲུལ་ཆས་བརྒྱུད་ནས་ལྟ་མཁན་གྱི་མཐོང་ལམ་དུ་དྲངས་པ་དང་ཟློས་གར་དང་བསྡུར་ན་ཕྱོགས་གང་ཅིའི་ཐད་ནས་ཅུང་རང་དབང་ཡིན་པ། དཔེར་ན། ཟློས་གར་གྱི་འཁྲབ་སྟོན་དེ་དུས་ངེས་ཅན་དང་གནས་ངེས་ཅན་ཞིག་ནས་འཁྲབ་པ་ལས་གློག་བརྙན་ལྟ་བུར་དྲས་སྒྲིག་གི་ཐབས་ལ་བརྟེན་མེད་པས་མི་སྣ་དང་ས་གནས་ཀྱི་གར་སྟེགས་དངོས་དེ་མེད་ཚེ་ཡང་བསྐྱར་རོལ་མྱོང་ཞིག་བྱ་སྙམ་ན་དེ་ནི་དཀའ་བའི་ལས་སུ་གྱུར་འདུག འོན་ཏེ། གློག་བརྙན་ནི་དེ་ལས་བརྒལ་དེ་གཏམ་རྒྱུད་ཅིག་གི་རིམ་པ་བརྙན་ཕབ་ཚར་བ་ནས་བཟུང་སྟེ་རང་གི་མོས་པ་ལྟར་དྲ་རྒྱའི་ལམ་ནས་ལྟ་ཐུབ་པ་ཡིན། མདོར་ན། བོད་ཀྱི་གློག་བརྙན་ནི་ཕྱིའི་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན་དང་བོད་རང་གི་ཟློས་གར་གྱི་རྩོམ་ལུས་དང་ཤན་ཞུགས་ནས་བྱུང་བ་ཡིན། 
          བོད་ཀྱི་ཐོག་མའི་གློག་བརྙན་ལོ་རྒྱུས་ནི་ཕྱིའི་རྒྱལ་ཁབ་ནས་མགོ་བརྩམས་པ་དང་། འོན་ཀྱང་དེ་ནི་བོད་ཀྱི་འཚོ་བ་དང་སྲིད་འབྱོར་རིག་གསུམ་ལ་འབྲེལ་བ་ཡོད་པ་ཙམ་ལས་བོད་རང་གི་གློག་བརྙན་དངོས་མིན་དེ། དེ་དག་བོད་ཀྱི་ལོ་རྒྱུས་དངོས་ཡིན་པའི་ངེས་བའང་མེད། རྒྱུ་མཚན་ནི་ཕྱི་ཐོན་གློག་བརྙན་ནི་བོད་ཀྱི་བསམ་བློ་ཙམ་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་འགའ་ཕྱིར་མཚོན་པ་ལས་བོད་ཀྱི་གློག་བརྙན་དངོས་ནི་མིན་ལ་ཡིན་པའི་དགོས་པའང་མེད། ཀྲུང་གོའི་རང་རྐྱ་གློག་བརྙན་གྱི་དུས་སྐབས་སུ་བོད་ཀྱི་གློག་བརྙན་ལོ་རྒྱུས་དངོས་བྱུང་བ་རེད། དེ་ནི་བོད་རང་གི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་རྐྱང་རྐྱང་གིས་འཁྲབ་པའི་བོད་སྐད་ཀྱི་གློག་བརྙན་ཐོག་མ 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》 ﹙《静 静 的 嘛呢石》﹚ ཞེས་པ་དེ་ཡིན། དེ་ལས་བོད་ཀྱི་བསམ་བློ་དང་འཚོ་བ། དུས་བབ་བཅས་ལ་གཞིགས་ནས་གྲུབ་པའི་གློག་བརྙན་ཞིག་ཡིན་པར་མ་ཟད། གནའ་དེང་རིག་གནས་ཀྱི་འགལ་ཟླ་མཚོན་པའི་འཚོ་བ་དངོས་ཀྱི་གློག་བརྙན་གལ་ཆེན་ཞིག་ཡིན། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པའི་གློག་བརྙན་འདི་རྒྱལ་སྤྱིའི་གློག་བརྙན་འགྲན་བསྡུར་དུ་ཞུགས་ནས་བྱ་དགའ་མང་པོ་ཐོབ་པ་དང་རིམ་གྱིས་འཛམ་གླིང་གློག་བརྙན་གྱི་གྲས་སུ་ཚུད་ཅིང་ཕྱི་ནང་རིག་གནས་ཀྱི་སྦྲེལ་ཟམ་ཆེན་མོ་ཞིག་གི་ནུས་པ་ཐོན། བོད་སྐད་གློག་བརྙན་གྱི་ལོ་རྒྱུས་དང་དུས་སྐབས་ཀྱང་ངང་གིས་སྒོ་འབྱེད་བྱུང་ཞིང་འཕེལ་ནས་བོད་རང་གི་གློག་བརྙན་གྱི་ཞིབ་འཇུག་མི་སྣ་དང་དཔུང་སྡེ་ཡི་སྐས་རིམ་ཞིག་ངང་གིས་གྲུབ། སྤྱི་ལོ2005ནས་བཟུང་བོད་ཀྱི་འཁྲབ་ཁྲིད་པ་ཐོག་མ་པདྨ་ཚེ་བརྟན་གྱིས《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པ་དེ་ཕབ་སྐྲུན་དང་འགྲེམ་སྟོན་བྱས་པ་བརྒྱུད་བོད་སྐད་གློག་བརྙན་གྱི་བརྩམས་ཆོས་དང་འཁྲབ་གཞུང་ཡང་མི་ཉུང་བ་ཞིག་བྱུང་བ་དང་བོད་རང་གི་སྐད་ལས་གྲུབ་པའི་གློག་བརྙན 《རྟ་མགྲིན་དབང་མོ》   《སྒྲོལ་མའི་མགུལ་རྒྱན》   《དབུས་ལམ་གྱི་ཉི་མ》 《ས་སྲོད་ཀྱི་སྨྲེ་ངག》  《ཁྱི་རྒན》 《འཚོལ》སོགས་བོད་ཀྱི་གློག་བརྙན་རབ་དང་རིམ་པ་བྱུང་། བོད་ཀྱི་གློག་བརྙན་རྩོམ་རིག་བྱུང་བ་དེས་བོད་ཀྱི་རྩོམ་རིག་སྤྱི་ལ་གསར་ཐོན་དང་སྒྱུ་རྩལ་གྱིས་ཁ་སྐོང་མཛད་པ་དང་རང་རྒྱལ་གྱི་གློག་བརྙན་ལོ་རྒྱུས་སྟེང་སྔ་ན་མེད་པའི་རྡོ་རིང་བསླངས།
