ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་ཁྲོན་བོད་ལྕགས་ལམ་བཟོ་འགོ་ཚུགས་ཡོད་པས། ཁྲོན་ནུབ་ས་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་རྒྱུ་རེད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-08


ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ལམ་ཐིག་དཔེ་རིས།

              སྤྱི་ཟླ་12པའི་ཚེས་6ཉིན། ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་སྤྱི་གཉེར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་ཁྲོན་བོད་ལྕགས་ལམ་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད་ལ། འདིས་ནི་དུས་ཡུན་རིང་བོར་ཁྲོན་ནུབ་ས་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་མཚོན་ཡོད། ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་ཁྲོན་བོད་ལྕགས་ལམ་དེ་ཁྲེན་ཕུའུ་ལྕགས་ལམ་གྱི་ཁྲའོ་དབྱང་མཚོ་ས་ཚུགས་ནས་འགོ་བརྩམས་ཏེ། རི་ལུང་མང་པོ་བརྒལ་ནས་གཡག་རྔ་ལ་ཐོན་གྱི་ཡོད་ལ། སྤྱིའི་ལམ་ཐག་ལ་སྤྱི་ལེ་42ཡོད། ལྕགས་ལམ་འདི་འཛུགས་སྐྲུན་བྱས་ཚར་རྗེས། ཁྲེན་ཏུའུ་ནས་གཡག་རྔ་བར་དུ་ལྕགས་ལམ་འགྲིམ་འགྲུལ་ལེགས་པོ་ཞིག་ཆགས་ཤིང་། མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཏེ། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། མ་འོངས་པའི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་ཐད་དུ་ཡང་དོན་སྙིང་གལ་ཆེན་ལྡན་ཡོད།

              ཁྲེན་གཡག་ལྕགས་ལམ་ནི་ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་སྤྱི་གཉེར་ཁང་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱིས་མཉམ་དུ་མ་དངུལ་སྒོར་དུང་ཕྱུར་41.65བཏང་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན་ལ། ལུའུ་ཧྲན་ས་འགུལ་བྱུང་རྗེས་ཡང་བསྐྱར་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་ཞིག་ཡིན། ལྕགས་ལམ་འདི་ནི་རིམ་པ་དང་པོའི་ལམ་ཐིག་གཉིས་ཅན་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ་ཡིན་ལ། ཇུས་འགོད་བྱས་པ་ལྟར་ན། འདིའི་མགྱོགས་ཚད་ལ་སྤྱི་ལེ་160དང་འཛུགས་སྐྲུན་བྱེད་པའི་དུས་ཡུན་ལོ་3དང་ཕྱེད་ཀའི་རིང་ཡིན། སྐྱེལ་འདྲེན་ནུས་པ་ནི་ཉིན་རེར་འགྲུལ་འཁོར་ཆ་65དང་། ལོ་རེར་དངོས་ཟོག་ཏུན་ཁྲི་1500སྐྱེལ་འདྲེན་བྱ་རྒྱུའི་འཆར་གཞི་ཡོད།

              ཁྲེན་གཡག་ལྕགས་ལམ་འཛུགས་སྐྲུན་གྱིས་མགྱོགས་མྱུར་ངང་སི་ཁྲོན་ཞིང་ཆེན་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་པར་ཕན་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཁྲོན་ནུབ་ས་ཁུལ་གྱི་གྲོང་རྡལ་གཙོ་བོ་གཡག་རྔ་ཡི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་ཕན་པ་ཡོད། དེ་མིན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་ཐད་དུ་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད། །


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1