པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག“བོད་ལུགས་གསོ་རིག་གི་ཕ་ཡུལ”དུ་ཕེབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-20


འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་བོད་ཀྱི་གསོ་རིག་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་བཞིན་པའི་རྣམ་པ་ཡིན་པ། 
       ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གློག་འཕྲིན་འབྱོར་གསལ། “ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག བོད་ལྗོངས་ཀྱི་བོད་ཀྱི་གསོ་རིག་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པས། བོད་ཀྱི་གསོ་རིག་བྱ་གཞག་རྒྱུན་འཛིན་དང་གོང་འཕེལ་བཏང་ནས། བོད་ལྗོངས་ཀྱི་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་ཕུལ་དགོས”ཞེས་ཟླ་8ཚེས་16ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་བོད་ཀྱི་གསོ་རིག་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་དང་བརྟག་ཞིབ་གནང་སྐབས་དེ་ལྟར་གསུངས།
     ལྷ་རི་རྫོང་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་ཀྱི་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་དུ་གནས་ཡོད། སྨུག་ཕྱིའི་འོད་ཟེར་འཕྲོ་ཤུགས་ཆེ་བ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས། དེ་གར་རྩི་ཤིང་གི་སྨན་ནུས་གསོག་འཇོག་མང་བ་དང་། སྐྱེ་དངོས་ཀྱི་ནུས་པ་མཐོ་བ། སྨན་སྤྱོད་རིན་ཐང་མཐོ་བ་བཅས་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ནས་6000བར་གྱི་རི་མཐོའི་གྲོག་རོང་དང་། གཡང་གཟར་བྲག་རི། ནགས་ཚལ་དང་སྡོང་ཕྲན་ནགས་རྫོབ་སོགས་ས་ཁུལ་དུ་སྨན་རྒྱུ་རྩ་ཆེན་མང་པོ་སྐྱེས་ཡོད། ཕུན་སུམ་ཚོགས་པའི་སྨན་རྫས་ཐོན་ཁུངས་ཀྱིས་ས་གནས་དེ་གའི་བོད་ཀྱི་གསོ་རིག་འཕེལ་རྒྱས་ལ་རྨང་གཞི་བཏིང་བ་དང་། ལྷ་རི་རྫོང་དུ་བོད་ཀྱི་གསོ་རིག་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་ཐོན་པས་མིང་དོན་མཚུངས་པའི“བོད་ལུགས་གསོ་རིག་གི་ཕ་ཡུལ”དུ་གྱུར་ཡོད།
     སྨན་བཅོས་འཕེལ་རྒྱས་ཀྱི་འགག་རྩ་ནི་ཤེས་ལྡན་མི་སྣ་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ཐོག་རྟེན་རྫས་བཤམས་མཛོད་ཁང་ནང་གི་རིགས་གཅིག་མཁས་ཅན་གྱི་སྒོ་བསྟེན་སྨན་བཅོས་ཁང་དང་རིག་གཞུང་འཆད་ཁྲིད་ཚོམས་ཆེན་དུ་ཕེབས་པ་རེད། རིག་གཞུང་འཆད་ཁྲིད་ཚོམས་ཆེན་ནང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སྒྲོག་ཙེའི་ཐོག་གི་སློབ་མའི་ཟིན་བྲིས་བླངས་ནས་ནན་ཏན་ངང་གཟིགས་པ་རེད། དེ་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་སྨན་རྒྱུ་ཚོམས་ཆེན་དང་། བོད་ཀྱི་གསོ་རིག་ཡོ་བྱད་འགྲེམས་ཁང་། སྨན་རྫས་མ་དཔེ་ཁང་། བྱང་ཐང་གྲགས་ཅན་སྨན་པའི་རྒྱུན་འཛིན་ངོ་སྤྲོད་ཚོམས་ཆེན། བོད་ཀྱི་གསོ་རིག་གནའ་ཤུལ་སྨན་གཞུང་ཚོམས་ཆེན། སྨན་རྩིས་ཐང་གའི་ཚོམས་ཆེན། གནམ་རིག་སྐར་རྩིས་ཁང་སོགས་ལ་གཟིགས་སྐོར་དང་བརྟག་ཞིབ་གནང་བ་རེད། ལྷ་རི་རྫོང་སྨན་རྩིས་ཁང་གི་རིགས་གཅིག་མཁས་ཅན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་ལྷ་རི་རྫོང་གི་བོད་ཀྱི་གསོ་རིག་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ཚུལ་དང་དེ་བཞིན་འགྲེམས་སྟོན་བྱས་པའི་རིག་དངོས་རིགས་ཁག་གི་རྩ་ཆེའི་འགྲེམས་རྫས་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།
     སྲོལ་རྒྱུན་གྱི་བོད་ཀྱི་གསོ་རིག་གི་གཅེས་ནོར་དག་ལྷ་རི་རྫོང་བོད་ཀྱི་གསོ་རིག་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ནས་སྔར་བས་ཕུན་སུམ་ཚོགས་པོ་མངོན། ལྟ་སྐོར་དང་བརྟག་དཔྱད་ཞིབ་འཇུག་གནང་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལྷ་རི་རྫོང་སྨན་རྩིས་ཁང་གི་རིགས་གཅིག་མཁས་ཅན་དང་སྤེལ་རེས་གནང་ནས་འགྲེམས་ཁང་གི་བོད་ཀྱི་གསོ་རིག་གི་སྲོལ་རྒྱུན་སྨན་བཅོས་ཡོ་བྱད་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། གནའ་བོའི་གསོ་རིག་གི་དཔེ་དེབ་ལ་ཞིབ་པར་གཟིགས་པ་དང་རྒྱུད་བཞིའི་གསོ་རིག་ཐང་གར་གཟིགས་གནང་བ་རེད། དེས་མ་ཟད་ད་དུང་བོད་ཀྱི་གསོ་རིག་གི་རིགས་གཅིག་མཁས་ཅན་རྣམས་ལ་རེ་བ་ནན་མོ་བཏོན་ཡོད་པ་སྟེ། ལྷ་རི་རྫོང་གིས་བོད་ཀྱི་གསོ་རིག་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དྲིལ་བསྒྲགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་དེ་བས་མང་བས་བོད་ཀྱི་གསོ་རིག་གི་འོད་སྟོང་འབར་བའི་རིག་གནས་ཤེས་རྟོགས་ཐུབ་པ་བྱེད་དགོས་པ་དང་། རིག་དངོས་ཀྱི་ནང་དོན་སྔར་བས་གསལ་འགྲེལ་བྱས་ཏེ་ཡུལ་སྐོར་བའི་ཉམས་ལེན་རང་བཞིན་དང་མཉམ་འགུལ་རང་བཞིན་ཆེ་རུ་གཏོང་དགོས། བོད་ཀྱི་གསོ་རིག་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་སྟོན་ཕྱོགས་ཁོང་དུ་ཆུད་པ་དང་། རིག་གཞུང་ལ་གཞི་ཚུགས་པ། རྒྱུན་འཛིན་ལ་དམིགས་པ་བཅས་བྱེད་དགོས། བྱ་ཐབས་སྣ་མང་སྤྱད་དེ་བོད་ཀྱི་གསོ་རིག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། 
     ལྷ་རི་རྫོང་གི་བོད་ཀྱི་གསོ་རིག་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དེ་2015ལོར་བཙུགས་པ་དང་། དེ་མིག་སྔའི་བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན་གྱི་བོད་ཀྱི་གསོ་རིག་ནང་དོན་སྟོན་པའི་ཕྱོགས་བསྡུས་རྣམ་པའི་རྫོང་རིམ་པའི་རྟེན་རྫས་བཤམས་མཛོད་ཁང་གཅིག་པུ་དེ་ཡིན་པ་རེད། ཁྱོན་སྲོག་ཆགས་དང་། རྩི་ཤིང་། གཏེར་རྫས་བཅས་ཀྱི་དངོས་དཔེ་2000ལྷག་ཙམ་འགྲེམས་སྟོན་བྱས་ཡོད་པ་དང་། བོད་ཀྱི་གསོ་རིག་གི་འགེལ་རིས་80དང་གནམ་རིག་སྐར་རྩིས་ཀྱི་འགེལ་རིས་20ལྷག་ཙམ། སྲོལ་རྒྱུན་གྱི་བོད་ཀྱི་གསོ་རིག་གི་ཕྱི་ནད་ཚན་ཁག་གི་ཡོ་བྱད་350ལྷག་ཙམ(ལོ་1300ཡི་ལོ་རྒྱུས་ལྡན་པའི་)གནའ་གཞུང་དང་ཚད་ལྡན་ཡིག་ཆ་1000ལྷག་ཙམ་བཅས་འགྲེམས་སྟོན་བྱས་ཡོད་པ་རེད། དེའི་ནང་སྨན་ཐང་ཡོ་བྱད་འགྲེམས་ཁང་དུ་འགྲེམས་སྟོན་བྱས་པའི་ཐང་ག་380ལྷག་ཙམ་ནི་གསོ་རིག་ལོ་རྒྱུས་ཐོག་མཐོང་དཀོན་པའི་རྩ་ཆེའི་རིག་དངོས་ཡིན་པ་དང་ལྷ་རི་རྫོང་སྨན་རྩིས་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་སྨན་གཉིས་ལ་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་ཅུས་ཀྱི་ཁེ་བེད་བདག་ཐོབ་ཐོབ་ཡོད་པ་དང་བོད་སྨན་རིགས་གཉིས་ལ་རྒྱལ་ཁབ་ཀྱི་སྨན་རྫས་འཐུས་རྟགས་རེ་ཞུ་བྱེད་བཞིན་ཡོད་པ་རེད།

འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་རིག་གཞུང་འཆད་ཁྲིད་ཚོམས་ཆེན་དུ་སློབ་མའི་ཟིན་བྲིས་ལ་གཟིགས་གནང་བའི་རྣམ་པ་ཡིན་པ།


འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བོད་ཀྱི་གསོ་རིག་ཡོ་བྱད་ལ་གཟིགས་ཞིབ་གནང་བཞིན་པའི་རྣམ་པ་ཡིན་པ།

འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བོད་ཀྱི་གསོ་རིག་གི་ཚད་ལྡན་ཡིག་ཆ་ལྟ་ཀློག་གནང་བཞིན་པའི་རྣམ་པ་ཡིན་པ།


འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་བརྙན་ལ་མཇལ་དར་བསྒྲོན་བཞིན་པའི་རྣམ་པ་ཡིན་པ།

འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བོད་ཀྱི་གསོ་རིག་དཔེ་རྙིང་ནན་ཏན་ངང་ལྟ་ཀློག་གནང་བཞིན་པའི་རྣམ་པ་ཡིན་པ།

འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བོད་ཀྱི་གསོ་རིག་གི་འགེལ་རིས་ལ་གཟིགས་ཞིབ་གནང་བཞིན་པའི་རྣམ་པ་ཡིན་པ།

http://tibet.people.com.cn/15821403.html 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1