          གཉིས་པ། བོད་འབྲེལ་གློག་བརྙན་དང་བོད་སྐད་གློག་བརྙན་བཤད་པ། 
          1.བོད་འབྲེལ་གློག་བརྙན། 
          བོད་འབྲེལ་གློག་བརྙན་ཞེས་པ་ནི་གློག་བརྙན་དེའི་བརྗོད་བྱ་ཙམ་ནི་བོད་ཀྱི་འདས་པའི་ལོ་རྒྱུས་དང་སྒྱུ་རྩལ་གྱི་རྣམ་པ་ཞིག་ལས། དོན་གྱིས་དེ་དག་བོད་མི་རིགས་ཀྱི་རང་གཤིས་དང་འདུ་ཤེས། འཚོ་བའི་གོམས་སྲོལ་དང་སྤྱོད་ཚུལ་དངོས་མཚོན་པའི་གློག་བརྙན་ཚད་ལྡན་དང་དངོས་མ་ཞིག་གཏན་ནས་མིན། དུས་རབས་ཉི་ཤུ་ཙམ་ནས་བཟུང་ཕྱིའི་རྒྱལ་ཁབ་དང་རང་རྒྱལ་སོགས་ནས་བོད་ཀྱི་འཚོ་བའི་ཟུར་དང་རིག་གནས་ཀྱི་ཕྱོགས་ཤིག་མཚོན་པའི་གློག་བརྙན་འགའ་རེ་བྱུང་། དེ་ཡང་ཕྱི་གླིང་ནས་དར་བའི་བོད་འབྲེལ་གློག་བརྙན་ཐོག་མ་ནི1921ལོར་འཇར་མན་རྒྱལ་ཁབ་ཀྱིས་ཕབ་སྐྲུན་མཛད་པའི 《ཤི་གསོན》﹙生和死﹚ཅེས་པ་དེ་ཡིན། འོན་ཀྱང་རང་ཉིད་ཀྱི་ནུས་ཡོན་དང་དུས་བཀག་གང་མང་ཞིག་གི་དབང་གིས་འདི་ཉིད་དངོས་སུ་ལྟ་མ་ཐུབ་ཀྱང“བོད་མིའི་རིག་གནས་དྲ་བ”དང་འབྲེལ་ཡོད་གསར་འགྱུར་བརྒྱུད་པ་དང་དུས་ཀྱི་ཆ་ནས་དེ་ལས་སྔ་བའི་བོད་འགྲེལ་གློག་བརྙན་ཞིག་མེད་སྙམ། གཞན་ཡང 《རི་བོ་ཧི་མ་ལ་ཡ》དང《སྲེད་པ》 《ཡ་གླིང་གི་དྲག་རླུང》 《འཁོར་བ》 《ཧི་མ་ལ་ཡའི་གདོང་འབག》  《འགག་ལམ》 《རྨེག་མེད་དུ་གྱུར་པའི་གནམ་སའི་འབྲེལ་མཚམས》   《གངས་ལྗོངས་ཀྱི་སྐྱེ་དངོས》  《ཧི་མ་ལ་ཡའི་གདོན་འདྲེ》 《ངའི་ཡོད་ཚད》《རླུང་རྟ》  《ལྷ་སར་གནས་པའི་ལོ་བདུན》སོགས་ནི་ཕྱི་གླིང་རྒྱལ་ཁབ་ནས་བྱུང་བའི་བོད་ཀྱི་འཚོ་བའི་ཟུར་མཚོན་པའི་བོད་འབྲེལ་གློག་བརྙན་དག་ཡིན། དེ་ལས་ཀྱང་སྐབས་དེའི་ཚབ་མཚོན་རང་བཞིན་ལྡན་པའི་གློག་བརྙན་ནི་ཧྥ་རན་སིའི་གློག་བརྙན་འཁྲབ་ཁྲིད་པ་ཨུ་རེ་ཁུ་བཱ་ལེའེ་ཡིས  《རི་བོ་ཧི་མ་ལ་ཡ》 ཞེས་པའི་གློག་བརྙན་འདི་ཉིད་ཡིན་ཏེ། འདི་ལས་རི་བོ་ཧི་མ་ལ་ཡའི་འདབས་རོལ་ན་གནས་པའི་བོད་རིགས་ཚོ་བ་ཞིག་གིས་ཕ་རིང་དང་བུ་རྒྱུད་ལ་ཚྭ་བ་སྐྱེལ་འདྲེན་བྱས་ནས་འཚོ་བ་རོལ་པ་དང་། ཐེངས་ཤིག་གི་སྐྱེལ་འདྲེན་ཁྲོད་རུ་དཔུང་གི་མགོ་གཙོ་ལྷག་པ﹙སྡེ་དཔོན་རྒན་པ་འཕྲིན་ལས་ཀྱི་བུ་ཡིན﹚སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བས་མིང་ལ་སྐར་མ་ཞེས་པའི་གསར་རྒོད་དེ་དཔོན་སར་འདུག་རྒྱུར་བྱས་ཀྱང་། རྒད་པོ་འཕྲིན་ལས་ཀྱིས་སྐར་མས་རང་གི་བུ་ངན་གསོད་བྱས་པ་དང་། ད་དུང་དཔོན་སར་ཧམ་སེམས་བཅངས་པ་ཡིན་ཟེར་ནས་སྐར་མ་རང་གི་དགྲ་ལྟར་བཟུང་ནས་ཚྭ་སྐྱེལ་འདྲེན་བྱེད་པར་ཁོ་དང་ནར་མ་སོན་པའི་ལྷག་པའི་བུ་འགྲོ་དགོས་པ་དང་། ད་དུང་མོ་པ་མོ་རྩིས་དང་ལྷ་པས་ལྷ་རྩིས་བྱས་ནས་ཉིན་བཟང་སྐར་བཟང་ཞིག་ལ་ཚྭ་སྐྱེལ་འདྲེན་དུ་འགྲོ་དགོས་ཞུས་ཀྱང་མི་མང་ཤོས་ཀྱིས་རྒྱབ་སྐྱོར་མ་གནང་བ་དང་ཁོ་དང་སྐར་མ་གཉིས་ཀྱིས་རང་རང་སར་དཔུང་ཁག་བགོས་ནས་ཕྱོགས་གཉིས་སུ་གྱེས་ཏེ། སྐར་མས་སྡེ་པའི་ནང་གི་གསར་རྒོད་ཚོ་དང་མཉམ་དུ་རྩིས་པའི་ཉིན་དེར་མ་བསྒུག་པར་སྔོན་དུ་ལམ་ལ་ཆས། རྒད་པོ་འཕྲིན་ལས་ཀྱིས་ཀྱང་རང་དང་ན་མཉམ་གྱི་རྒན་པ་འགའ་ཤས་དང་རང་གི་ཚ་བོ་ཚེ་རིང་། གཞན་ཡང་དགོན་པ་ན་གྲྭ་པ་ཡིན་པའི་བུ་ནོར་བུ་སོགས་ཁྲིད་དེ་ཚྭ་སྐྱེལ་འདྲེན་གྱི་ལམ་ལ་ཆས་ནས་ལམ་བར་གྱི་དཀའ་བ་ཁྱད་དུ་བསད་ནས་སྔོན་ལ་ཆས་ཟིན་པའི་སྐར་མའི་ཚྭ་སྐྱེལ་དཔུང་ཁག་དང་ཐུག་ནས་མཚན་སྡོད་བྱས། འཕྲིན་ལས་ཀྱིས་གནའ་བོའི་སྲོལ་རྒྱུན་དང་གོམས་སྲོལ་ལྟར་མེའི་ནང་དུ་ཚྭ་ཕངས་ནས་ཧྲག་སྒྲ་གྲགས་ན་ནི་གནམ་ཟླ་ཡག་ཤོས་ཡིན་པ་དང་དེ་ལས་ལྡོག་ན་གནམ་ངོ་འགྱུར་ལྡོག་འབྱུང་རྒྱུ་ཡིན་ཅེས་ཧྲག་སྒྲ་གྲགས་རྒྱུ་མ་བྱུང་བས། འཕྲིན་ལས་ཀྱིས་རུ་དཔུང་ལམ་ལ་ཆས་རྩིས་བྱས་ནས་སྐར་མར་ཡང་ལམ་ལ་ཆས་ཞེས་སྐུལ་མ་བཏང་ཡང་ཁོ་བོས་རང་གི་མདུན་ལམ་དེ་རང་ཉིད་ཀྱིས་ཚོད་འཛིན་པ་མ་གཏོགས་མོ་རྩིས་དང་ལྷས་གནང་བ་ག་ལ་ཡིན་ཟེར་ནས་མ་སོང་བར་བསྡད། ཡིན་ཀྱང་གནམ་ཟླ་དེ་འཕྲིན་ལས་ཀྱིས་རྩིས་བྱས་པ་ལྟར་འགྱུར་བ་བྱུང་ནས་ཁོ་ཚོ་ལམ་བར་དུ་ཁ་ཆར་གྱི་དཀའ་བས་གཙེས་ནས་ཀྱག་ཀྱོག་གི་འཕྲང་ལམ་མྱུལ་ནས་མཇུག་མཐར་འཕྲིན་ལས་ཀྱིས་ཚྭ་སྐྱེལ་དཔུང་ཁག་གི་མགོ་གཙོའི་ལས་འགན་དེ་སྐར་མའི་ལུས་ལ་བཅོལ་ནས་འཕྲིན་ལས་ཀྱིས་ཚེ་སྲོག་ཀྱང་ལམ་བར་ནས་ཟད། གློག་བརྙན་འདི་ལས་བོད་ཀྱི་ཚོ་པ་ཞིག་གིས་རང་གི་འཚོ་བའི་ཆེད་དུ་མི་རབས་ནས་མི་རབས་བར་ཉམས་མྱོང་གསོག་འཇོག་དང་སྲོལ་རྒྱུན་དར་སྤེལ་དུ་གཏོང་བའི་ལོ་རྒྱུས་དངོས་ཤིག་ཟུར་གྱིས་མཚོན་པར་བྱས་ཡོད། 
          རང་རྒྱལ་གྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཡུལ་དུའང་སྔོན་ནས་བོད་ཀྱི་འཚོ་བ་མཚོན་པའི་བོད་འབྲེལ་གློག་བརྙན་བྱུང་བ་ནི 《ཕོར་བ》 《ཆོས་དང་འཇིག་རྟེན》 《བླ་མ་ཆུང་ཆུང》 《སྒྱུ་འཕྲུལ་པ་དང་ཡུལ་སྐོར་པ》 སོགས་གང་མང་ཞིག་ཡོད། དེ་ལས  《ཕོར་བ》ནི་རྫོང་ས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་འཁྲབ་ཁྲིད་བྱས་པ་དང་འཁྲབ་སྟོན་པའང་དགོན་པའི་གྲྭ་བཙུན་དག་དང་འཁྲབ་བྱའི་བརྗོད་དོན་ཀྱང་གྲྭ་པའི་འཚོ་བ་དངོས་མཚོན་པའི་དོན་དངོས་ཀྱི་དགོན་པའི་གློག་བརྙན་ཞིག་ཡིན་པར་མ་ཟད་འབྲུག་ཡུལ་རྒྱལ་ཁབ་ཀྱི་ཆེས་ཐོག་མའི་གློག་བརྙན་ཡང་ཡིན། གློག་བརྙན་འདི་ལས་བསང་དུད་ཀྱིས་གང་བའི་དབེན་པའི་གནས་ཀྱི་དགོན་པ་དེ་ཡི་གྲྭ་པ་དག་ཕྱིའི་རིག་གནས་ལ་བསླང་བའི་སྤྲོ་བ་དེ་ཡིས་ཆོས་དང་འཇིག་རྟེན་གྱི་བར་མཚམས་ན་གཡོ་བའི་བསམ་བློ་དེ་ངང་གིས་མཚོན་ཡོད། 
          2. བོད་ཀྱི་གློག་བརྙན། 
          བོད་ཀྱི་གློག་བརྙན་ནི་བོད་དག་མའི་སྐད་དང་ཡུལ་སྲོལ། སེམས་ཁམས་དང་ལྟ་སྟངས། ཡུལ་བབ་དང་གནའ་དེང་རིག་གནས་ལ་སོགས་འཁྲབ་ཁྲིད་འཁྲབ་སྟོན་བྱས་པའི་བོད་ཀྱི་རང་གིས་སྤེལ་བའི་གློག་བརྙན་ལ་ཟེར་པ་ཡིན།  《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》  《སྒྲོལ་མའི་མགུལ་རྒྱན》   《དབུས་ལམ་གྱི་ཉི་མ》   《ས་སྲོད་ཀྱི་སྨྲེ་སྔགས》  《ཁྱི་རྒན》 《འཚོལ》 《མོ་སྟོན་ཕག་མགོ》  《ཁ་སང་གི་གཏམ་རྒྱུད》  《ཨ་རིག་བུ་མོ་འབྲི་བརྒྱ་མ》   《ཨ་ཁུ་སྟོན་པ》   《དམ་བཅའ》   《རྒྱན་སྐུགས》   《རྨ་ཁ》  《རྩྭ་ཐང་གི་གཏམ་རྒྱུད》  སོགས་བོད་རང་གི་གློག་བརྙན་མི་ཉུང་བ་ཞིག་རིམ་གྱིས་བྱུང་བ་ཡིན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནི་བོད་ཀྱི་སྲོལ་རྒྱུན་ནང་བསྟན་རིག་གནས་ཀྱི་གོམས་ལུགས་དང་གནའ་སྲོལ་གྱི་ཆོ་ག་ཅི་རིགས་ཟུར་ཙམ་གཞི་བྱས་ཏེ། གནའ་དེང་གི་རིག་གནས་བར་གྱི་འདྲེས་སྦྱོར་བྱས་པ་བརྒྱུད་ནས་འཚོ་བའི་འཕེལ་ལུགས་དང་རྒུད་ལུགས་ཀྱི་འཐབ་རྩོད་མངོན་པར་མཚོན་པའི་དེང་རབས་བོད་ཀྱི་གློག་བརྙན་ལོ་རྒྱུས་ཅན་གྱི་གནས་བབ་ཡང་རྩེར་སོན་འདུག གློག་བརྙན་དེ་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་བས་མཐའི་དགོན་པ་ཆུང་ཆུང་ཞིག་ནས་བསླབ་པ་ལ་བརྩོན་བཞིན་པའི་བན་དེ་ཆུང་ཆུང་ཞིག ཕ་ཡུལ་གྱི་ལོ་སར་ལ་ཕྱིན་པའི་གཏམ་རྒྱུད་བརྗོད་པ་གཞིར་བཟུང་ནས་བོད་ཀྱི་དགོན་སྡེའི་སྲོལ་རྒྱུན་རིག་གནས་ཀྱི་སྣང་བརྙན་དང་དམངས་སྲོལ་རིག་གནས་ཀྱི་ངོ་གདོང་། དེང་རབས་རིག་གནས་འཕེལ་ལུགས་དང་འགལ་འདུའི་རྣམ་པ་སོགས་མངོན་པར་བཞེངས་བསྐྲུན་བྱས་ཡོད། གློག་བརྙན་འདི་ཡིས་བོད་ཀྱི་གློག་བརྙན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད་བྱུང་བར་མ་ཟད། འཛམ་གླིང་གློག་བརྙན་གྱི་ལོ་རྒྱུས་ཐོག་མི་རིགས་ཤིག་གི་སྔོན་ཐོན་གྱི་བསམ་བློ་དང་ཡར་རྒྱས་ཀྱི་གོམ་ཁ་དེ་འང་ཕྱི་ཕྱོགས་ལ་བསྐྱོད་པའི་སྒོ་མོ་ཕྱེ་བ་ཡིན་ནོ། ། དེ་ཡང་གློག་བརྙན་འདིར་གདེང་འཇོག་དང་ཚད་མར་འཛིན་པ་ནི་རང་རེའི་བོད་མི་ཙམ་དང་རང་རྒྱལ་གྱི་ཆེད་མཁས་འགའ་མ་ཡིན་པར་སྐབས་འགའི་གློག་བརྙན་དུས་ཆེན་ཐོག་ཀྱང་བྱ་དགའ་དང་གཟེངས་བསྟོད་མི་དམན་པ་ཐོབ། སྤྱི་ལོ2005ལོར《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ལ་ཁོ་རེ་ཡ་ཧྥོ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན﹙韩国釜山国际电影节﹚ལས།  ”དར་སྲོལ་གསར་པའི་ཁྱད་འཕགས་བྱ་དགའ”﹙新潮流特别大奖﹚ཞེས་པའི་གློག་བརྙན་གྱི་རྒྱལ་སྤྱིའི་རྟགས་མ་ཐོབ་ཡོད་ལ། ཁ་ན་ཏའི་གློག་བརྙན་དུས་ཆེན་ཆེན་མོ་གསུམ་གྱི་ཡ་གྱལ་བིན་ཀི་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི”སྟག་འབྲུག་ཁྱད་འཕགས་ཀྱི་མཚན་སྙན་བྱ་དགའ”ཐོབ་མྱོང་བར་མ་ཟད། དེ་མིན། རང་རྒྱལ་གྱི་སྐབས་ཉེར་ལྔ་པའི་ཀྲུང་གོ་གློག་བརྙན་གསེར་བྱ་རྟགས་མའི་ཕུལ་བྱུང་འཁྲབ་ཁྲིད་པའི་ཐོག་མའི་བརྩམས་ཆོས་བྱ་དགའ་འཐོབ་པས། གློག་བརྙན་འདི་ནི་སྤྱིར་བཏང་གི་འཚོ་བའི་ཟུར་ཙམ་ལས་སྤྱིར་བཏང་མ་ཡིན་པའི་མི་རིགས་ཤིག་གི་བསམ་བློ་དང་ལྟ་བ། འདུ་ཤེས། མནོ་བསམ། མཛེས་དཔྱོད་བཅས་གཞི་གཅིག་ཏུ་འདྲེས་པའི་དངོས་ཡོད་གཏམ་རྒྱུད་ཀྱི་གློག་བརྙན་ཞིག་ཡིན། གློག་བརྙན་འདི་ནི་ས་གནས་ནས་རྒྱལ་ནང་དང་རྒྱལ་ནང་ནས་རྒྱལ་སྤྱི་ལ་ཕྱོགས་པའི་བོད་ཀྱི་དགོན་སྡེའི་རིག་གནས་ཀྱི་འགྱུར་བ་མཚོན་པའི་གློག་བརྙན་ཞིག་ཡིན། འདི་ལས་མི་རིགས་ཤིག་གི་སྒེར་ཚུགས་ཀྱི་བསམ་བློ་དང་ལག་ལེན། རང་རྐྱ་འཕེར་བའི་སད་རྟོགས་དང་རྒྱང་ལྟ། ཐུན་མོང་གི་སྒྱུ་རྩལ་གྲུབ་ལུགས་དང་བགྲོད་ཕྱོགས་དུ་མ་མཚོན་འདུག 
          གསུམ་པ། བོད་སྐད་གློག་བརྙན་རྩོམ་རིག་གི་སྒྱུ་རྩལ་ཁྱད་ཆོས། 
          གློག་བརྙན་གླེང་དགོས་ན་སྒྱུ་རྩལ་གླེང་དགོས་ལ། སྒྱུ་རྩལ་ནི་འཚོ་བ་དང་འཚོ་བའི་བདེན་དོན་ལས་བྱུང་བའི་མིའི་བསམ་བློའི་མཛེས་རྩལ་མཐོ་ཤོས་ཤིག་ཡིན་པར་མ་ཟད། སྤྱི་མཐུན་གྱི་འཚོ་བའི་རླབས་རྒྱུན་ལ་འཚམ་པའི་ཆེས་ཡི་གར་འོང་བའི་བསམ་བློའི་ཟེགས་མ་རེ་རེ་དང་སྐྱུག་མེར་བའི་འཚོ་བའི་མུན་ནག་གི་དམྱལ་ཁམས་རེ་རེའང་ཡིན། གློག་བརྙན་གྱི་གཞུང་ལུགས་པ་པཱ་ལ་ཚི་ཡིས“གློག་བརྙན་སྒྱུ་རྩལ་གྱིས་འཛམ་གླིང་ཡུལ་གྲུ་སོ་སོའི་མི་དམངས་ཀྱི་འཚོ་བ་རོལ་སྟངས་དང་མཛེས་དཔྱོད་ལྟ་སྟངས། བསམ་བློའི་འཁྱེར་སོ་བཅས་ལ་ཤན་ཤུགས་དང་འཕོ་འགྱུར་ངེས་ཅན་ཞིག་ཐེབས་ངེས་པས། དེ་ནི་ས་ཆེན་གོ་ལའི་མིའི་རིགས་ཐེངས་དང་པོར་གཅིག་གྱུར་ཅན་དུ་བགྲོད་སྲིད་ལ། འཛམ་གླིང་གཅིག་བསྡུས་ཀྱི་ཁ་ཕྱོགས་སུའང་འགྱུར་སྲིད།”ཅེས་པ་ལྟར་གློག་བརྙན་སྒྱུ་རྩལ་ནི་རྩོམ་རིག་སྤྱིའི་སྒྱུ་རྩལ་ཁྲོད་དུ་ཆེས་མཛེས་སྡུག་གི་སྒྱུ་རྩལ་ཞིག་ཡིན་པས་གློག་བརྙན་གྱི་མིག་ལྟ་བུར་གྱུར་ཡོད། དེ་ཡང་བོད་ཀྱི་གློག་བརྙན་རྩོམ་རིག་ལའང་གློག་བརྙན་རྩོམ་རིག་སྤྱི་དང་ཆ་འདྲ་བའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་གསལ། 
          1. མི་རིགས་གྱི་སྒྱུ་རྩལ་ཁྱད་ཆོས། 
          བོད་ཀྱི་གློག་བརྙན་ཞེས་ལོགས་སུ་བཀར་བའི་རྒྱུ་རྐྱེན་ནི་དེ་ལ་ཐུན་མིན་གྱི་ཁྱད་ཆོས་དང་བརྗོད་དོན་ཡོད་པ་གཞིར་བྱས་པ་ལས་གྲུབ་པ་ཡིན། དེ་ལས་ཀྱང་རྩོམ་རིག་ལ་མེད་དུ་མི་རུང་བ་ནི་དེའི་མི་རིགས་རང་བཞིན་ཡིན་ཏེ། བོད་ཀྱི་གློག་བརྙན་རྩོམ་རིག་ཀྱང་དེ་ལས་མ་འདས་པར་ངོམ་ཆོག་ཆོག་གི་ཁྱད་ཆོས་འབུར་དུ་ཐོན་ཡོད། རྒྱའི་རྩོམ་པ་པོ་ཝང་ཀྲི་མེན་གྱིས“གློག་བརྙན་ཞིག་མི་རིགས་གང་གི་ཡིན་པར་དཔྱོད་དགོས་ཚེ་དེ་ནི་གློག་བརྙན་གྱི་གཞུང་རྩོམ་པ་པོ་དང་གློག་བརྙན་གྱི་བརྗོད་བྱ་ལ་ཐད་ཀར་འབྲེལ་བ་ཡིན།”ཅེས་པ་ལྟར་མི་རིགས་ཀྱི་གློག་བརྙན་དེ་མི་རིགས་རང་གི་ཁོར་ཡུག་དང་འཚོ་བ། མི་རིགས་རང་གི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་གཞི་བྱས་པའི་ཁོངས་ནས་འཚར་ལོངས་བྱུང་བ་ཞིག་ལ་བྱ། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནི་བོད་རང་གི་གློག་བརྙན་ཐོག་མ་ཡིན་སྟབས་མི་རིགས་རང་བཞིན་གྱི་གློག་བརྙན་ཞིག་ཡིན་པའང་སྨོས་མ་དགོས། མཚོ་སྔོན་པོའི་དྲ་ཚིགས་ཀྱི་གསར་འགོད་པས་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་བཅར་འདྲི་གནང་སྐབས་ཁོ་བོས་བཤད་རྒྱུར“ཁོ་བོའི་གློག་བརྙན་འདི་ལས་བོད་ཁུལ་འཇམ་ཅག་གེར་གྱི་འཚོ་བའི་ཁྲོད་སྲོལ་རྒྱུན་དང་དེང་རབས་རིག་གནས་བར་གྱི་འགལ་འདུ་དང་ཆོས་ལུགས་ཀྱི་རྨང་མཐུག་པའི་ཁོར་ཡུག་འོག་གི་མི་དང་མིའི་བར་གྱི་བརྩེ་སེམས། དེ་མིན་བོད་མིའི་ཆོས་ལུགས་ཀྱི་དད་པ་དང་སླད་མེད་ཀྱི་དང་བ་དེ་ཕལ་བའི་འཇིག་རྟེན་འདིར་མངོན་པ་ཡིན།”འདི་ལས་གློག་བརྙན་གྱིས་མཚོན་པའི་མི་རིགས་ཀྱི་རང་གཤིས་དེ་ར་སྤྲོད་བྱེད་ཐུབ་པ་ཡིན། དེ་མིན་བོད་ཀྱི་སྒྱུ་རྩལ་གློག་བརྙན་འཁྲབ་ཁྲིད་པ་ཞི་བདེ་ཉི་མའ《སྒྲོལ་མའི་མགུལ་རྒྱན》དང《རྟ་མགྲིན་དབང་མོ》སོགས་གློག་བརྙན་གང་མང་ཞིག་གིས་རྩོམ་རིག་གི་འགན་འཁྲི་དེ་བཞེས་ནས་བརྙན་གཟུགས་ཀྱི་སྒོ་མོ་ཕྱེ་ཡོད། 
          2. སྡེབ་དབྱངས་ཀྱི་སྒྱུ་རྩལ་ཁྱད་ཆོས། 
          མིའི་རིགས་ཀྱི་སྐད་བྱུང་བ་ནས་བཟུང་དབྱངས་ཀྱི་འགྲོས་ཀྱང་གྲུབ་ཟིན། དེ་ཡང་གློག་བརྙན་གྱི་སྡེབ་དབྱངས་ནི་འཛམ་གླིང་གློག་བརྙན་དབུ་བརྙེས་ནས་ལོ་བཞི་བཅུ་ཡས་མས་སུ་བྱུང་བ་རེད། 《གློག་བརྙན་རིག་པའི་མིང་མཛོད》ལས། “གློག་བརྙན་གྱི་སྡེབ་དབྱངས་ནི་གློག་བརྙན་གྱི་འཁྲབ་གཞུང་དེར་དམིགས་ནས་དེའི་བརྗོད་སྙིང་འབུར་དུ་ཐོན་ཆེད་བཟོས་པའི་གླུ་དབྱངས་ཀྱི་བརྩམས་ཆོས་ཡིན་ལ། དེ་ནི་གློག་བརྙན་རྩོམ་རིག་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན།”[8] ཅེས་པ་ལྟར་སྡེབ་དབྱངས་ནི་གློག་བརྙན་མཛེས་དཔྱོད་ཅན་དང་རིན་ཐང་ཅན། ཚད་ལྡན་ཅན་ཞིག་ཏུ་འགྱུར་བྱེད་ཀྱི་རམ་འདེགས་མེད་དུ་མི་རུང་བ་ཞིག་ཡིན། གློག་བརྙན་གང་ཞིག་གི་བརྗོད་དོན་དེར་གསལ་པོར་མཚོན་ཐབས་སུ་སྡེབ་དབྱངས་བཟོས་པ་ཡིན་པས། གློག་བརྙན་གྱིས་བཞེངས་བསྐྲུན་བྱས་པ་ལས་འཁྲབ་སྟོན་པའི་སྐད་ཆ་དང་སྐད་ཆའི་མཚོན་ཤུགས། སེམས་ཁམས་དང་སེམས་ཁམས་ཀྱི་འགྱུར་བག ལུས་ཀྱི་འགུལ་སྐྱོད་དང་ཐ་ན་མིག་གི་སྡེབ་སྟངས་སྙིང་གི་འཕར་རྩ་ལྡིང་སྟངས་ལ་སོགས་པར་སྡེབ་དབྱངས་ཀྱིས་གསོན་ཤུགས་རྒྱས་པར་བྱས་ཡོད། དེར་མཐུན་བོད་ཀྱི་གློག་བརྙན་ལའང་སྡེབ་དབྱངས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་འདི་དར་ཁྱབ་ཏུ་འགྲོ་བཞིན་པས། བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན《དབུས་ལམ་གྱི་ཉི་མ》ལས། ཉི་མས་རང་གི་ཨ་མ་རང་གི་ལག་ཉེས་སུ་སོང་བའི་ཡུལ་དངོས་དེ་མཐོང་མ་ཐག གློག་བརྙན་ལས་གྲང་ངར་གྱི་འུར་སྒྲ་དང་རྩའི་ཤུགས་སྒྲ དེ་མིན་སྐྱོ་བའི་གླུ་དབྱངས་ཀྱི་འགྲོས་ཞིག་ཀྱང་ངང་གིས་བཏང་བ་དེ་ཡིས་སྐབས་དེའི་ཡིད་སྐྱོ་བའི་རྣམ་པ་དེ་གསལ་ལེར་མངོན་ཐུབ་པ་དང་ལྟ་མཁན་དང་མྱོང་མཁན་གང་གིས་ཀྱང་སྡེབ་དབྱངས་འདི་དང་སྦྱར་བའི་དོན་དག་འདི་ལ་རོལ་མྱོང་བྱས་ཚེ་སྐྱོ་བ་དང་འཁུན་སྒྲས་ཁེངས་ཟིན་པ་ལས་དགའ་སྐྱིད་ཀྱི་ཚོར་བ་ཞིག་གཏན་ནས་ཡོད་མི་སྲིད། འདི་ལས་སྡེབ་དབྱངས་ནི་གློག་བརྙན་གྱི་སྲོག་ཡིན་ཅེས་པ་དེ་ར་སྤྲོད་བྱེད་ཐུབ་ངེས། གློག་བརྙན་གང་ཞིག་གི་བརྗོད་དོན་གསལ་པོར་མཚོན་པ་དང་བསྟན་དོན་གང་ཞིག་མཚོན་ཐབས་སུ་འཛིན་པ་ནི་སྡེབ་དབྱངས་དང་འབྲལ་ཐབས་མེད་པ་ཞིག་ཡིན། བོད་ཀྱི་འཁྲབ་ཁྲིད་པ་རྡོ་བྷ་ཡི་གློག་བརྙན《ས་སྲོད་ཀྱི་སྨྲེ་ངག》ལས། རྩྭ་ཐང་གི་རྩོད་གླེང་ལས་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་བསླངས་པ་དང་རིམ་གྱིས་ཤ་འཁོན་རྩོད་པའི་བར་མེད་ཀྱི་སྡང་སེམས་ཆགས་ནས“མི་ཚབ་ལ་མི་དང་སྲོག་ཚབ་ལ་སྲོག”ཅེས་པའི་གོམས་སྲོལ་དང་ཞེ་འཁོན་མི་རབས་དུ་མར་བརྒྱུད་པ་དེ་ཐ་མར་ཚེ་ལོས་རང་གི་གཅེས་སྲོག་འབེན་ལ་བཞག་ནས་དམར་འཛིང་གི་རྩྭ་ཐང་དེ་ལྷིང་འཇགས་དང་ཞི་བདེ་ཡི་རྩྭ་ཐང་ཞིག་ཏུ་འགྱུར་བར་རེ་སྨོན་དང་བཅས་རྩྭ་ཐང་དང་རིང་དུ་གྱེས། གློག་བརྙན་འདིས་ཞེ་སྡུག་ཅིང་ཡིད་ཕམ་པའི་རྣམ་པ་དེ་མཚོན་ཕྱིར་ཚེ་ལོའི་སྲོག་ཤོར་བ་དང་ཆབས་ཅིག་གློག་བརྙན་གྱི་རྒྱབ་ལྗོངས་སུ་གདུང་འབོད་ཀྱི་དབྱངས་རྟ་ཞིག་ཀྱང་བཏང་བ་དེས་སྐབས་ཐོག་གི་སྐྱོ་གདུང་ཅན་གྱི་སྣང་བརྙན་དེ་ཕྱིར་མཚོན་ནུས་པར་མ་ཟད་ལྟ་མཁན་ཉིད་ལའང་གློག་བརྙན་འདིའི་བརྗོད་བྱར་ངོས་ཟིན་ཟབ་མོ་ཞིག་ཐོབ་ངེས། སྡེབ་དབྱངས་ཀྱིས་གློག་བརྙན་གྱི་བརྗོད་བྱ་ཇེ་གསལ་དང་ཇེ་རྒྱས་སུ་གཏོང་བ་དང་མིའི་བློ་ཁ་རྒྱས་པར་ནུས་པ་ཆེ་ཆེར་བཏོན། སྡེབ་དབྱངས་ནི་གློག་བརྙན་གྱི་བརྙན་རིས་དང་བསྟུན་དགོས་པར་མ་ཟད་བརྗོད་དོན་དང་ཡང་འགལ་མི་རུང་། དེ་ལས་ལྡོག་ན་གློག་བརྙན་གྱི་སྒྱུ་རྩལ་ཞིག་ཏུ་བརྩི་བར་ཕར་ཞོག་གློག་བརྙན་སྤྱི་ལ་ར་མགོ་ལུག་སྦྱར་གྱི་ནུས་པ་ཐོན་སྲིད། 
          3. སྐད་ཆའི་སྒྱུ་རྩལ་ཁྱད་ཆོས། 
          རྩོམ་རིག་ནི་སྐད་དང་ཡི་གེར་བརྒྱུད་ནས་ཉམས་དང་ལྡན་པའི་སྒོ་ནས་སྤྱི་ཚོགས་ཀྱི་དོན་དངོས་དང་རྩོམ་པ་པོའི་ནང་སེམས་ཀྱི་བརྗོད་འདོད་པའི་ཡང་སྙིང་ཕྱིར་མཚོན་པ་དང་། དེ་མིན་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ། འཁྲབ་གཞུང་། གཏམ་དཔེ། བྱིས་སྒྲུང་ལ་སོགས་ཀྱང་རྩོམ་རིག་གི་དཔེ་མཚོན་ཅན་ཡིན་སྟབས། དེ་དག་གིས་ཀྱང་དུས་རབས་དང་སྤྱི་ཚོགས་འཚོ་བ་ངེས་ཅན་ཞིག་ཚུར་སྣང་དང་བརྒྱུད་སྤྲོད་བྱེད་པ་ཡིན། གློག་བརྙན་རྩོམ་རིག་འདིའང་རྩོམ་རིག་སྤྱིའི་ཆ་རྐྱེན་དང་མཐུན་པར་བརྙན་རིས་ཀྱི་སྒྱུ་རྩལ་ལ་བརྟེན་ནས་དངོས་ཡོད་འཚོ་བ་ཕྱིར་མཚོན་བྱེད་པའི་སྤྱི་ཚོགས་རང་བཞིན་གྱི་སྐད་ཆའི་བྱ་བ་ཞིག་ཡིན། “གློག་བརྙན་ནི་སྐད་ཆའི་རང་བཞིན་ཅན་ཞིག་ཡིན་ཀྱང་ཕལ་སྐད་དང་ཁྱད་པར་ཆེན་པོ་འདུག”ཅེས་པ་བཞིན། གློག་བརྙན་གྱི་སྐད་ཆ་ནི་སྒྱུ་རྩལ་གྱི་ཁྱད་ཆོས་ཅན་ཞིག་ཡིན་པས། རྒྱུན་ལྡན་གྱི་འཚོ་བའི་འབྲེལ་འདྲིས་ཁྲོད་བཀོལ་སྤྱོད་གནང་བཞིན་པའི་སྐད་བརྡ་ཙམ་མིན་པར་རྒྱལ་ཁབ་དང་མི་རིགས་ཤིག་གི་རྒྱུན་རིང་བའི་ལོ་རྒྱུས་ཀྱི་དཔང་རྟགས་དང་རིག་གནས་ཀྱི་སྐྱེ་འཆིའི་གནས་བབ་དེ་ཕྱིར་མཚོན་གྱི་སྒྱུ་རྩལ་གྱི་སྟེགས་བུ་ཞིག་ཡིན།  《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ལས། བན་དེ་ཕ་བུ་གཉི་གས་ཨ་མྱེས་བཟོད་པར་ལོ་སར་གྱི་འཚམས་འདྲི་བྱེད་ཞོར་དུ“རྒྱ་ལོའི་ཚེ་གཅིག་ལའང་མ་ཎྀ་བརྐོ་བཞིན་འདུག་གམ། ཨ་མྱེས་བཤད་རྒྱུར། ད་ལོབས་སོང་བ་རེད། མ་ཎྀ་མ་བརྐོས་ན་སེམས་ནས་སྟོངས་པ་ཞིག་རེད།”ཅེས་པའི་སྐད་ཆ་ཐུང་ངུ་འདི་ལས་ཨ་མྱེས་བཟོད་པ་རྡོ་ལ་མ་ཎི་བརྐོ་བར་གོམས་པ་ཙམ་མ་ཡིན་པར་ཁོང་གིས་དུས་ནམ་ཡང་རང་གི་རིག་གནས་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་པ་ཤུགས་ཀྱིས་མཚོན། གློག་བརྙན་རང་བཞིན་གྱི་སྐད་ཆ་དེ་འཁྲབ་གཞུང་ཆེད་རྩོམ་མི་སྣས་བསྲེག་བཅད་བརྡར་གསུམ་དང་ཡང་དག་པར་བཟོས་ནས་བརྙན་རིས་སུ་ཕབ་སྟོན་བྱས་ནས་ལྟ་མཁན་གྱི་མིག་གི་དགའ་སྟོན་དུ་ཕུལ་བ་ཡིན།  
          དབྱི་ཐ་ལེའི་གློག་བརྙན་གཞུང་ལུགས་པ་ཕཱ་སའོ་ལེས་ཉེ་ཡིས “གློག་བརྙན་གྱི་སྐད་ཆ་ནི་འགུལ་སྐྱོད་ཀྱི་བརྙན་རིས་དང་བརྙན་གཟུགས་ལ་བརྟེན་ནས་བྱུང་བ་ལས་རྒྱུན་ལྡན་གྱི་འབྲེལ་འདྲིས་བྱེད་ཡུལ་ཞིག་རྨང་དུ་བཟུང་བ་མིན།”ཞེས་པ་ལྟར། 《ཁྱི་རྒན》ཞེས་པའི་གློག་བརྙན་ལས་མཇུག་མཐར་རྒད་པོས་དབུགས་ཧལ་ཧལ་དང་ལྗིད་ཏིག་ཏིག་གི་གོམ་ཁ་གནམ་སའི་མཚམས་སུ་བསྲིངས་པ་དེ་སྐད་ཆས་ལམ་ནས་མཚོན་མེད་ནའང་བརྙན་རིས་དང་ཡུལ་ལྗོངས་ལ་བརྟེན་ནས་རང་ཁྱི་རང་གིས་བསད་པ་ནི་བོད་ཀྱི་མི་ཆོས་དང་ལྷ་ཆོས་ལ་མཐུན་པའི་སྲོལ་ཞིག་མིན་པ་བདེན་པར་བརྗོད། འོན་ཀྱང་། དེ་ནི་མཇུག་མཐའི་འཚོ་གནས་ཀྱི་གདམ་ཀ་དང་རྦད་ཆདོ་ཀྱི་སེམས་ཤུགས། མདུན་ནས་མདུན་དུ་བསྐྱོད་པ་ནི་རང་དབང་དང་འཆིང་གྲོལ་གྱི་ལམ་ཡིན་པ་དེ་ཤུགས་སུ་མཚོན། 
          མདོར་ན། བོད་ཀྱི་གློག་བརྙན་རྩོམ་རིག་ནི་དུས་རབས་ཀྱི་མངོན་རྟགས་སུ་འཆར་བའི་རིག་གནས་ནུས་རྩལ་ཞིག་ཡིན་ལ་མི་རིགས་ཤིག་གི་བསམ་བློའི་འཕེལ་རྒྱས་ཀྱི་གོམ་ཁ་མཚོན་བྱེད་ཅིག་ཀྱང་ཡིན། རིག་གནས་གསར་པ་ནང་འདྲེན་དང་རྒྱུན་འཛིན་བྱེད་པ་ནི་འུ་ཅག་གི་བཟློག་མེད་ཀྱི་འགན་འཁྲི་ཡིན་རྐྱེན་བོད་ཀྱི་གློག་བརྙན་རྩོམ་རིག་འདི་རྩོམ་རིག་སྤྱིའི་དགའ་ཚལ་ཁྲོད་ཀྱི་ནོར་བུ་ཞིག་གི་གནས་ཟིན་ཆེད་ཀུན་གྱིས་འབད་པར་རིགས་སོ།  །      
          ཟུར་བལྟའི་དཔྱད་གཞི།  
[1]李少白主编 . 中国电影史 [Z]. 北京:高等教育出版社,2013:1. 
[2][3][5]余琍萍,放一舟主编 . 影视文学 [Z]. 北京:北京理工大学出版 2012:3.7.25. 
[4](美)路易斯﹒贾内梯著,焦雄屏译 . 认识 电影 .2011:88. 
[6] ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1986:67. 
[7] བརྩམས། མི་རིགས་དཔེ་སྐྲུན་ཁང་།2009.7. P297
 [8]王志敏,陆嘉宁编著 . 电影学简明词典  [Z]. 北京:2011:84.

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1